[གནད་བཏུས] འདིར་དགེ་རྒན་སྤྱི་དང་ཁྱད་པར་དུ་སྐད་ཡིག་དགེ་རྒན་ཞིག་གི་ཀུན་སློང་དང་། ཀུན་སྤྱོད། ཡོན་ཏན། ཁྲིད་ཐབས། རང་འགུལ་བཅས་ཆ་ལག་ལྔ་བོའི་འཇུག་ལྡོག་དགེ་སྐྱོན་བསྟན་ཡོད།
[གནད་ཚིག] སྐད་ཡིག བྱང་ཚད། དགེ་རྒན།
གཅིག ཀུན་སློང་བཟང་བོ་ཞིག་ཡོད་དགོས།
སྤྱིར་འགྲོ་བ་མིའི་མཆོག་དམན་དང་བཟང་ངན་ནི་དང་པོ་བསམ་པའི་ཀུན་སློང་བཟང་ངན་ལ་རག་ལས་ལ། ཁྱད་པར་དུ་དགེ་རྒན་གྱི་བཟང་ངན་ནི་བསམ་པའི་ཀུན་སློང་བཟང་ངན་ལ་དངོས་སུ་རག་ལས་པ་བཤད་མ་དགོས་པ་ཞིག་རེད། བསམ་པའི་ཀུན་སློང་བཟང་ངན་ཞེས་པ་ཡང་ངོ་བོའི་ཆ་ནས་དགེ་མི་དགེ་ལུང་མ་བསྟན་གསུམ་དུ་ཡོད་པ་ལས། མཐའ་གཅིག་ཏུ་སློབ་མ་ཀུན་ལ་ཕན་འདོགས་པའི་བསམ་པས་སློབ་ཁྲིད་ལ་འགྲོ་བ་ནི་དགེ་བའི་ཀུན་སློང་དང་། སློབ་གྲྭའི་སྒྲིག་ལམ་ལ་འགལ་བར་དོགས་པའམ་ཆད་པ་ལ་སྐྲག་པ་དང་མགོ་ཁྲིད་ཀྱི་སྐྱོན་བརྗོད་ལ་སུན་ནས་སློབ་ཁྲིད་ལ་འགྲོ་བ་ནི་འཇིགས་སྐྱོབ་ཀྱི་བསམ་པ་དང་། རང་ཉིད་ཀྱི་སྙན་གྲགས་དང་དགའ་རྟགས། ལས་ཐོབ་སོགས་དོན་གཉེར་གྱི་ཆེད་དུ་སློབ་ཁྲིད་ལ་འགྲོ་བ་ནི་ལེགས་སྨོན་བསམ་པ་སྟེ་ཀུན་སློང་མི་དགེ་བ་ཡིན་པས་སྤང་བར་བྱ་དགོས་ལ། བསམ་བྱ་དྲན་བྱ་ཅི་ཡང་མེད་པར་དགེ་རྒན་གཞན་སློབ་ཁྲིད་ལ་འགྲོ་ན་རང་ཡང་འགྲོ་བ་གོམས་སྲོལ་ལྟ་བུར་ཆགས་ནས་སློབ་ཁྲིད་ལ་འགྲོ་བ་ནི་ལུང་མ་བསྟན་དུ་སོང་བས་ཀུན་སློང་འདིའི་རིགས་བཅོས་ཏེ་དགེ་བར་བསྒྱུར་དགོས་སོ། །
དེ་ཡང་དུས་ཀྱི་ཆ་ནས་ཞུས་ན། དགེ་རྒན་ལ་སྐབས་རེར་ཀུན་སློང་བཟང་བོ་ཡོད་ལ་སྐབས་རེར་མེད་ན་མི་ཆོག་སྟེ། དགེ་རྒན་ལ་ལའི་བསམ་པའི་ཀུན་སློང་ནི་ཐུན་མགོར་བཟང་ཡང་ཐུན་བར་དང་ཐུན་མཇུག་ཏུ་ཇེ་ངན་ཇེ་བཙོག་ཏུ་འགྱུར་འགྲོ་བ་དང་། དེ་བཞིན་ཉི་མ་རེ་དང་གཟའ་འཁོར་རེ། ཟླ་བ་རེ་དང་སློབ་སྐབས་རེ། ལོ་རེ་དང་མི་ཚེ་གང་བོར་བཟང་ངན་གྱི་འགྱུར་ལྡོག་ཧ་ཅང་ཆེ། དེ་བས་དགེ་སློབ་གཉིས་ལ་འབྲས་བུ་ཐོབ་པ་ཡང་བསམ་པ་བཟང་ངན་གྱི་རྗེས་སུ་འཇུག་ལྡོག་ཁོ་ན་བྱེད།
ཡང་མི་ལ་ལའི་བསམ་པའི་ཀུན་སློང་ནི་ཁོར་ཡུག་གམ་མི་དང་བསྟུན་ནས་བཟང་ངན་གྱི་འགྱུར་ལྡོག་ཤིན་ཏུ་ཆེ། དཔེར་ན། མགོ་ཁྲིད་དང་ལས་གྲོགས་སོགས་དགའ་བོ་ཞིག་རེད་སྙམ་པ་དང་འཕྲད་ན་རང་གི་བསམ་པའི་ཀུན་སློང་ཡང་བཟང་ཞིང་མགོ་ཁྲིད་དང་ལས་གྲོགས་སོགས་ངན་པ་དང་འཕྲད་ན་དེ་མ་ཐག་བསམ་པའི་ཀུན་སློང་ཇེ་བཙོག་ཏུ་བུད་འགྲོ་བ་རེད།
ཡང་དགེ་རྒན་ལ་ལ་ཞིག་གི་བསམ་པའི་ཀུན་སློང་ནི་བྱ་བ་ཡང་མོ་དང་འོས་མོ་ལ་འཕྲད་ན་བཟང་ཞིང་བྱ་བ་ལྗིད་མོ་དང་དཀའ་མོ་ལ་འཕྲད་ན་ཇེ་སྡུག་ཏུ་ལོག་འགྲོ་བ་རེད། དེ་དག་ནི་དགེ་རྒན་ལ་བྱ་བའི་ཐོག་མཐའ་བར་གསུམ་དུ་བསམ་པའི་ཀུན་སློང་བཟང་བོ་ཞིག་གཏན་ནས་མ་སྐྱེས་པ་མ་ཡིན་ལ། བསམ་པའི་ཀུན་སློང་བཟང་བོ་སྐྱེས་པ་དེ་བརྟན་པོ་མིན་པས་རྐྱེན་དང་འཕྲད་ན་དེ་མ་ཐག་ཉམས་སླ་བའི་གནད་དོན་བྱུང་བ་རེད། དེ་བས་དགེ་རྒན་ཞིག་ཡིན་ན་སློབ་ཁྲིད་རེ་རེ་ནི་སློབ་མ་དག་ལ་ཕན་གདགས་པར་བྱའོ་སྙམ་པའི་ཐུན་མགོའི་བསམ་པ་བཟང་བོ་ནས་དངོས་གཞི་སློབ་ཐུན་རེའི་ཀུན་སློང་བཟང་བོ་དང་མཇུག་ཏུ་བསམ་པའི་ཀུན་སློང་བཟང་བོ་མ་སྐྱེས་པ་རྣམས་སྐྱེས་པ་དང་། སྐྱེས་པ་ཉམས་པ་མེད་པ། མི་ཉམས་གོང་ནས་གོང་དུ་འཕེལ་བར་བྱ་དགོས་པ་མ་ཟད། སློབ་ཐུན་རེར་དགེ་སློབ་ཟུང་གིས་ལག་ལེན་དུ་གདབ་དགོས་ངེས་ཀྱི་ཐོག་མའི་བྱ་བ་ཞིག་ཏུ་འཁུམས་སོ། །
ཡང་གཅིག་ཞུས་ན། དགེ་རྒན་ཞིག་ཡིན་ན། རང་གི་སློབ་མ་ཡོངས་ལ་ཕན་ཅིས་ཀྱང་གདགས་པར་བྱའོ་སྙམ་པའི་ཀུན་སློང་བཟང་བོ་མ་སྐྱེས་པ་རྣམས་སྐྱེས་པ་དང་། སྐྱེས་པ་ཉམས་པ་མེད་པ། གོང་དུ་འཕེལ་མ་ཐུབ་ན། ནམ་རྒྱུན་སུ་ཞིག་གིས་རང་གི་བསམ་པ་བཟང་ངོ་ཞེས་ཇི་ལྟར་བརྗོད་ཀྱང་དོན་གྱིས་དགེ་རྒན་གྱི་གཟུགས་བརྙན་ཙམ་དུ་འགྱུར་བ་ཡིན་ལ། དེ་དག་ནི་ཕྱི་ཚུལ་གྱི་རྣམ་པ་ཇི་ལྟར་ལེགས་ཀྱང་སྒྲིག་ལམ་བརྩི་སྲུང་བྱེད་པའི“འཕྲུལ་མི”ཞིག་ལས། ནང་དོན་གྱི་སྒྲིག་ལམ་བརྩི་བའི“དོན་མི”ཞིག་དང་བར་ཐག་ཧ་ཅང་རིང་ངོ་། །
རྗེ་ཙོང་ཁ་པའི་ཞལ་ནས།“དཀར་ནག་ལས་རྣམས་བསམ་པ་བཟང་ངན་ལགས། ། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། ། བསམ་པ་དམན་ན་ས་དང་ལམ་ཡང་དམན། ། ཐམས་ཅད་བསམ་པ་དག་ལ་རག་ལས་པས། །”①ཞེས་དང་། ཀུན་མཁྱེན་འཇིགས་མེད་གླིང་པའི་ཞལ་ནས་ཀྱང་།“རྩ་བ་སྨན་དུ་མཆིས་ན་མྱུ་གུའང་སྨན། ། རྩ་བ་དུག་ཡིན་མྱུ་གུ་སྨོས་ཅི་དགོས། ། བསམ་པ་དགེ་དང་མི་དགེའི་འཕེན་བྱེད་ལས། ། དགེ་སྡིག་གཟུགས་བརྙན་ཆེ་ཆུང་རྗེས་མི་འགྲོ། །”②ཞེས་གསུངས་པ་ལྟར། འཇིག་རྟེན་གྱི་བྱ་བ་ཕྲ་རགས་ཡོད་ཚད་ཀྱི་སྔོན་དུ་ཀུན་སློང་བཟང་བོ་ཅིས་ཀྱང་འགྲོ་དགོས་ན་དགེ་རྒན་གྱི་བྱ་བ་ལའང་སྨོས་མ་དགོས་སོ། །
གཉིས། ཀུན་སྤྱོད་བཟང་བོ་ཞིག་ཡོད་དགོས།
དགེ་རྒན་ལ་མཐའ་གཅིག་ཏུ་སློབ་མར་ཕན་གདགས་སྙམ་པའི་བསམ་པའི་ཀུན་སློང་བཟང་བོ་ཞིག་དགོས་པ་ནི་གོར་མ་ཆག་ཀྱང་། རང་གིས་རང་གི་བསམ་པ་བཟང་ཞེས་པ་ཙམ་ལས་བསམ་པ་བཟང་བོའི་རྟགས་དང་མཚན་མ་སོ་སོའི་ཕྱིའི་ལུས་ངག་གི་རྣམ་འགྱུར་ལས་ཅི་ཡང་མ་མངོན་ན་བསམ་པ་བཟང་བས་མི་བཟང་བོ་ཞིག་ཏུ་བརྩི་ཆོག་ཀྱང་། དགེ་རྒན་བཟང་བོ་ཞིག་ལ་གཏན་ནས་རྩི་མི་ཐུབ་བོ། །
དེ་ཡང་ཀུན་སྤྱོད་བཟང་བོ་ཞེས་པ་དེ་སློབ་ཐུན་དེར་གོན་པ་ཚད་ལྡན་རེ་གོན་ཞིང་། སྐད་ཆ་ཚད་ལྡན་རེ་བཤད་པས་མི་ཆོག་པར་ནང་བསམ་པའི་ཀུན་སློང་བཟང་བོ་དང་མཐུན་པའི་སྐད་ཆ། སྐད་ཆ་ཡག་པོ་དང་མཐུན་པའི་ཀུན་སྤྱོད་རྣམ་དག་ཅིག་ཕྱི་ལུས་ངག་གི་རྣམ་འགྱུར་ལས་ཅིས་ཀྱང་མངོན་དགོས་སོ། ། ཀུན་སྤྱོད་བཟང་བོ་ཞེས་པ་དེ་ནི་སློབ་མའི་རྒྱུད་ལ་མི་ཚེ་གང་བོར་བག་ཆགས་བཟང་བོ་ཡོད་པའི་སྤྱོད་ལམ་ཞིག་ལ་ཟེར་གྱི། དེ་ཡང་གནས་ཀྱི་མཆོག་དམན་དང་། དུས་ཀྱི་ཡག་བཙོག་དང་། མི་ཡོད་མེད་ཀྱི་ཁྱད་པར་ལ་མ་ལྟོས་པར། དགེ་རྒན་རང་ཉིད་ཀྱི་ཁྱིམ་དང་། སྲང་ལམ། སློབ་ཁང་། ཚོགས་ཁང་། སྤྱོད་ཁང་། ཇ་ཁང་སོགས་གནས་གང་ན་ཡོད་ཀྱང་། ལས་ཚོགས་དང་གནང་བ་གང་གི་སྐབས་ཡིན་ཡང་། སྐྱེ་བོ་ཕོ་མོ་སྐྱ་སེར་དཔོན་འཁོར་གང་ལ་འཕྲད་ཀྱང་རང་གི་ལུས་ངག་ཡིད་གསུམ་ཆུན་གཅིག་ཏུ་དྲིལ་ནས་མཐའ་གཅིག་ཏུ་ཀུན་སྤྱོད་བཟང་བོའི་ཚད་ཐིག་གཅིག་ལ་གནས་དགོས་སོ། །
དེ་ལྟར་མ་ཡིན་པར་དགེ་རྒན་རང་གིས་རང་ལ་ཕྱི་རུ་མངོན་མི་ཐུབ་པའི་བསམ་པ་བཟང་བོ་ཞིག་ནི་ནམ་ཡང་ཡོད་རབས་ཏག་ཏག་བཤད་དེ་ཁ་ནས་རྒྱལ་ཁབ་དང་མི་རིགས་འཆད་བཞིན་དུ། ཁ་ལག་གང་ཁོམ་དུ་གཞན་ལ་མཐོང་ཆུང་དང་། ངན་གཏམ་པ། ཡང་ན་སྐད་ཆ་ཚིག་གཅིག་དང་རྩོམ་ཐན་ཐུན་གང་རུང་གི་ཆ་ནས་ཀྱང་ནམ་ཡང་རང་ཉིད་ཀྱི་ཆེ་བ་སྒྲོག་པའི་ལས་ཁོ་ན་བྱེད་པ། ལ་ལས་གང་སར་དུ་བ་འཐེན་པ་དང་། ཆང་འཐུང་བ། རྒྱན་པོ་འགྱེད་བཞིན་དུ། ད་དུང་སློབ་མ་ལ《ཐ་མ་ཁའི་ཉེས་དམིགས》དང་། 《ཆང་གི་ཉེས་དམིགས》།《བཤེས་སྤྲིངས》སོགས་ཀྱི་སློབ་ཁྲིད་གནང་བ་ན། སློབ་མར་ཚིག་གི་འགྲེལ་བ་རགས་ཙམ་ངེས་པ་ལ་གོ་འདྲ་ཆོད་ན་མ་གཏོགས། དོན་ལ་ངེས་ཤེས་རྣལ་མ་སྐྱེས་ཏེ་དུ་བ་མི་འཐེན་པ་དང་། ཆང་མི་འཐུང་བ། ཤོ་མི་རྒྱག་པ་སོགས་སྤྱོད་པ་ཡ་རབས་སུ་འགྱུར་བ་ལ་གོ་གཏན་ནས་མི་ཆོད་པས། སློབ་ཁྲིད་དེ་འདྲའི་རིགས་ནི་ནམ་ཡང་དགེ་སློབ་ཟུང་ངལ་བའི་རྒྱུ་ལས་མ་འདས། ང་ཚོའི་སློབ་གྲྭའི་ནང་སློབ་མ་དུ་འཐེན་དང་། ཆང་འཐུང་། ཤོ་རྒྱག་སོགས་མ་རབས་འཕེལ་ནས་མཚམས་གཅོད་མི་ཐུབ་པའི་གནད་དོན་དེ་ནི་དགེ་རྒན་དང་སློབ་གཙོ་མང་པོས་སློབ་གསོ་ཁ་ཡིས་བཤད་དེ་ལག་གིས་མ་བསྒྲུབས་པ་ལ་ཐུག་པའང་ཞོར་ལ་ཤེས་པར་བྱའོ། །
སྒོ་སམ་ཡིག་གཟུགས་ཚད་ལྡན་མི་འབྲི་བ་དང་།ཁ་ནས་སྦྲགས་སྐད་འཆད་པ། རང་ལ་དཔེ་ཆར་ལྟ་བའི་གོམས་སྲོལ་ཅི་ཡང་མེད་པའི་དགེ་རྒན་ཞིག་གིས་སློབ་ཐུན་ཧྲིལ་བོར“ཁ་ལྕེ་ལྦུ་བ་དང་ཀླད་པ་དར་བ”ལྟ་བུར་བཏང་ཡང་སློབ་མའི་སྤྱོད་པ་དེ་དགེ་རྒན་གྱི་ངག་གི་ཤུགས་སུ་མ་སོང་བར། རང་བཞིན་གྱིས་ལུས་ཀྱི་ཤུགས་ལ་བུད་འགྲོ་བ་ཁ་ཚོན་བཅད་ནས་བཤད་ཆོག་པར་སྙམ།
བོད་ཀྱི་སྐད་ཡིག་དགེ་རྒན་ཞིག་ཡིན་ཕྱིན། ནང་གི་ཀུན་སློང་དང་ཕྱིའི་སྤྱོད་པ་གོ་མཚུངས་ལ་དུས་དང་རྣམ་པ་ཀུན་ཏུ་སྤྱོད་ལམ་ཧ་ཅང་ཡག་པས་རྒྱ་བོད་ཧུའེ་གསུམ་གྱི་དགེ་གྲོགས་དག་གི་གུས་བཀུར་བླ་མེད་ཐོབ་མྱོང་བའི་དཔེ་མང་ནའང་། ད་ལྟའི་བོད་ཡིག་དགེ་རྒན་ཁྲོད་ན་དེ་འདྲ་དཀོན་ཙམ་གདའ་བ་ཡང་བོད་ཀྱི་སྐད་ཡིག་དགེ་རྒན་གྱི་ཀུན་སྤྱོད་དགེ་རྒན་གཞན་ལས་འབུར་དུ་མ་ཐོན་པས་ཀྱང་ལོས་ཡིན་སྙམ་མོ། །
གསུམ། ཡོན་ཏན་ཕུན་སུམ་ཚོགས་པ་ཞིག་ཡོད་དགོས།
དགེ་རྒན་གྱིས་སོ་སོའི་བསླབ་ཚན་གྱི་ཡོན་ཏན་ངེས་པར་དུ་ཁོང་དུ་ཆུད་དགོས་པ་རེད། གལ་ཏེ་དགེ་རྒན་ལ་ཀུན་སློང་བཟང་བོ་ཞིག་དང་ཀུན་སྤྱོད་ཡག་པོ་ཞིག་ཡོད་ཀྱང་ཏག་ཏག་ཡོན་ཏན་མེད་སོང་བ་ཡིན་ན། མི་བཟང་བོ་ཞིག་གི་ཚད་གཞི་ལྡན་ཡང་དགེ་རྒན་བཟང་བོའི་ཚད་གཞི་རྩ་བ་ནས་མ་ཚང་བ་རེད། དེ་ཡང་ཡོན་ཏན་ཞེས་པའི་ཡོན་ནི་འཁྱོག་པོའམ་སྐྱོན་ཞིག་ཡིན་པའི་དབང་དུ་བཏང་ན་ཏན་ནི་ཏག་ཏག་ཡོན་པ་དེ་བསྲངས་ནས་བརྟན་པོའམ་དྲང་མོར་གཏོང་བྱེད་དང་བཏང་བའི་འབྲས་བུ་ཞིག་ཏུ་ངོས་བཟུང་ཆོག་པ་རེད།
དགེ་རྒན་ཞིག་ཡིན་ན་རང་གི་འཁྲིད་བྱའི་སློབ་ཚན་ཚིག་འགྲེལ་ལམ་བརྡ་སྤྲོད་པའི་ཡོན་ཏན་ཙམ་ཡང་མེད་ན་སློབ་མའི་རྣ་ལམ་དུ་ཅི་ཞིག་འཇོག། གལ་ཏེ་སློབ་མའི་རྣ་ལམ་དུ་ཚིག་གི་འགྲེལ་བ་ཙམ་གསལ་བོ་ཞིག་བཞག་པའི་དབང་དུ་བཏང་རུང་། ཚིག་གི་ནུས་པས་བསྐྱེད་པའི་དོན་གྱི་རྟོགས་པ་སློབ་མ་རེའི་རྒྱུད་ལ་མ་ངེས་ཤིང་གསར་གཏོད་བློ་གྲོས་ཀྱི་སྒོ་མོ་ཨེན་ཙམ་ཡང་མ་ཕྱེས་ན་སློབ་མ་ལ་ཚིག་གི་རོའམ་བཤད་ཡམས་དང་ཚིག་གི་རོལ་རྩལ་ཁོ་ན་ངོ་སྤྲད་པས་ཅི་ཞིག་བྱ།
དེང་གི་དུས་བོད་ཡིག་དགེ་རྒན་མང་པོ་ཞིག་ལ་སློབ་མར་ལྟོས་ཏེ་ཡོན་ཏན་ཅུང་ཟད་འཕགས་ན་ཡང་།རྒྱུན་པར་རང་ཉིད་ཀྱི་ཆེད་ལས་ཡོན་ཏན་ཡར་བསྐྱེད་ལ་མི་འབད་ཅིང་། སློབ་དེབ་དང་ཟུར་ལྟའི་དཔྱད་གཞི། དག་ཡིག ཆ་འཕྲིན་ལག་རྩལ་སོགས་གནའ་དེང་གི་སློབ་གསོ་སློབ་ཁྲིད་ཀྱི་རྒྱབ་ཡིག་སྣ་ཚོགས་ལ་ཟུར་མིག་ཙམ་ཡང་མི་ལྟ་བར་ཐད་ཀར“ཁྲིད་ཡིག་ཁ་སྐོང་མ”ཞིག་གིས་སློབ་དེབ་རེ་ལྕིབས་ནས་སློབ་ཁང་ལ་ཕེབས་རྐྱང་གིས་སློབ་མ་དག་གི“མགོ་གཡོགས”ནས་ཕོ་ཚོད་དང་འོལ་ཚོད་ཀྱིས་སློབ་ཁྲིད་བྱེད་ནུས་པའི་སྙིང་ཁམས་ཅན་རྣམས་ཨ་ཙ་མ།
ཅུང་ཟད་བྱེ་བྲག་ཏུ་འཆད་ན། འཁྲིད་བྱའི་སློབ་ཚན་དེའི་མ་ཡིག་སྒྱུར་རྩོམ་ཞིག་ཡིན་རུང་མ་རྩོམ(原文)དང་མ་རྩོམ་གྱི་ལྷན་ཐབས་དང་ཁྲིད་ཆས་མཛོད(课件库)སོགས་སྨྱན་འགྲེལ་རྣམས་ལ་ཐེངས་གཅིག་ཙམ་ཡང་མི་ལྟ་བ་མང་སྟེ། དཔེར་ན། སློབ་ཆུང་གི《མཛེས་སྡུག་ལྡན་པའི་ཞི་ཧྲ་གླིང་ཚོམ》ནང་གི་སོ་མཚམས་ནི་རྒྱ་ཡིག་གི“前哨”ལ་ཐོད་མ་གཏུགས་པར་རྒྱལ་མཚམས་སུ་འགྲེལ་བ་དང་། 《ས་བོན་གྱི་སྟོབས་ཤུགས》ནང་གི་རྡོ་རྗེ་ནི་ཕྱི་གླིང་པ་ཞིག་གིས་རྟོག་བཟོའི་བརྩམས་ཆོས་ལས་བྱུང་བའི་སྲོག་ཆགས་དྲེད་མོང་ཆེན་པོ(大猩猩)ཞིག་ཡིན་པ་མ་ཤེས་པར་དགེ་རྒན་ལ་ལས་རྣོ་རྡོ་རྗེ་ཕ་ལམ་དང་ཁ་ཤས་ཀྱིས་སྔགས་ཆས་རྡོ་རྗེ་དང་ཡང་ལ་ལས་ཡི་དམ་ཕྱག་ན་རྡོ་རྗེར་ངོས་བཟུང་སྟེ་ཁྲིད་པ་དང་།
《མེ་ཏོག་གསོ་བ》 ནང་གི“རྐེད་པ་སྦྲིད་པ་དང་རྐང་བ་ན་བ”དང་།“སྐེད་པ་ན་ཞིང་རྐང་བ་སྦྲིད་པའི”ཁྱད་པར་གཏན་ནས་མི་ཤེས་པ་དང་། དེ་བཞིན་སློབ་ཚན་ནི་རང་རྩོམ་མཚན་ཉིད་པ་ཞིག་ཡིན་རུང་དགེ་རྒན་རང་སྔོན་མ་སློབ་མ་ཡིན་དུས་སུ་དགེ་རྒན་གྱིས་ཁྲིད་མ་མྱོང་བའམ་རང་གིས་གཏིང་ཐག་ཆོད་པ་ཞིག་སྦྱངས་མ་མྱོང་བ་གང་ཡིན་ཅི་ཆ། དམའ་འབྲིང་གི 《དགེ་ལྡན་ལེགས་བཤད》ནང་གི“མཁས་པས་དགྲ་ལ་མིག་བསྲིངས་པས། ། ཐ་མར་དགྲ་བོ་དབང་དུ་བསྡུས། ། དཀའ་ཐུབ་ཅན་གྱི་བཟོད་པ་ཡིས། ། རྒྱལ་པོ་དབང་དུ་བསྡུས་ལ་ལྟོས། །”ཞེས་པའི་ཤོ་ལོ་ཀའི་ནང་གི་སྒྲུང་འགྲེལ་ནི་ཟུར་ལྟའི་དཔྱད་གཞི་ན་ཡོད་བཞིན་དུ་སློབ་ཁྲིད་བྱེད་སྐབས་སུ་ཅི་ཡང་འཆད་རྒྱུ་མེད་པར་རང་དགར་བསྐྱུར་བ་དང་།“བླུན་པོ་གནོད་ཚིག་ཁ་རུ་འབྱིན། ། དེ་ཉིད་དགྲ་ཡིས་གཞོམ་པར་ནུས། ། ཁྱི་རྣམས་རྟག་ཏུ་ཟུག་པ་ཡང་། ། སྤྱང་ཀིས་སྐྲག་པར་བྱེད་ལ་ལྟོས། །”འདི་ཉིད་ཁྲིད་སྐབས་སུ་དགེ་རྒན་གྱིས་སྐྲག་བྱེད་ཁྱི་ཡི་ཟུག་སྐད་དང་སྐྲག་བྱ་སྤྱང་ཀི་ཡིན་པར་ལོག་པར་འགྲེལ་བ་དང་།“བླུན་པོས་སྐྱིད་འདོད་ལེ་ལོས་འདའ། ། མ་བསླབ་ཡོན་ཏན་ཅི་ལ་འབྱུང་། ཚོང་དང་ཞིང་ལས་མ་ནུས་པའི། ། ཁྱིམ་པ་ཕལ་ཆེར་དབུལ་ལ་ལྟོས། །”འདིའི་ནང་འདའ་ནི་གདའ་ལ་འཁྲུལ་ནས་ཡོད་པའི་དོན་དུ་འཆད་པ་དང་། གཞན་ཡང《དགེ་རྒན་ལ་གུས་པར་བྱ་བ་དང་བཀའ་དྲིན་རྗེས་སུ་དྲན་པ》ལས་བྱུང་བའི“ཕུད་དུ་ཁུར”གྱི་ཕུད་ལ་གོང་ངམ་རྩེ་མོའི་དོན་ཞིག་ཡོད་པ་དག་ཡིག་ལས་གཏན་ནས་མ་བཙལ་བར་ཕྱིར་ཕུད་པའི་ཕུད་དང་དོན་འདྲ་བར་འཆད་པ་སོགས་ཀྱིས་མཚོན་པའི་བོད་ཡིག་སློབ་ཁྲིད་ཁྲོད་ཀྱི་ལོག་འགྲེལ་དང་། ཆད་ལྷག་ཏུ་འགྲེལ་བ། འཁྲུལ་བར་འགྲེལ་བ་དེས་བོད་ཀྱི་སྐད་ཡིག་དགེ་རྒན་གསར་བ་ཆུ་ཚད་ཧ་ཅང་དམའ་བ་དག་གིས། སློབ་ཁྲིད་གྲ་སྒྲིག་ལེགས་པོ་ཞིག་གཏན་ནས་བྱེད་ཀྱིན་མེད་པའི་ནང་མཚང་རེ་རེ་དགེ་སློབ་ཀུན་ལ་གསལ་ལེར་བསྟན་པ་ལས་ཅི།
སློབ་ཁྲིད་གྲ་སྒྲིག་ཕུན་སུམ་ཚོགས་པ་ཞིག་མ་བྱས་པར་ཐད་ཀར་སློབ་ཁྲིད་བྱེད་ཐུབ་པའི་དགེ་རྒན་ཞིག་འཛམ་བུ་གླིང་ན་མེད་ཀྱང་བོད་ཡིག་དགེ་རྒན་མང་པོས་དེའི“མཛད་པ”བསྐྱངས་ཏེ་འོལ་ཚོད་ཀྱིས་ཚིག་འགྲེལ་སློབ་ཁྲིད་བྱེད་པ་ཉུང་ཉུང་མ་རེད། དཔེར་ན། སློབ་ཆུང་སྐད་ཡིག་ལས《ངེད་ཚང་གི་ཞི་ལ》ཁྲིད་སྐབས། ཞི་ལ“ཉིན་མཚན་ཁོར་མོ་ཡུག”ཏུ་ལྡོམ་ནས་ཁྱིམ་དུ་མ་ཡོང་ཚུལ་ཞིབ་བརྗོད་བྱེད་སྐབས་ཀྱི་ཁོར་མོ་ཡུག་ཅེས་པ་དུས་ཀྱི་ཁོར་མོ་ཡུག་ཡིན་པ་མ་ཤེས་པར། མཐའ་གཅིག་ཏུ་གནས་ཀྱི་ཁོར་མོ་ཡུག་ཏུ་འགྲེལ་བ་ལྟ་བུ། གལ་ཏེ་དགེ་རྒན་རྣམས་སུམ་རྟགས་དག་གསུམ་གྱི་ངོ་གདོང་གི་ཤེས་བྱ་ལ་ཅུང་ཟད་མཁས་པའི་དབང་དུ་བཏང་རུང་།སློབ་ཁྲིད་བྱེད་སྐབས“ཚིག་ལ་གནས་སྐབས་ཀྱི་གོ་བ་ལེན་པ་ནི་བསྟན་བཅོས་ཐམས་ཅད་འཆད་པ་ལ་མེད་དུ་མི་རུང་ངོ་། །”③ཡི་མན་ངག་འདི་མ་ཤེས་ན། སྤྱིར་མིང་དང་ཚིག་གི་གོ་བ་ཡོད་ཚད་སུམ་རྟགས་དག་གསུམ་ལ་བསྟུན་པ་བཟང་མོད། མཐའ་གཅིག་ཏུ་ཚིག་ལ་གནས་སྐབས་ཀྱི་གོ་བ་ལེན་མ་ཤེས་པར་དག་ཡིག་ལ་བསྟུན་དྲགས་ན་སྐད་ཡིག་དང་སྐད་ཡིག་སློབ་ཚན་དག་པ་ཞིག་ཇི་ལྟར་འཆད་དེ་འཆད་མི་ནུས་སོ། ། བོད་ཀྱི་སྐད་ཡིག་དགེ་རྒན་རང་ངོས་ནས་རང་འགུལ་གྱིས་རང་རང་གི་ཆུ་ཚད་ཇེ་མཐོར་གཏོང་མི་གཏོང་ནིི་བོད་ཀྱི་སྐད་ཡིག་འཆི་གསོན་གྱི་གནད་འགག་ཅིག་རེད་སྙམ་མོ། །
དེ་ཡང་རང་ཉིད་མི་ཚེ་གང་བོར་བོད་ཀྱི་སྐད་ཡིག་དགེ་རྒན་ཡིན་བཞིན་དུ་བོད་ཡིག་གི་བརྩམས་ཆོས་གྲགས་ཅན《སྤྱོད་འཇུག》དང་། 《ལམ་རིམ་ཆེན་མོ》།《ཀུན་བཟང་ཞལ་ལུང》 《བཀའ་ལུང་རྒྱ་མཚོ》སོགས་དགེ་རྒན་བསྟེན་ནས་ངག་ལས་དངོས་སུ་གསན་པ་ཕར་ཞོག། ཐ་ན་དཔེ་ཆ་ཙམ་ཡང་བླུ་མ་མྱོང་བ་མང་ཞིང་བླུས་པ་དག་ཀྱང་དཔེ་སྒམ་ལ་བསྒྲིགས་པའི་རྟེན་ཙམ་ལས་ཚར་གཅིག་ཀྱང་ཀློག་མ་མྱོང་བའི་བོད་ཀྱི་སྐད་ཡིག་དགེ་རྒན་ལ་བོད་ཡིག་གི་སྲོལ་རྒྱུན་ཡོན་ཏན་རྣལ་མ་ཇི་ལྟར་འགོས། བོད་ཡིག་དགེ་རྒན་ཞིག་གི་བློ་ན་སུམ་རྟགས་དག་གསུམ་དང་སྒྲ་སྙན་ངག་གི་རྩ་བ་ཙམ་ཡང་མེད་ན་དཔེ་ངོས་སུ་ལུས་པའི་ཡོན་ཏན་ཁོ་ནས་དགེ་རྒན་གྱི་མི་ཚེ་གང་བོ་མཐའ་འཁྱོལ་ལམ། མི་ཚེ་མཐའ་འཁྱོལ་རུང་སློབ་མ་ལ་འབྲས་བུ་ལེགས་པོ་ཞིག་འབྱུང་ངམ། བོད་ལ་འབྲུག་ལྟར་གྲགས་པའི་མཁས་པ་སྨྲི་ཏི་ཛྙ་ན་ཀིརྟི་ལ་སློབ་ཆུང་ལོ་རིམ་དྲུག་པའི་སློབ་མ་ཞིག་གིས་ཛ་ན་ཀིརྟི་ཞེས་ཀློག་པ་དགེ་སློབ་སུ་ཞིག་ཉེས་སམ། དེས་ནི་དགེ་རྒན་ཁ་ཤས་ཀྱིས《སྔགས་ཀྱི་བཀླག་ཐབས》སློབ་དགོས་པའི་བརྡ་བསྟན་པ་མ་ཡིན་ནམ། དེ་བཞིན་དུ་དགེ་རྒན་རང་ལ་རྩོམ་རིག་བརྩམས་ཆོས་ཀྱི་ཤེས་བྱ་མེད་ན་སློབ་མར་དེང་རབས་རྩོམ་རིག་གི་སློབ་ཚན་ཇི་ལྟར་ཁྲིད་དམ། དཔེར་ན། དམའ་འབྲིང་གི་དགེ་རྒན་ཞིག་གིས 《Dསྡེ་བའི་ཀླན་ཀ》ཡི་རྩོམ་ལུས་ནི་ཚིག་ལྷུག་དང་རྩོམ་སྟངས་ནི་བརྩམས་སྒྲུང་རེད་ཅེས་སྡོམ་བཀོད་པའི་བརྗོད་ཚུལ་འདི་འདྲ་བཤད་རུང་ངམ། དགེ་རྒན་གྱི་ཡོན་ཏན་ནི་སློབ་མ་ལས་ལྷག་ན་ད་གཟོད་སློབ་མར་ཡོན་ཏན་འབྱོར་ངེས་པ་ལས། དགེ་སློབ་གཉིས་ཀའི་ཡོན་ཏན་མཉམ་ན་སློབ་མའི་ཡོན་ཏན་སོ་ན་གནས་པ་དང་། དགེ་རྒན་གྱི་ཡོན་ཏན་སློབ་མ་ལས་དམན་ན་སློབ་མའི་ཡོན་ཏན་མར་ལ་འགྲིབ་པའི་གནས་ལུགས་གནམ་ཐིག་འདི་སྐྱེ་བོ་མཆོག་དམན་སུས་ཀྱང་དུས་སྙིགས་ཀྱང་མ་སྙིགས་ཀྱང་གནས་བཟང་ངན་གང་དུ་ཁས་མ་བླངས་ས་ག་ལ་འགྲོ་སྟེ་མི་འགྲོའོ། །
བཞི། ཁྲིད་ཐབས་ལེགས་པོ་ཞིག་ཡོད་དགོས།
བོད་ཀྱི་སྐད་ཡིག་དགེ་རྒན་ལ་མཚོན་ན། སློབ་མར་ཕན་འདོགས་པའི་བསམ་པའི་ཀུན་སློང་བཟང་བོ་ཞིག་དང་། ཁ་ཞེ་མཐུན་པའི་ཀུན་སྤྱོད་ཡག་པོ་ཞིག་ཡོད་པའི་ཁར། ཡོན་ཏན་ངེས་ཅན་ཞིག་འཛོམས་དགོས་ཀྱང་སློབ་མ་ལ་ཤེས་བྱ་ཇི་ལྟར་ཁྲིད་པའི་ཐབས་ལ་མ་མཁས་ན། སློབ་ཁྲིད་རྐྱང་རྐྱང་འདིས་སློབ་མས་སློབ་ཚན་གྱི་ཤེས་བྱའི5%ལས་ཤེས་མི་ཐུབ་ལ། སློབ་མ་ལ་རྒྱུགས་སྣ་ཚོགས་ལེན་པའང་དགེ་རྒན་གྱིས་འཆད་པའི་ཤེས་བྱ་དེ་དག་སློབ་མས་དྲན་པས་ཟིན་མ་ཟིན་ཙམ་ལ་ལྟ་བ་ལས་མ་འདས། སློབ་མས་ཕན་ཚུན་གྲོས་བསྡུར་བྱས་པའི་ཤེས་ཚད་ནི50%དང་། སློབ་མ་རང་གིས་སྦྱངས་པའི་ཤེས་ཚད་ནི90%ཡིན། ཨ་རི་སོགས་ཀྱི་སློབ་གསོ་ཆེད་མཁས་པས་སློབ་སྦྱོང་རི་མོ་མཆོད་རྟེན་མ(学习金字塔)མིག་ལྡན་དག་ལ་བཤམས་ནས་བཞག་ཡོད་པ་དེ་ག་རང་ལས་ཤེས་པར་འགྱུར་བས་ཅིས་ཀྱང་ལན་ཅིག་གཟིགས་པར་མཛོད།
བོད་ཀྱི་སྲོལ་རྒྱུན་ཁྲིད་ཐབས་ལ་མཚོན་ན་གྲངས་མང་ཞིང་བསྟན་བཅོས་ཀུན་ལ་ཁྱབ་ཤིན་ཏུ་ཆེ་བས་མཁས་བླུན་སུས་ཀྱང་དེ་དག་ལ་བལྟས་ནས“ངང་བས་འོ་མ་ལེན་པ”ལས་རང་དགར་ཚོད་འཛིན་ཐུབ་པ་ཞིག་མ་རེད། གྲངས་ཀས་མཚོན་པའི་དབང་དུ་བཏང་ན་རྩིས་མགོ་ཡན་ལག་ལྔ་ལ་སོགས་པའི་ཁྲིད་ཐབས་ཀྱི་མིང་ཁོ་ནའང་བརྒྱ་ལ་ཉེ་བ་ཁོ་བོས་ཀྱང་བརྩིས་ནས་ཡོད་མོད། འོན་ཀྱང་དགེ་རྒན་རང་རང་ལ་སློབ་ཁྲིད་ཁྲོད་དུ་རང་ཁོ་ན་ལ་གཏོགས་པའི་ཁྲིད་ཐབས་རེ་རང་ཤུགས་ཀྱིས་མ་ཆགས་ན། ཚེ་གང་བོར་ས་གནས་གཞན་དང་མཁས་པ་གཞན་གྱི་ཁྲིད་ཐབས་བརྩིས་ཏེ་ཁ་ལ་བྱང་བས་རང་གི་ཁྲིད་ཐབས་ཇེ་ལེགས་སུ་འགྲོ་བ་ལ་ཕན་ག་ལ་ཐོགས། ངག་རྒྱུན་དུ་རྒྱལ་སྲས་ཐོགས་མེད་བཟང་བོའི་སློབ་ཁྲིད་ལ་ངུས་ནས་ཉན་དགོས་པ་དང་། བུ་སྟོན་རིན་ཆེན་གྲུབ་ཀྱི་སློབ་ཁྲིད་ལ་བགད་ནས་ཉན་དགོས་པ། བཀའ་གདམས་པའི་སློབ་ཁྲིད་དཔེ་ཆོས་ལ་བརྟེན་ནས་ཉན་རྒྱུ་ཅི་ཡོད་སློབ་རྒྱུན་བརྒྱུད་ནས་ཤེས་འདོད་དག་གིས་གྲུབ་མཐའི་གཞུང་ལུགས་སོགས་ལ་མཇལ་རྒྱུ་གལ་ཆེའོ། །
རྒྱ་ཡིག་ལ་མཚོན་ནའང་། དེང་རབས་ཅན་དང་རྒྱལ་སྤྱི་ཅན་དུ་ཨེ་ཕྱིན་ལ་འབད་ནས་གློག་ཀླད་མ་དར་བའི་དུས་ཀྱི་ཁྲིད་ཆས(教具)བཟོ་བའི་ཁྲིད་ཐབས་ནས་གློག་ཀླད་དར་བའི་རྗེས་ཀྱི་སྨྱན་ཆས་གཟུགས་འགྲེལ་མ་དང་བརྙན་འགྲེལ་མ། རིས་འགྲེལ་མ། སྒྲ་འགྲེལ་མ་སོགས(课件)བཟོ་བའི་ཚད་ལ་ཐོན་པ་མ་ཟད། ད་དུང་མུ་མཐུད་དུ་རང་རང་ས་ནས་གང་ནུས་ཅི་ལྕོགས་ཀྱིས་ཁྲིད་ཆས་གསར་གཏོད་ལ་འཇུག་པའི་སྒང་འདིར། རང་རེའི་བོད་ཀྱི་སྐད་ཡིག་དགེ་རྒན་དག་གི་ཁྲིད་ཐབས་ནི“ཡར་གྱི་ཤ་རྗེས་མ་ཆོད། མར་གྱི་ཤེའུ་རྗེས་མ་ཆོད”པར། ལུང་གསུམ་མདོ་རུ་ལུས་ནས་ཡུན་རིང་དུ་སྡོད་པ་ཨ་ཅང་ཅང་། ཁྲིད་ཆས(课件)ལས་ནས་ཁྲིད་པ་དག་ཀྱང་སྔོན་མའི་སློབ་ཁྲིད་གྲ་སྒྲིག་གམ་ཁྲིད་ཡིག(备课)དང་ཁྲིད་གཞི(教案)གློག་ཀླད་དུ་ཉར་ཞིང་ཚོན་གྱིས་བྱུགས་པ་འགའ་སྒོ་སམ་ལས་བཏང་ནས་དེང་རབས་ཆ་འཕྲིན་ཡིན་པར་རློམ་ཞིང་།དེས་ཁྲིད་ཆས(课件)དང་། ཁྲིད་ཐུང(微课)།PPTསོགས་ཀྱི་ཚབ་བྱེད་པ་ནི་རང་ཉིད་ཀྱིས་དེང་རབས་ཆ་འཕྲིན་ལག་རྩལ་བཀོད་དེ་སློབ་ཁྲིད་བྱེད་པ་ནི་རྨོངས་པའི་རྟགས་བསྟན་པ་ཁོ་ན་རེད།སླར་ཡང་ཅིག་ཞུས་ན། དེང་རབས་སློབ་གསོ་དོན་དུ་གཉེར་བའི་བོད་ཀྱི་སྐད་ཡིག་དགེ་རྒན་རྣམས་ཀྱིས། ད་ལྟའང་ད་དུང་གནའ་རབས་སམ་ཉེ་རབས་ཀྱི་སློབ་ཁྲིད་ཐབས་ལམ་ལྟར། མ་ལ་ཡ་ནི་རྒྱ་གར་གྱི་རི་བོ་ཞིག་གི་མིང་། ཀུ་མུ་ད་ནི་ཟླ་བ་ཚེས་ན་ཁ་འབྱེད་པའི་མེ་ཏོག་ཅིག་གི་མིང་། དུ་ཀུ་ལ་ནི་ལྷ་ཡི་གོས་བཟང་ཞིག། ལི་ཤི་ནི་མེ་ཏོག་ཅིག་གི་མིང་། པད་མ་རཱ་ག་ནི་རིན་པོ་ཆེ་ཞིག་གི་མིང་། རམ་པ་ནི་རྩྭ་ཞིག་གི་མིང་། པད་རྩ་ལིའི་པད་རྩ་ནི་མེ་ཏོག་པད་མའི་རྩ་བ་དང་ལི་ཡི་ནང་དོན་མི་ཤེས་སོ། ། ཞེས་པ་ཙམ་ལས། དེ་དག་རྒྱ་ཡིག་ལ་བསྒྱུར་ཅིང་བརྒྱ་བཤེར(百度)ལས་བཙལ་ཏེ་དངོས་སུ་སློབ་མའི་མིག་ལ་སྟོན་པ་དང་ཐ་ན་ལག་ལ་བཞག་སྟེ་རེག་ཏུ་མི་འཇུག་དོན་ཅི་ཡིན་ནམ། ད་དུང་མུ་མཐུད་དུ་པད་མ་ར་ག་ནི“红宝石”ཡིན་པ་ཤེས་སུ་འཇུག་རྒྱུ་མིན་ནམ། དེ་བཞིན་མཐོ་འབྲིང་གི《རྨོངས་ཤེས་དང་ཇི་ལྟར་འབྲལ་ཚུལ》 དམའ་འབྲིང་གི《གོང་མའི་ན་བཟའ་གསར་བ》 སློབ་ཆུང་གི《རྟེའུ་ཕྲུག་ཆུར་བརྒལ་བ》སོགས་བསྒྱུར་རྩོམ་དག་གི་ཁྲིད་ཐབས་ཞི་ཨོ་སམ་དཀར་སོགས(希沃白板5,101教育PPT,畅言交互式多媒体教学系统,青海省基础教育资源公共服务平台,教师研修网)ཀྱི་ཁྲིད་ཆས་མཛོད(课件库)ན་ཕུན་སུམ་ཚོགས་པའི་ཁྲིད་ཆས་ཡོད་པ་རྣམས་ད་དུང་གཏེར་ལས་མི་བཞེས་པར“གཏེར་སྟོན”སུ་ལ་བསྒུགས་ནས་ཡོད་དམ།
དེ་བཞིན་དུ། བློར་འཛིན་སློབ་ཚན་དག་ཁྲིད་ནའང་སློབ་མ་ལ་བློར་འཛིན་པའི་ཐབས་ལམ་ཅི་ཡང་མི་སློབ་པར། རང་རང་ས་ནས་བློར་འཛིན་དུ་བཅུག་རྗེས་དཔེ་ཆའི་ངོས་ལ་སྐར་མ་ཞིག་རྒྱག་པ་ལས། སློབ་ཚན་དེ་སློབ་ཐུན་དེར་ཇི་ལྟར་བློར་འཛིན་དུ་འཇུག་པ་དང་།བློར་བཟུང་བ་རྣམས་ཇི་ལྟར་དག་མོ་ཞིག་ཤོག་ངོས་སུ་འབྲི་ཤེས་སུ་འཇུག་པ་དང་། བློར་ཟིན་པ་དག་ཡུན་རིང་དུ་མི་བརྗེད་པའི་ཐབས་ཤིག་སྟོན་རྒྱུ་མེད་དམ། གལ་ཏེ་ཐབས་དེ་དག་སྟོན་རྒྱུ་མེད་ན་བློར་ཟུངས་ཞེས་པའི་བཀའ་ཙམ་ནི་སློབ་གྲྭ་འགྲིམས་མྱོང་མེད་པའི་བླུན་པོ་གནག་རྫིས་ཀྱང་བྲ་ནི་རེད།
དེ་བཞིན་དུ《སློབ་མ་སྣོད་རུང་དུ་བྱ་བའི་གདམས་ངག》ཁྲིད་ནའང་། སློབ་ཁྲིད་ལ་མི་ཉན་པའམ་ཉན་མི་ཤེས་པའི་སློབ་མས་སྔར་བཞིན་སློབ་ཁྲིད་ལ་ཉན་མི་ཤེས་དོན་ཅི་ཡིན་ནམ། པོ་ཏོ་བ་རིན་ཆེན་གསལ་གྱི་གདམས་ངག་དེ་དཔེ་ཆའི་ངོས་ནས་འགྲེལ་རྒྱུ་ཞིག་མ་གཏོགས་བོད་ཀྱི་སྐད་ཡིག་དགེ་རྒན་རང་ལ་དོན་གྱི་གདམས་ངག་ཅིག་སྟོན་རྒྱུ་མེད་སོང་བ་རེད་དམ། ཡང་ན་དགེ་རྒན་གྱིས་གདམས་ངག་གནང་མ་ཤེས་པ་ཡིན་ནམ།
གཞན་ཡང་སློབ་ཆུང་གི་སྐད་ཡིག་ལས།“རི་རྒྱལ་ལྷུན་པོའི་ངོས་གཟར་ནས། ། ཟངས་ཀྱི་བུ་མོ་སྤུན་བཞི་འཁྲུངས། ། ཕྱོགས་སྐྱོང་བཅུ་བོའི་བཀའ་དྲིན་ལ། །དུང་གི་བདུད་རྩི་ཆར་བཞིན་འབབ། །”ཅེས་པའི་གབ་ཚིག་གི་སློབ་ཚན་འདི་ཁྲིད་སྐབས། དགེ་རྒན་གྱིས་སློབ་མ་ལ་བསམ་གཞིག་ཅི་ཡང་བྱེད་དུ་མི་འཇུག་པར། སློབ་ཐུན་གྱི་མགོ་ནས་ཐད་ཀར་གབ་ལན་ནི་འོ་མ་བཞོ་བ་རེད་ཅེས་ཚིག་དོན་ཙམ་འགྲེལ་བས་སློབ་ཚན་འདི་ཁྲིད་པའི་དགོས་པ་དང་ཉིང་དགོས་འགྲུབ་ཡོད་དམ། ཨ་མ་ཡིག་རྨོངས་པ་དག་གིས་ཀྱང་བྱིས་པ་རྣམས་ལ་ཉལ་སའི་ནང་ནས་ཁེད་ལན་ཐད་ཀར་མི་བཤད་པར་འདང་ཅི་འདྲའི་མང་པོ་ཞིག་རྒྱག་ཏུ་འཇུག་པ་མི་དྲན་ནམ། ཨ་མའི་སློབ་གསོ་ལས་བློ་བསྐྱེད་ཅི་ཡང་མ་བྱུང་ངམ། དེ་བཞིན་དམའ་འབྲིང་གི《ཚིགས་བཅད་རྩོམ་ཡིག་འབྲི་ཚུལ》གྱི་སློབ་ཚན་ནི་རྩོམ་འབྲི་ཚུལ་ཡིན་ཤག་ཤག་ཏུ་ཟད་ཀྱང་བོད་ཀྱི་སྐད་ཡིག་དགེ་རྒན་གྱི་ལག་ཏུ་བཞག་པ་ན་སློབ་ཚན་གྱི་ངོ་གདོང་འགྲེལ་བཤད་ཙམ་ལས། སློབ་ཐུན་དེར་རྩོམ་ཡིག་འབྲི་ཚུལ་ཅི་ཡང་མི་ཁྲིད་ཅིང་། སློབ་ཐུན་དེར་རྩོམ་ཡིག་ཤོ་ལོ་ཀ་གཅིག་ཀྱང་འབྲི་རུ་མི་འཇུག་པར། མར་ལ་སོང་ནས་རྩོམ་ཡིག་ཕྲིས་ཤོག་ཅེས་པའི་མར་དེ་གང་ན་ཡོད། མར་དེ་ན་རྩོམ་ཡིག་འབྲི་ཚུལ་གྱི་ཐབས་ལམ་སློབ་པའི་དགེ་རྒན་སུ་ཡོད། བོད་ཀྱི་སྐད་ཡིག་དགེ་རྒན་ནི་སློབ་ཆུང་ནས་སློབ་ཆེན་བར་དུ་རྩོམ་ཡིག་འབྲི་ཚུལ་སློབ་པའི་དགེ་རྒན་མ་ཡིན་པར་ལས་བྱའི་ཡིག་ནོར་བཅའ་བའི“ཞུས་ཆེན་པ”ཁོ་ན་ཡིན་ནམ།
དུས་རབས་སྔོན་མར་བོད་ཀྱི་སྐད་ཡིག་དགེ་རྒན་སུས་ཀྱང་ཁྲིད་ཡིག་འབྲི་མི་ཤེས་པའི་སྐབས་སུ། དགེ་རྒན་ཚང་མས་ཁྲིད་ཡིག་ཐར་གཅིག་ཀྱང་མ་བྲིས་ན་མ་བྲིས་པ་རེད་ལ། ད་ནི་བོད་ཡིག་དགེ་རྒན་བཟང་བོ་དང་རྒྱ་ཡིག་སོགས་བསླབ་བྱ་གཞན་དག་གི་དགེ་རྒན་ཚང་མས་ཁྲིད་ཡིག་འབྲི་བ་ཙམ་དུ་མ་ཟད། གཞན་གྱིས་བཟོས་པའི་གཟུགས་འགྲེལ། རིས་འགྲེལ། སྒྲུང་འགྲེལ། སྒྲ་འགྲེལ། དབྱངས་འགྲེལ། བརྙན་འགྲེལ་སྣ་ཚོགས་བཀོལ་བའམ་ཡང་ན་རང་གིས་ཀྱང་སློབ་ཚན་དང་མཐུན་པའི་ཁྲིད་ཆས་ཤིག་ཆེད་དུ་བཟོས་ནས་ཐབས་མང་བ་དང་ལས་སླ་བོའི་སྒོ་ནས་དེ་མ་ཐག་སློབ་མར་ཤེས་བྱ་བརྒྱུད་སྤྲོད་དང་།སློབ་མའི་ནུས་པ་གསོ་སྐྱོང་། སློབ་མའི་རྟོགས་པ་གོང་ནས་གོང་དུ་སྤེལ་ནུས་ཙ་ན། བོད་ཀྱི་སྐད་ཡིག་དགེ་རྒན་མང་པོ་ད་དུང་སྔར་མུས་བཞིན་གྲགས་མེད་འགུལ་མེད་དང་། གྲབས་མེད་ཐབས་མེད་དུ་སྡོད་པ་ནི།“བསྟོད་པའི་བོང་བུ་ལ་ཞོན་ནས། ། མཁའ་ལ་འཕུར་འདོད་ངལ་བའི་རྒྱུ། །”ལས་མ་འདས། ཁ་སང་དེ་རིང་འཛམ་བུ་གླིང་ན་སློབ་ཁྲིད་ཀྱི་བཟང་ངན་ནི་ཆ་འཕྲིན་ལག་རྩལ་དང་བཅས་པའི་ཐབས་མང་ཐབས་སླའི་སློབ་ཁྲིད་ཅིག་བརྒྱུད་ནས་ཐུན་རེའི་ནང་དུ་སློབ་མ་མང་པོའི་རྒྱུད་ལ་ཤེས་བྱ་ཇེ་མང་དང་། ནུས་པ་ཇེ་འཛོམས། བསམ་བློ་ཇེ་ཡག་ཏུ་བཏང་བའི་འབྲས་བུའི་ཆ་ནས་འཇོག་པའི་དུས་འདིར། བོད་ཀྱི་སྐད་ཡིག་དགེ་རྒན་དག་གིས“འོལ་ཚོད་འགྲེལ་ཁྲིད”ཁོ་ནར་བརྟེན་ནས་སློབ་མ་རྣམས་མི་རབས་ནས་མི་རབས་སུ་རྨོངས་པའི“དོང”ནང་དུ་འཕེན་རྐྱང་བྱེད་རྒྱུ་ཡིན་ནམ། མེས་པོའི་ཞལ་རྒྱུན་དུ“བླ་མ་མ་བྱེད། བླ་མ་བྱས་ན་སློབ་མ་དམྱལ་བར་མི་འཕེན་པ་དགོས”ཞེས་གསུངས་པ་དེ་ཁ་བསྒྱུར་བའི་དབང་དུ་བཏང་ན།“དགེ་རྒན་མ་བྱེད། དགེ་རྒན་བྱས་ན་སློབ་མ་མི་རླག་པ་དགོས”ཞེས་པ་འདི་རེད།
ལྔ། རང་རྟོགས་རང་བཞིན་ཡོད་དགོས།
སུ་ཞིག་གིས་ཆེས་གཅེས་སུ་རུང་མི་དེ་སུ་རེད་ཅེ་ན། བདག་ལྟ་བུར་མཚོན་ན་ཚམ་ཚོམ་ཅི་ཡང་མེད་པར་དེ་ནི་དགེ་རྒན་དག་གོ་ཞེས་དང་། དགེ་རྒན་ཁྲོད་ནས་ཀྱང་ཚེ་གང་བོར་གཞི་རིམ་ན་སློབ་ཁྲིད་བྱེད་བཞིན་པའི་བོད་ཀྱི་སྐད་ཡིག་དགེ་རྒན་དག་གོ་ཞེས་ཞུ་ངེས་སོ། །དེ་བས་བོད་ཀྱི་སྐད་ཡིག་དགེ་རྒན་ཞིག་ཡིན་ན། ཉིན་རེའི་བློ་སྦྱོང་དང་། ཐུན་རེའི་ཕན་སེམས། ཁྲིད་རེའི་ནང་དོན། ཐུན་རེའི་ཁྲིད་ཡིག་དང་། སྨྱན་འགྲེལ་ལ་བརྟེན་ནས་ཁྲིད་རེར་ཤེས་བྱ་དང་ཐབས་ཤེས། ཕན་ནུས་ལྡན་པའི་སློབ་ཁྲིད་དང་། ཤེས་བྱའི་གནད་ལ་འཁེལ་ཞིང་སློབ་མས་ཐུན་རེའི་ནང་དོན་ཤེས་ཡོད་མེད་ཇི་བཞིན་རྟོགས་ཐུབ་པའི་ལས་བྱ། སློབ་མ་ཆུ་ཚད་ལེགས་པ་རྣམས་ཇེ་ལེགས་ནས་ཇེ་ལེགས་སུ་གཏོང་བ་དང་སློབ་མ་ཆུ་ཚད་ཞན་པ་རྣམས་བྱེ་བྲག་ཏུ་བཀར་ནས་ཇེ་ལེགས་སུ་གཏོང་བའི་ཟུར་ཁྲིད། མཐོ་རྒྱུགས་དང་འབྲིང་རྒྱུགས་ཀྱི་སྐྱ་ཐིག་དང་མཐུན་པའི་ཚོད་རྒྱུགས། དགེ་སློབ་གཉིས་ཀྱི་ཁམས་དང་མོས་པ་དང་འབྲེལ་བའི་ཁྲིད་ཐབས་ཀྱི་སྐོར་ནས་དགེ་རྒན་རང་ལ་ཤེས་བྱ་དང་ཐབས་ལམ་གང་ཞིག་ཆད་པ་དང་།
ཆད་པ་དེ་རང་རྟོགས་ཀྱིས་དུས་ལྟར་ཁ་གསབ་པ་ལ་འབད་པ་ནི་གནད་ཀྱི་དོན་པོའོ། །
མཇུག་གི་གཏམ།
ད་ནི་རེ་ཞིག་མཇུག་རྫོགས་པར་བྱེད་པ་ལ། དགེ་རྒན་ལེགས་པོ་དག་གིས་སློབ་ཐུན་རེ་རེར་འཁྲིད་བྱའི་སྡོམ་སྟེ། སྒོ་སམ་ཇུས་འགོད་རྨད་དུ་བྱུང་བ་རེ་འགོད་པ་ཤིན་ཏུ་གལ་ཆེ་བས་ན། བདག་གིས་ཀྱང་དེ་དང་མཐུན་པར།
1.ཀུན་སློང་བཟང་བོ(མི)+ཀུན་སྤྱོད་ཡག་པ(མི)+ཡོན་ཏན་ཡོད་པ(དགེ་རྒན)ཁྲིད་ཐབས་ལྡན་པ(དགེ་རྒན)+རང་འགུལ(མི)=དགེ་རྒན་བཟང་བོ། ~སློབ་གྲྭའི་བོད་ཡིག་གསོན།
2.ཀུན་སློང་ངན་པ(མི)+ཀུན་སྤྱོད་ངན་པ(མི)+ཡོན་ཏན་མེད་པ(དགེ་རྒན)ཁྲིད་ཐབས་མེད་པ(དགེ་རྒན)+གཞན་སྒུལ(མི)=དགེ་རྒན་ངན་པ། ~སློབ་གྲྭའི་བོད་ཡིག་འཆི།
3.ཀུན་སློང་ལུང་མ་བསྟན(མི)+ཀུན་སྤྱོད་ལུང་མ་བསྟན(མི)+ཡོན་ཏན་ཙམ་པོ(དགེ་རྒན)ཁྲིད་ཐབས་ཙམ་པོ(དགེ་རྒན)+འགུལ་ལ་མ་འགུལ(མི)=དགེ་རྒན་ཙམ་པོ~སློབ་གྲྭའི་བོད་ཡིག་ཤི་མ་གསོན། ཞེས་བཀོད་པའི་བོད་ཀྱི་སྐད་ཡིག་དགེ་རྒན་རིགས་གསུམ་ནང་དོན་ཐམས་ཅད་འདུ་སྙམ་གྱིན་ཡོད། ད་ནི་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱི་ཞལ་ནས། “བདག་གིས་འདི་སྐད་སྨྲས་པའི་གཏམ། ། འགའ་ཡི་རྣ་བར་ལྷུང་བ་ན། ། བཞིན་རས་པདྨའི་ནགས་ཚལ་དག།།
ཟླ་བའི་འོད་ཀྱིས་ཕོག་པ་འདྲ། ། དྲང་པོར་སྨྲས་པའི་ངག་གི་མདའ། ། མ་འདའ་ཆེད་དུ་བརྒྱབ་པ་འདྲ། ། གང་ལ་ཕོག་པ་དེ་ཡི་མཚང་། ། རང་ནོར་བཞིན་དུ་ངོས་ལེན་བྱས། ། ”④ཞེས་གསུངས་པའི་ལེགས་བཤད་ཀྱི་སྐྱེས་དང་བཅས་རེ་ཞིག་མཇུག་རྫོགས་སོ། །
① རྗེ་ཙོང་ཁ་པ། རྗེ་ཙོང་ཁ་པ་ཆེན་པོའི་གསུང་འབུམ་བཞུགས་སོ། ། བ། མ། ཚིག་སྦྱོར་ཕུན་སུམ་ཚོགས་པའི་སྙན་ངག་གི་ལམ་ནས་དྲངས་པའི་བློ་སྦྱོང་བཞུགས་སོ། ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1998 :421
② ཀུན་མཁྱེན་འཇིགས་མེད་གླིང་པ། ཀུན་མཁྱེན་འཇིགས་མེད་གླིང་པའི་གསུང་འབུམ། ཀ།ཡོན་ཏན་རིན་པོ་ཆེའི་མཛོད་དགའ་བའི་ཆར་ཞེས་བྱ་བ་བཞུགས་སོ། ། སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་། བོད་ལྗོངས་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་། 2017 :4
③ འཇུ་མི་ཕམ། འཇུ་མི་ཕམ་བཀའ་འབུམ། འ། སྟོད་ཆ། སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པའི་མན་ངག་ལྟ་བའི་ཕྲེང་བའི་མཆན་འགྲེལ་ནོར་བུའི་བང་མཛོད་ཅེས་བྱ་བ་བཞུགས་སོ། ། སི་ཁྲོན་དཔེ་སྐྲུན་ཚོགས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2012 :16
④ ས་སྐྱ་པཎྜི་ཏ་ཀུན་དཀའ་རྒྱལ་མཚན། དཔལ་ལྡན་ས་སྐྱ་པའི་གསུང་འབུམ་པོད་དགུ་པ། བསླབ་བྱ་དང་བློ་སྦྱོང། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། སྐྱེས་བུའི་རྣམ་འབྱེད་བཤད་པ་གཞོན་ནུའི་མགུལ་རྒྱན་ཞེས་བྱ་བ་བཞུགས་སོ། ། 2013 :67
* དོ་རྒྱ་བསོད་ནམས་ཚེ་རིང་། གཅན་ཚ་རྫོང་སློབ་གསོ་ཞིབ་འཇུག་ཁང་དུ་ཕྱག་ལས་གནང་བཞིན་ཡོད།