བསྡོམས་རྩིས་གྲངས་གཞི་གསར་ཤོས་ལས་མངོན་པར། མིག་སྔའི་བར། མཚོ་སྔོན་ཞིང་ཆེན་རྨ་སྟོད་རྫོང་དུ་བརྒྱབ་པའི་ས་ཡོམ་རིམ་པ7.4བརྒྱབ་པའི་ཁྲོད་ཁྱོན་མི17ལ་རྨས་སྐྱོན་ཆུང་ངུ་ཕོག་ཡོད་པ་དང་། རྨ་ཆུ་ཤང་དུ་སྡོད་ཁང་625དང་ཕྱུགས་ལྷས་7ལ་གཏོར་སྐྱོན་ཐེབས་ཡོད་པ། མཚོ་སྐྱ་རེངས་ཤང་དུ་སྡོད་ཁང་2དང་ཕྱུགས་ལྷས་1རྡིབ་པ། རྨ་ཕྲ་ལི་གྲོང་རྡལ་དུ་ཕྱུགས་ལྷས་30རྡིབ་པ། མཛོ་རྒན་རྭ་བ་གྲོང་རྡལ་དུ་སྡོད་ཁང་16རྡིབ་ཡོད་ཅིང་། ཞིབ་ཕྲའི་གྱོང་གུན་ཕོག་ཚུལ་ད་དུང་སྔར་བས་ཞིབ་བཤིར་བྱེད་བཞིན་ཡོད་པ་རེད། སྤྱི་ཚེས22ཉིན་གྱི་ཕྱི་དྲོའི་ཆུ་ཚོད་6པ་བར་དུ། རྨ་སྟོད་རྫོང་གིས་ཁྱོན་མི་ཁྲི་2གནས་སྤོ་བཀོད་སྒྲིག་བྱས་ཡོད་པ་དང་། སློབ་གྲྭ་དང་། སྨན་ཁང་། རྒན་གསོ་ཁང་སོགས་སུ་འཕྲུལ་སྒྲུབ་རོགས་སྐྱོབ་གུར་370བསྐྲུན་ཡོད། སྡེ་ཁག་མང་པོས་རང་འགན་རང་འཁུར་བྱས་ཏེ། གློག་ཤུགས་དང་། འགྲིམ་འགྲུལ། འཕྲིན་གཏོང་ཤར་གཏོང་། འཐུང་ཆུའི་བདེ་འཇགས་བཅས་འགན་ལེན་ཏན་ཏིག་བྱས་ནས། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སྲུང་སྐྱོང་བྱས་ཡོད་པ་རེད།