འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་ཡོངས་སྲིད་གྲོས་ཀྱིས་སྤྱི་ཚེས་24ཉིན“དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད”ཅེས་པའི་ཆེད་དོན་གྲོས་མོལ་ཚོགས་འདུ་པེ་ཅིང་དུ་སྐོང་འཚོགས་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་ཡོད་པ་རེད།
ཁོང་གིས། དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་ནི་ཀྲུང་གོ་གུང་ཁྲན་ཏང་གི་སྲིད་འཛིན་དམིགས་ཡུལ་གྱི་གཅིག་སྡུད་མཚོན་ཚུལ་ཞིག་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ནང་གནས་ཀྱི་བླང་བྱ་ཞིག་རེད།
གྲོང་གསེབ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་དེར་གོ་བ་ནན་ཏན་བླངས་ཐོག ཡུལ་བབ་དང་བསྟུན་པ་དང་བརྟན་ཐོག་ཡར་འཕེལ་ཡོང་བ་བྱས་ནས། ཞིང་ལས་སྟོབས་ཆེར་གཏོང་བ་དང་། གྲོང་གསེབ་མཛེས་སྡུག་ལྡན་པ། ཞིང་པ་ཕྱུག་འགྱུར་བཅས་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་གོང་འཕེལ་གྱི་ཧེ་བག་མུ་མཐུད་ཆུང་དུ་གཏོང་བ། གཞི་ཁྱོན་ལྡན་པའི་དབུལ་ལོག་མི་ཐེབས་པའི་མཐའ་ཚད་མཐའ་གཅིག་ཏུ་སྲུང་བ་བཅས་བྱས་ནས། མི་དམངས་ཡོངས་ལ་སྒྱུར་བཅོས་དང་གོང་འཕེལ་གྱི་གྲུབ་འབྲས་ལོངས་སུ་སྤྱོད་དུ་འཇུག་དགོས་ཞེས་ནན་སྟོན་གནང་ཡོད།
ཐེངས་འདིའི་ཆེད་དོན་གྲོས་མོལ་ཚོགས་འདུ་དེ་མཉམ་འགུལ་གྲོས་མོལ་གྱི་རྣམ་པ་སྤྱད་ཡོད་པ་དང་། རྒྱལ་ཡོངས་དང་། ཞིང་ཆེན། གྲོང་ཁྱེར། རྫོང་བཅས་རིམ་པའི་སྲིད་གྲོས་ཨུ་ཡོན་100ལྷག་ཙམ་གྱིས་རྒྱལ་ཡོངས་སྲིད་གྲོས་ལས་ཁུངས་ཀྱི་ཚོགས་ར་གཙོ་བོ་དང་ཀུའེ་ཀྲོའུ་དང་ཡུན་ནན་ཡན་ལག་ཚོགས་རའི་ནང་ཞུགས་པ་དང་། ཨུ་ཡོན་དང་། རིགས་གཅིག་མཁས་པ། གཞི་རིམ་གྱི་འཐུས་མི་བཅས་28ཀྱིས་ཚོགས་འདུ་ཚོགས་སའམ་ཡང་ན་བརྙན་ལམ་སྦྲེལ་མཐུད་ཀྱི་རྣམ་པའི་ཐོག་ནས་གཏམ་བཤད་སྤེལ་བ། ཨུ་ཡོན་140ཙམ་གྱིས་སྒུལ་བདེའི་འགན་ནུས་སྒྲུབ་པའི་ལས་སྟེགས་བརྒྱུད་བསམ་འཆར་བཏོན་ཡོད་པ་རེད། ཨུ་ཡོན་ཚོས། ཐོན་ལས་ཀྱི་རྩ་བ་འདིར་དམིགས་ཏེ། གྲོང་གསེབ་ཀྱི་ཐོན་ལས་གོང་འཕེལ་གྱི་འཆར་འགོད་ཡག་པོ་བཟོ་བ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ལས་དོན་ཡག་པོ་སྒྲུབ་པ། ཤེས་ལྡན་པའི་འགག་རྩ་དམ་འཛིན་བྱེད་པ། སྒྱུར་བཅོས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ། ཤར་ནུབ་རྒྱུད་ཀྱི་མཉམ་ལས་དང་ཁ་གཏད་རོགས་སྐྱོར་གྱི་ལམ་སྲོལ་བེད་སྤྱོད་ཡག་པོ་གཏོང་བ་བཅས་བྱས་ནས། བཟང་ཆ་གསབ་རེས་དང་ཐུན་མོང་གོང་འཕེལ་དེ་བས་ཡག་པ་ཡོང་བ་བྱེད་དགོས་པའི་གྲོས་འགོ་བཏོན་ཡོད་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཚོགས་འདུར་ཞུགས་པ་དང་འབྲེལ་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་ཡོད། ཁོང་གིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱས་ཐོག དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱ་རྒྱུར་སྐུལ་འདེད་བཏང་ནས། ལས་དོན་དང་། ལམ་སྲོལ། སྲིད་ཇུས། ལས་ཁུངས་དཔུང་ཁག་བཅས་བརྟན་པོའི་ངང་བར་བརྒལ་ཐུབ་པ་བྱེད་པ་དང་། དབུལ་སྒྲོལ་ས་ཁུལ་གོང་འཕེལ་དང་མང་ཚོགས་ཀྱི་འཚོ་བ་ལེགས་སུ་འགྲོ་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད་པ་རེད།
ཀྲང་ཆིང་ལིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། དབྱང་ཁྲོན་ཐང་གིས་ཚོགས་འདུའི་ཐོག་གཏམ་བཤད་གནང་ཡོད་པ་རེད། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ལས་ཁུངས་དང་ཚན་པའི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ནས་བསམ་འཆར་དང་གྲོས་འགོ་གསན་པ་དང་། ཨུ་ཡོན་དང་ཕན་ཚུན་སྤེལ་རེས་གནང་ཡོད་པ་རེད།