སློབ་ཆེན་སློབ་མའི་རྩོམ་པའི་ནུས་པ་མཐོར་འདེགས་ གཏོང་ཐབས་ཤིག་གི་གླེང་སློང་བ།
སྒར་བ་ཚེ་རིང་བཀྲ་ཤིས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-11
[གནད་བཏུས] སྲོལ་རྒྱུན་ལྟར་ནའང་མཁས་པའི་བྱ་བ་རྣམ་གསུམ་ལས་རྩོམ་པ་གལ་ཆེ་བ་བཞིན། དེང་རབས་ཀྱི་སློབ་ཆེན་སློབ་མར་འཛོམས་འོས་པའི་ནུས་པ་དང་བྱང་ཚད་ཁྲོད་དུ་རྩོམ་པ་ནི་འཇོན་ནུས་གལ་ཆེ་ཤོས་ཀྱི་གྲས་ཡིན་པ་འབྲེལ་ཡོད་རྟོག་ཞིབ་དཔྱད་འབྲས་ལས་གསལ། དབྱིན་ཡིག་གི་ཚན་པ་ལྔ་པའི་འབྲི་སྟངས་ཀྱི་བེད་སྤྱོད་རིན་ཐང་ལ་དམིགས་ནས། རྩོམ་འདིར་ཐོག་མར་རྩོམ་འབྲི་ཐབས་གང་དེ་སྤྱིའི་ཆ་ནས་ངོ་སྤྲོད་བྱས་ཡོད་ལ། དེ་ནས་ཚན་པ་ལྔ་པའི་རྩོམ་ལུགས་ལ་གོམས་མེད་པར་བྲིས་པའི་རྩོམ་གཅིག་དང་ཁྲིད་ཟིན་པའི་རྗེས་ཀྱི་དཔེ་གཉིས་དྲངས་ནས་དབྱེ་ཞིབ་བྱས་ཤིང་།
མཐར་ཚན་པ་ལྔ་པའི་ལུགས་ཀྱི་རྒྱུན་སྤྱོད་འབྲི་སྟངས་རིགས་ལྔ་དང་རྩོམ་པར་འཇུག་སྐབས་ལག་ལེན་བྱེད་འོས་པའི་གོ་རིམ་བཞི་བཅས་བྱེ་བྲག་ཏུ་མཚམས་སྦྱར་ཡོད་དོ། །
[གནད་ཚིག] སློབ་ཆེན་སློབ་མ། ཚན་པ་ལྔ་པའི་རྩོམ། མཐོ་རིམ་སློབ་གསོ།
གླེང་གཞི།
ད་ལྟའི་དུས་འདི་ལ་སློབ་ཆེན་སློབ་མར་མེད་མི་རུང་བའི་འཇོན་ནུས་དང་བྱང་ཚད་གང་དག་ལྡན་དགོས་སམ། འདི་ནི་སྤྱི་ཚོགས་ཀྱི་གནས་བབ་དང་དགོས་མཁོ། དེ་བཞིན་སློབ་གསོའི་འདུ་ཤེས་འགྱུར་བ་དང་བསྟུན་ནས་མཐོ་རིམ་སློབ་གྲྭ་ཁག་གིས་གསལ་བོོར་ངེས་དགོས་པའི་གནད་ཅིག་ཡིན། གནད་འདི་ཕྱོགས་མང་པོ་ནས་ལྟ་དགོས་པས་ཐུན་མོང་གི་ངོས་འཛིན་ཞིག་འབྱུང་དཀའ་ཡང་། གཞི་རྩའི་སྲོག་ཤིང་ལྟ་བུའི་བྱང་ཚད་རེ་ཟུང་གི་གལ་ཆེའི་རང་བཞིན་ལ་ནི་ངོས་འཛིན་གཅིག་མཐུན་ཡོད་འོས།དེང་རབས་སློབ་གསོའི་ཚབ་མཚོན་རང་བཞིན་ལྡན་ཞིང་སྔོན་ཐོན་སློབ་གསོའི་འདུ་ཤེས་དར་སྤེལ་གཏོང་མཁན་ཨ་རིའི་མཐོ་སློབ་ཁག་ནས་བརྟག་དཔྱད་ཞིབ་འཇུག་བརྒྱུད་དེང་རབས་སློབ་གྲྭ་ཆེན་མོ་པ་དག་ལ་དགོས་ངེས་ཀྱི“ལྟེ་བའི་འཇོན་ནུས”
(Essential Learing Outcomes)བཞི་བཏོན་ཡོད①། དཔྱད་འབྲས་དེ་ལས་འཇོན་ནུས་འདི་བཞི་ནི་རིག་གཞུང་ཚན་ཁག་དང་ཆེད་ལས་ཁྱབ་ཁོངས་གང་ཡིན་ལ་མ་ལྟོས་པར་རིག་ཚན་མང་ཆེ་བར་དགོས་ངེས་ཀྱི་བྱང་ཚད་དུ་ངོས་བཟུང་ཡོད་ལ། ཆེད་ལས་མི་འདྲ་བའི་ཁྲོད་དུ“སྤོ་ཐུབ་པའི་འཇོན་ནུས”(可迁移的技能transferrable skills)ཀྱི་རིགས་སུ་འཇོག་པར་བྱེད་དོ། །དེ་ལ་དེ་ལྟ་བུའི་འཇོན་ནུས་གཅིག་ནི་རྩོམ་འབྲིའི་ནུས་པ་ཡིན་པར་ངོས་བཟུང་ཡོད་ལ། ཨ་རིའི་མཐོ་རིམ་སློབ་གྲྭའི་སློབ་གསོའི་ཁྲོད་དུ་རྩོམ་འབྲིའི་སློབ་ཚན་དེ་རྨང་གཞི་དང་། རྩ་བ་དང་། ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་གལ་ཆེ་ཤོས་ཀྱི་གྲས་སུ་བཞག་ཡོད་པར་མ་ཟད། ཧ་ལམ་མཐོ་སློབ་ཆ་ཚང་ལ་རྩོམ་འབྲིའི་ལྟེ་གནས(writing center/writing lab)ཞེས་པའི་རྩོམ་པར་འཇུག་ཚུལ་གྱི་ཁྲིད་ལ་ཉན་ས་དང་རྩོམ་པར་རོགས་རམ་འཚོལ་ས་ཞིག་འདུག② ང་ཚོས་སྤྱི་ཚོགས་སྟེང་གི་ལས་རིགས་ཁག་ལ་བསམས་ན་ཡང་རྩོམ་པའི་ལས་ནི་ཆེད་ལས་ཁག་དང་ལས་རིགས་ཁག་གི་ངོས་ནས་ཆེས་གཞི་རྩར་གྱུར་པ་དང་ངེས་པར་དུ་དགོས་པའི་རྩལ(craft)ཞིག་ཏུ་གྱུར་ཡོད། དེ་སྟེ། རྒྱལ་ནང་གི་མི་རིགས་མཐོ་སློབ་ཁག་གི་བོད་རིག་པའི་སྡེ་ཚན་གྱི་རྩོམ་འབྲིའི་སློབ་ཚན་དང་སློབ་ཚན་ཁྲིད་ཐབས་ལ་ཉམས་ཞིབ་བྱས་ཚེ། གནད་དེ་ལ་དོ་སྣང་དམིགས་བསལ་བྱུང་མི་འདུག
བདག་གིས་ལོ་གཉིས་རིང་གི་རྩོམ་འབྲིའི་སློབ་ཁྲིད་བྱེད་ཁུལ་བགྱིས་པའི་ཁྲོད་དབྱིན་ཡིག་གི་ཚན་པ་ལྔའི་རྣམ་པའི་རྩོམ་འབྲི་ཐབས(Five Paragraph Essay)དེ་ཚོད་ལྟའི་ཚུལ་དུ་སྤྱད་ཅིང་། ཚོད་ལྟའི་བརྒྱུད་རིམ་ནང་དབྱིན་སྐད་ཀྱི་ཆེས་གཞི་རྩར་གྱུར་པའི་རྩོམ་འབྲི་ལུགས་དེ་བོད་རྒྱ་སྐད་གཉིས་ཀྱི་ཁྱབ་ཁོངས་ནང་ཡོངས་སུ་སྤྱོད་ཆོག་པ་མ་ཟད། སློབ་མའི་རྩོམ་འབྲིའི་རིགས་ལམ་དང་། སྔ་ཕྱིའི་གཏན་ཚིགས་དང་།གསར་གཏོད། མཐའ་དཔྱོད་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་བཅས་ལ་ནུས་པ་ཆེན་པོ་ཐོན་ཐུབ་ལ། དེས་མཐོ་རིམ་སློབ་གྲྭའི་རྩོམ་འབྲིའི་གཞུང་ལུགས་དང་རྩོམ་འབྲིའི་སློབ་ཚན་གྱི་སློབ་ཁྲིད་བྱེད་སྟངས་ཐད་བློ་སྐྱེད་ངེས་ཅན་སྩོལ་ཐུབ་པ་ཚོར།
དེ་ལ་མི་རིགས་སློབ་ཆེན་ཁག་གི་སློབ་ཁྲིད་བཀོད་སྒྲིག་ལ་ཉམས་ཞིབ་བྱས་ཚེ། རྩོམ་འབྲིའི་སློབ་ཚན་ནི་མཆིས་མོད། སློབ་ཚན་དུ་སློབ་མའི་དགོས་མཁོ་དང་སློབ་སྦྱོང་ལ་དོན་དམ་པའི་རམ་འདེགས་ཡོང་ཐུབ་མིན་ལ་མ་ལྟོས་པར། མང་ཆེ་བ་འཁྱོག་བརྗོད་རྩོམ་རིག་ལ་འཇུག་གིན་ཡོད་དེ། དཔེར་ན《སྙན་ངག་མེ་ལོང་མ》(ལེའུ་གཉིས་པ)ཁྲིད་ཀྱིན་པ་དང་། ཡང་ན་སྒྲུང་གཏམ་དང་ལྷུག་རྩོམ(མང་ཆེ་བ་མྱོང་ཚོར་བརྗོད་པའི་ལྷུག་མ)འབྲི་ཚུལ་དང་། རེ་ཟུང་ནས་ཐད་ཀར་དཔྱད་རྩོམ་འབྲི་སྟངས་ཁྲིད་ཀྱིན་འདུག དེ་ལྟ་ནའང་། རྩོམ་འབྲིའི་སློབ་ཁྲིད་དེས་སློབ་ཆེན་སློབ་གསོར་ཆེས་གལ་ཆེ་བའི་དོགས་སློང་དང་དབྱེ་ཞིབ། གཏན་ཚིགས་ཀྱི་རིགས་ལམ་ལ་ཕན་ཐོགས་མིན་དང་། དཔྱད་རྩོམ་འབྲི་བ་ལ་སྔོན་འགྲོའི་བློ་སྦྱོང་ཇི་ལྟ་བུ་དགོས་མིན་སོགས་ལ་དོ་སྣང་ཆེར་བྱུང་མི་འདུག་ལ། འབྲེལ་ཡོད་གཞུང་ལུགས་དང་བྱེད་ཐབས་འཚོལ་ཞིབ་བྱས་པ་མི་འདང་བ་སོགས་ནི་སློབ་ཆེན་སློབ་མའི་རྩོམ་འབྲིའི་ནུས་པ་མཐོ་རུ་འགྲོ་དཀའ་བའི་འགག་རྩའི་རྒྱུ་རྐྱེན་ཞིག་ཏུ་སྣང་། བདག་རང་ནས་རྩོམ་ཡིག་འབྲི་བ་དང་སློབ་ཁྲིད་བྱས་པའི་བརྒྱུད་རིམ་ཁྲོད་ཀྱི་ཉམས་མྱོང་དང་འཚོལ་ཞིབ་ལ་གཞིགས་ནས་དབྱིན་ཡིག་གི་ཚན་པ་ལྔའི་རྩོམ་འབྲི་སྟངས་ཀྱིས་རྟོག་བཟོ་མིན་པའི(nonfiction)རྩོམ་འབྲི་བ་ལ་མཛུབ་ཁྲིད་ཀྱི་ནུས་པ་གལ་ཆེན་ཐོན་གྱི་ཡོད་པ་རྟོགས་པས་འདིར་རྩོམ་ཐབས་དེའི་རྩ་བ་དང་ཡན་ལག ལག་ལེན་བཅས་རྒྱས་བསྡུས་རན་པར་མཚམས་སྦྱོར་བར་བྱའོ། །
དང་པོ། ཚན་པ་ལྔ་པའི་རྩོམ་ཐབས།
ཚན་པ་ལྔ་པའི་རྩོམ་ཡིག(Five Paragraph Essay)ནི་ཨ་རི་གཙོ་བྱས་དབྱིན་སྐད་བེད་སྤྱོད་པའི་རྒྱལ་ཁབ་ཁག་གི་སློབ་ཆེན་ཁྲོད་རྩོམ་འབྲིའི་སློབ་ཚན་གྱི་ཆེས་གཞི་རྩར་གྱུར་པའི་རྩོམ་ཐབས་ཤིག་ཡིན། གྲུབ་ཚུལ་གྱི་ཐད་ནས་གླེང་གཞི་དང་། དངོས་གཞི། མཇུག་སྡོམ་བཅས་ཁག་གསུམ་གྱིས་གྲུབ་ཡོད་མོད། རྒྱུན་དུ་ཚན་པ་ལྔའི་ལམ་ནས་འབྲི་བཞིན་ཡོད་པས་ཚན་པ་ལྔ་པའི་རྩོམ་ཡིག་ཏུ་གྲགས། དེ་ལྟ་ནའང་། འདི་ལ་ཚན་པ་གསུམ་གྱི་ལམ་ནས་འབྲི་བའང་ཡོད་དེ། དེ་ནི་མཐོ་འབྲིང་ཁག་ཏུ་སྤྱོད་པའི་རྩ་བའི་འབྲི་ལུགས་ཤིག་ཡིན་ལ། རྒྱལ་ནང་དུ་དབྱིན་སྐད་ཀྱི་རིམ་པ་བཞི་པ(CET4)དང་དྲུག་པ(CET6)ཡི་རྒྱུགས་ཚད་དུ་ཡོད་པའི་རྩོམ་འབྲིའི་ཚན་པར་ལུགས་དེ་ལྟར་འབྲི་དགོས་པའི་ཆ་རྐྱེན་བཏོན་ཡོད།
ཚན་པ་ལྔ་པའི་རྩོམ་ཡིག་ལྟར་ན། ཁག་དང་པོ་ནི་ཚན་པ་གཅིག་གིས་གྲུབ་ལ། དེ་ནི་གླེང་གཞི་ལྟ་བུ་སྟེ། དེར་རྩོམ་ཡིག་གང་དེ་འབྲི་དགོས་པའི་རྒྱུ་མཚན་ནམ་རྒྱབ་ལྗོངས་མདོར་བསྡུས་ཤིག་བྲིས་མཐར། རྩོམ་ཡིག་ཏུ་བཏོན་པའི་རང་གི་ལྟ་བ་འབྲི་དགོས། འདི་ལ་དབྱིན་སྐད་དུ“Thesis Statement”(རྩོམ་གྱི་ལྟ་ཚུལ)དང་ཡང་ན“Theme”(བརྗོད་གཞི)ཟེར།
ཁག་གཉིས་པ་ནི་ཚན་པ་གསུམ་གྱིས་གྲུབ་ཡོད་ལ། ཚན་པ་རེ་རེ་ནི་ཆ་ཚང་བའི་སྒྲུབ་བྱེད་རེ་རེ་ཡིན། ཚན་པ་རེ་རེའི་ཐོག་མའི་ཚིག་རྐང་དང་པོའམ་གཉིས་པ་ལ་བརྗོད་གཞིའི་ཚིག(topic sentence)ཟེར་དེ། དེ་ནི་སྒྲུབ་བྱེད་ཚན་པ་དེའི་བརྗོད་སྙིང་ཡིན་ཞིང་། ཚན་པ་དེར་བརྗོད་སྙིང་གང་དེ་ཡོངས་སུ་བསྒྲུབ་དགོས་ཀྱི་ཡོད། བརྗོད་སྙིང་བསྒྲུབ་པ་ལའང་ལུང་རིགས་དཔེ། གཞི་གྲངས་སོགས་དྲངས་ནས་སྒྲུབ་པར་བྱེད་དེ། འདི་དག་ལ་རྒྱབ་སྐྱོར་བའི་ཚིག“supporting sentence”བྱ། སྤྱིར་བཏང་དུ་བརྗོད་གཞིའི་ཚིག་ལའང་སྒྲུབ་བྱེད་ཆུང་ངུ་གསུམ(supporting idea)ཙམ་འཇོག ཡང་རང་གྲུབ་ཚན་པ་གཅིག་གི་མཇུག་མཐའི་ཚིག་རྐང་ནི་ཚན་པ་དེའི་སྤྱི་སྡོམ་ལྟ་བུར་གྱུར་ཡོད་པས། སྤྱི་སྡོམ་པའི་ཚིག“concluding sentence”ཟེར་མོད། འདི་ངེས་པར་དགོས་པ་དེ་འདྲ་མིན། ཤེས་དགོས་པ་ཞིག་ལ། སྐབས་འདིའི་བརྗོད་གཞི་ཡིས་རྩོམ་མཁན་གྱིས་ཚན་པ་དང་པོར་བཏོན་པའི་ལྟ་བ་གང་དེ་བསྒྲུབ་ཀྱི་ཡོད།
དེ་ལྟར་ལྟ་བ་གཙོ་བོ་སྒྲུབ་བྱེད་ཀྱི་ཚན་པ་ཁག་གསུམ་པོ་གྲུབ་ཟིན་རྗེས། ཆེས་མཇུག་མཐའི་ཚན་པ་ནི་མཐའ་སྡོམ་པའི་ཚན་པ་ཡིན། ཚན་པ་འདིས་གོང་གསལ་གྱི་སྒྲུབ་བྱེད་ལ་སྤྱི་སྡོམ་མདོ་ཙམ་དང་བཅས་ཡང་བསྐྱར་དེ་སྔ་ཚན་པ་དང་པོར་བཏོན་པའི་ལྟ་བ་བརྗོད་དགོས། མཉམ་འཇོག་དགོས་པ་ཞིག་ནི། འདིར་དོན་བསྐྱར་ཟློས་བྱེད་དགོས་པ་ལས་ཚིག་བསྐྱར་ཟློས་བྱས་ན་སྙན་མོ་མི་ཡོང་བས། ཚིག་སྣ་བརྗེས(reworded)ནས་བྲི་དགོས་པ་ཡིན་ནོ། །
རྩོམ་འབྲི་ཐབས་འདི་ནི་དབྱིན་སྐད་རྒྱལ་ཁབ་ཁག་གི་མཐོ་འབྲིང་དང་སློབ་ཆེན་དུ་ཡོངས་ཁྱབ་ཏུ་ཁྲིད་དང་སྤྱོད་ཀྱིན་པའི་གཞི་རྩའི་རྩོམ་འབྲིའི་སྦྱོང་བརྡར་བྱེད་སྟངས་ཤིག་ཏུ་རྩི་བཞིན་ཡོད་ལ། རྩོམ་ཡིག་འབྲི་ཐབས་འདི་བེད་སྤྱོད་གཏོང་གིན་པའི་སློབ་གྲྭ་ཆེན་མོའི་སློབ་དེབ་ལ་ཉམས་ཞིབ་བྱས་ཚེ། ཁྱོན་རྩོམ་འབྲི་ལུགས་རིགས་དགུ་ཙམ་འདུག་མོད། རྒྱུན་སྤྱོད་དུ་ནི་རིགས་ལྔ་རུ་སྣང་སྟེ། དེ་དག་ནི་བྱུང་བ་བརྗོད་པ(narration)དང་། བརྒྱུད་རིམ་བརྗོད་པ(process)དང་། རྒྱུ་འབྲས་བརྗོད་པ(causes and effects)དང་། ལྟ་ཚུལ་བརྗོད་པ(opinionorargumentation)དང་གཤིབ་བསྡུར་བྱེད་པ(compare or contrast)བཅས་ཡིན་ལ། འབྲི་ལུགས་འདི་དག་ནི་སློབ་མའི་ཉིན་རྒྱུན་གྱི་རྩོམ་འབྲིའི་ཁྲོད་ཆེས་རྒྱུན་སྤྱོད་ཀྱི་གྲས་སུ་ཐེ། འདིར་ཨ་རིར་ཁྱབ་རྒྱ་ཆེ་ཞིང་། རྒྱལ་ནང་དུའང་ནང་འདྲེན་བྱས་ཡོད་པའི་རྩོམ་འབྲིའི་བསླབ་དེབ་ཚབ་མཚོན་དུ་རུང་བ་གཉིས་ཀྱི་ཆ་འཕྲིན་བཀོད་ན།
ཀ 《རིག་གཞུང་ཞིབ་འཇུག་ལ་མཁོ་བའི་རྩོམ་ཐབས》 (Writing For Academic Success)
དེབ་འདི་ནི་ཡུན་རིང་བོར་དབྱིན་ཡིག་གི་རྩོམ་ཐབས་སྐོར་ལ་ཞིབ་འཇུག་དང་སློབ་ཁྲིད་བྱེད་མྱོང་མཁན་ནཱན་སི། པིབ་ཀིན(Nancy Herzfle-Pipkin)ནས་བསྒྲིགས་ཤིང་། ཐཱང་མུའུ་སོན་དཔེ་སྐྲུན་ཀུང་སི(Thomson Heinle ELT)ཡིས་པར་སྐྲུན་བྱས། དེབ་ཆ་ཚང་ལ་ཚན་པ་དྲུག་འདུག་ཅིང་། ཚན་པ་རེ་རེར་ཁག་བཞི་ཡོད་དེ། སྔོན་སྦྱོང་དང་། དཔེ་ཀློག ཚིག་དུམ་འབྲི་སྟངས། རྩོམ་ཡིག་འབྲི་སྟངས་བཅས་ཀྱིས་གྲུབ། སྔོན་སྦྱོང་གི་ཆ་ཤས་ནི་སློབ་མ་རྣམས་ཀྱིས་རྩོམ་མ་བྲིས་གོང་གི་སྟ་གོན་ལ་གོ་བར་འདུག ཁག་གཉིས་པ་དཔེ་ཀློག་གི་ཆར། རྩོམ་པ་པོས་བརྗོད་གཞི་སྣ་འཛོམས་ཀྱི་རྩོམ་ཡིག་བདམས་ཡོད་པར་མ་ཟད། རྩོམ་ཡིག་དེ་དག་ཁྲོད་ཤེས་དགོས་པའི་སྐད་ཆའི་མཚོན་ཐབས་དང་ཆེད་སྤྱོད་ཐ་སྙད་དག་གསལ་སྟོན་བྱས་ཡོད་ལ། དེའི་རྗེས་ཀྱི་ཁག་གཞན་གཉིས་ནི་བརྗོད་གཞི་འདེམ་སྟངས་དང་རྩོམ་ཡིག་གི་སྒྲིག་གཞིའི་བླང་བྱ་ལྟར་དུ་སྦྱོང་བརྡར་སྤྲོད་པའི་ཁག་རེད།
ཁ། 《སློབ་ཆེན་སློབ་མའི་རྩོམ་ཡིག་འབྲི་ཐབས》(College Writing Skills With Readings)
དེབ་འདི་ནི་ཨ་རིའི་ཨཱ་ཏྀ་ལན་ཏིག་སློབ་གླིང(Atlantic Community College)དུ་ཡུན་རིང་བོར་དབྱིན་སྐད་ཀྱི་རྩོམ་ཐབས་སྐོར་ཞིབ་འཇུག་དང་སློབ་ཁྲིད་བྱེད་མྱོང་མཁན་ཇོན་ལན་གན(John Langan)བྱ་བས་བརྩམས་ཤིང་། སྤྱི་ལོ1985ལོར་ཐོག་མར་དཔེ་སྐྲུན་བྱས་ཡོད་པ་དང་ལོ་བཞི་རེར་བཟོ་བཅོས་དང་ཁ་སྣོན་ཐེངས་རེ་བྱེད་མུས་སུ་འདུག པེ་ཅིན་དུ་ཡོད་པའི་ཕྱི་སྐད་སློབ་ཁྲིད་དང་ཞིབ་འཇུག་དཔེ་སྐྲུན་ཁང་གིས2004ལོར་དེབ་འདིའི་པར་གཞི་ལྔ་པ་རྒྱལ་ནང་དུ་ནང་འདྲེན་བྱས་ཏེ་དཔར་ཡོད། དཔེ་དེབ་དེ་ཁྱོན་ཁག་ལྔ་ལ་དབྱེ་ཡོད་དེ། རྩོམ་ཐུང་འབྲི་ཚུལ་དང་། རྩོམ་ཐུང་གི་རིགས་དང་རྩོམ་འབྲིའི་ཐབས། བེད་ཆེ་བའི་འབྲི་ཐབས། ཚིག་རྐང་འབྲི་ཐབས། དཔེ་ཀློག་ལ་བརྟེན་ནས་རྩོམ་འབྲིའི་ནུས་པ་ཡར་སྤེལ་ཐབས་བཅས་སོ། ། ཁག་ལྔ་པོ་དེའི་ནང་གི་ཁག་གཉིས་པ་ནི་དཔེ་དེབ་འདིའི་གཙོ་གནད་ཡིན་ཞིང་། ཁག་འདིར་རྩོམ་ཐུང་དེ་རིགས9ལ་དབྱེ་ཐོག་རིགས་དགུ་བོའི་རྩོམ་ཐབས་རེ་རེ་བཞིན་དཔེ་དྲངས་ནས་གསལ་བཤད་དང་དབྱེ་ཞིབ་བྱས་ཡོད་པར་མ་ཟད། དཔེ་ལྟ་ས་བྱེད་འོས་པའི་རྩོམ་ཡིག་འགའ་བདམས་ནས་སློབ་སྦྱོང་བྱེད་ཡུལ་དུ་བཟོས་ཡོད། ཁག་གཞན་དུ་རྩོམ་ཡིག་འབྲི་སྟངས་རིགས9བོ་བྱེ་བྲག་ཏུ་ཇི་ལྟར་འབྲི་བ་དང་། བཟོ་བཅོས་ཇི་ལྟར་བྱེད་ཐབས་སོགས་གོ་རིམ་ཤིན་ཏུ་ཞིབ་པར་བྲིས་ཡོད་ལ། བསླབ་དེབ་འདི་ནི་ཆེས་ཆ་ཚང་ཞིང་། བེད་སྤྱོད་རིན་ཐང་ཆེས་ཆེ་བའི་དབྱིན་ཡིག་རྩོམ་འབྲིའི་བསླབ་དེབ་ཞིག་ཏུ་བལྟས་ཆོག
བསླབ་དེབ་འདི་གཉིས་བེད་སྤྱོད་བྱ་ཡུལ་ནི་དབྱིན་ཡིག་ཆུ་ཚད་འབྲིང་ཙམ་ཡན་གྱི་སློབ་སྦྱོང་བྱེད་མཁན་དང་། དངོས་གཞིའི་ཚན་ཁག་གི་སློབ་མ་དང་།ཞིབ་འཇུག་སློབ་མ་ཡིན་ལ། བསླབ་དེབ་ཀྱི་གནད་འབབ་ས་ནི་རྩོམ་འབྲིའི་སྒྲིག་གཞི་དང་། རྗོད་པ་སྤེལ་སྟངས། བསམ་བློ་གཏོང་ཕྱོགས་སྦྱོང་བརྡར་གྱི་སྟེང་ན་ཡོད་པས། དབྱིན་ཡིག་གིས་རྩོམ་འབྲི་མཁན་དག་ལ་མཛུབ་ཁྲིད་ཀྱི་ནུས་པ་ཆེན་པོ་ལྡན། ཡིན་ཡང་། རང་གིས་དངོས་སུ་ལག་ལེན་བརྒྱུད། ལྟ་བ་གསལ་ལ། སྒྲིག་གཞི་ཚགས་དམ་པ། སྔ་ཕྱིའི་གཏན་ཚིགས་ཤིན་ཏུ་ཞིབ་དགོས་པའི་རྩོམ་འབྲི་ལུགས་འདི་སྐད་རིགས་མི་འདྲ་བའི་རྩོམ་པའི་ལག་ལེན་ཁྲོད་དུའང་སྤྱོད་ཆོག་པར་འདུག་ལ། རིག་གནས་དང་སྐད་ཡིག་ཐ་དད་པར་མ་ལྟོས་པར་ཡོངས་ཁྱབ་རང་བཞིན་ལྡན་པས་བོད་སྐད་དུ་རྩོམ་འབྲི་མཁན་དག་ནས་ཀྱང་སློབ་སྦྱོང་བྱེད་འོས་པར་འདུག་གོ།
གཉིས་པ། ཚན་པ་ལྔ་པའི་རྩོམ་ལུགས་ལྟར་མ་བྲིས་པ་དང་བྲིས་པའི་དཔེ་གཉིས།
ཚན་པ་ལྔ་པའི་རྩོམ་འབྲིའི་ཐབས་ཀྱི་འབྲེལ་ཡོད་བསླབ་དེབ་དང་དཔྱད་བརྗོད་མང་པོ་བཀླགས་ཤིང་། སོ་སོ་རང་ཉིད་ཀྱིས་ཀྱང་ཐེངས་མང་པོར་ལག་ལེན་ཚོད་ལྟ་བྱས་ནས་འབྲས་བུ་མིག་མཐོང་ལག་ཟིན་ལྟར་བྱུང་རྗེས། བདག་གིས་རྩོམ་འབྲིའི་སློབ་ཁྲིད་སྔ་ཕྱི་ཐེངས་གཉིས་ལ་བྱས་པའི་གོ་རིམ་ཁྲོད་སློབ་མ་ཚོའི་ནང་དུའང་ངོ་སྤྲོད་ཞིབ་ཚགས་དང་། དྲི་བ་དྲིས་ལན་གྱི་གྲོས་བསྡུར་མང་པོ་བགྱིས་ཏེ་ལག་ལེན་བྱས། ལག་ལེན་བྱ་ཡུལ་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་དང་ཁྲིམས་རིག་སྡེ་ཁག་གི་འཛིན་གྲྭ་གོང་འོག་མི་འདྲ་བ་གསུམ་ཡིན་ཞིང་ཁྱོན་སློབ་མ61ཞུགས་ཡོད། ལག་ལེན་དུས་ཚོད་ནི2018ལོའི་སློབ་སྐབས་གཉིས་པ་དང་།2019ལོའི་སློབ་སྐབས་དང་པོ། 2020ལོའི་སློབ་སྐབས་གཉིས་པ་བཅས་ཡིན་ལ། སློབ་སྐབས་གཅིག་ལ་གཟའ་འཁོར18ཡོད་པ་དང་གཟའ་འཁོར་རེར་ཁྱོན་སྐར་ཞེ་ལྔ་ཅན་གྱི་སློབ་ཚན་གཉིས་ཡོད། ཁོ་བོས་ཐོག་མའི་གཟའ་འཁོར་ལྔའི་རིང་སྟེ། ཁྱོན་ཁྲིད་ཐེངས་ལྔ་བརྒྱུད་ནས་རྩོམ་ལུགས་འདི་ཁྲིད་པ་ཡིན།
རྩོམ་འབྲི་ཐབས་འདིའི་དགེ་མཚན་ནི། སྒྲིག་གཞིའི་ངོས་ནས་རྩོམ་དེ་འདྲ་ཞིག་འབྲི་བའི་དགོས་ཆེད་ཅི་ཡིན། རྩོམ་མཁན་གྱི་ལྟ་བ་གང་ཡིན། སྒྲུབ་བྱེད་གང་ཡིན་བཅས་རྩོམ་འབྲི་མཁན་གྱི་རིགས་ལམ་ཇེ་གསལ་དུ་གཏོང་ནུས་པ་དང་། བརྗོད་བྱ་ལས་གཞན་པའི་འབྲེལ་མེད་དག་འདོར་དུ་འཇུག་པ་དེ་ཡིན་ལ། སྒྲིག་གཞི་གསལ་བོ་ཡིན་པས། འབྲི་མཁན་མ་ཟད་ཀློག་མཁན་གྱིས་ཀློག་པའི་ཚེ་ཡང་ཤིན་ཏུ་ཀློག་བདེ། མ་གཞི་ལྟ་བ་བརྗོད་པའི་རྩོམ་འབྲི་དུས་ལྟ་བ་འདོན་ལུགས་དང་། སྒྲུབ་བྱེད་འགོད་ལུགས། མཇུག་སྡོམ་ལུགས་སོགས་བརྗོད་གཞི་གཞན་ལས་ལྟོས་བཅས་ཀྱིས་གསལ་བོོ་དགོས་པས་ཇི་ལྟར་བྲིས་ཀྱང་ཚད་ངེས་ཅན་ཞིག་ནས་འདྲ་བས་འདིར་ཡིག་ཚོགས་ལ་འཇིགས་ཏེ་དཔེར་འགོད་རྩིས་མིན་ལ། འདིར་དོན་བརྗོད་པའི་ལུགས་སུ་བྲིས་པ་གཉིས་དཔེར་དྲངས་ནས་གླེང་བར་བྱ་སྟེ། དེ་ཡང་རྩོམ་ཐབས་འདིར་གོམས་མེད་པའི་སློབ་མ་ཞིག་གི་རྩོམ་དང་། རྩོམ་ཐབས་འདི་ཁྲིད་ཟིན་པའི་སློབ་མ་ཞིག་གི་རྩོམ་གཉིས་ལ་གཤིབ་བསྡུར་ཞིག་བྱེད་པར་བྱའོ། །
རྩོམ་ཐབས་འདི་ཁྲིད་མེད་པའི་རྩོམ། (ཚན་པ་དང་པོ)
ཨ་མ་ཞེས་མིང་གིས་འབོད་ཐེངས་རེ་རེར། ང་ལ་སྨྲ་བསམ་བརྗོད་འདུས་ཀྱི་ཚོར་བ་ཞིག་གིས་བརྟས་ཡོང་ལ། ཚོར་བ་དེར་དགའ་བ་ཡོད་ལ་སྐྱོ་བ་ཡང་མཆིས། གལ་སྲིད། ང་ལ་ཁྱོད་ལ་ཨ་མས་བཞག་པའི་བག་ཆགས་ཆེས་ཟབ་ཤོས་དེ་ཅི་ཡིན་ནམ་ཞེས་དྲིས་ཚེ། དེ་ནི་ཅིས་ཀྱང་ཚར་རྒྱུ་མེད་པའི་ལས་ཀའི་ཁྲོད་དུ་ལུས་སེམས་གཉིས་ཀར་ངལ་གསོས་དབེན་པའི་འབྲོག་པའི་ཨ་མ་ཞིག་གི་ཆ་བྱད་ཡིན་ངེས་ལ། ང་རང་སེམས་ངོ་ཟིན་པ་ནས་ད་བར་དུ་མོ་རང་ནམ་རྒྱུན་ལས་བྲེལ་ཆེ་ཞིང་། རང་ལུས་ཀྱི་རྒྱན་སྤྲས་མཛེས་བཟོའི་ལས་དེ་ཕལ་བའི་ཕལ་བར་འཛིན་པ་ལ་འགྱུར་བ་ཅི་ཡང་མི་འདུག
རྩོམ་ཐབས་འདི་ཁྲིད་ཟིན་པའི་རྩོམ། (ཚན་པ་དང་པོ)
ང་ཚོ་མི་རེ་རེ་འཇིག་རྟེན་སྟེང་ཕེབས་པ་ནས་བཟུང་།མི་མང་པོ་ཞིག་ལ་འབྲེལ་ཞིང་འདྲིས་པར་བྱེད་དགོས་ཀྱི་ཡོད། དེ་དག་ལས་ལ་ལ་ནི་དུས་ཚོད་ཀྱི་བཞུར་རྒྱུན་དང་འཚོ་བའི་འགྱུར་ལྡོག་ཁྲོད་ཡུན་གྱིས་བར་ཐག་ཇེ་རིང་དུ་གྱུར་ཏེ་གར་སོང་ཆ་མེད་དུ་འགྱུར་ལ། ལ་ལ་ནི་ཡོད་ཆོག་ལ་མེད་ཀྱང་ཆོག་པར་འགྱུར་བ་དང་། འགའ་ཞིག་ནི་སེམས་སུ་སྐད་ཅིག་ཙམ་ཡང་འབྲལ་མི་ཐུབ་པར་ཁྱོད་རང་གི་མི་ཚེའི་ཁྲོད་ཆེས་གལ་ཆེ་བའི་མི་རུ་འགྱུར། མི་འགའ་རེར་མཚོན་ན་དེ་ནི་ཕ་མ་དང་ཡང་ན་བཟའ་ཚང་ཡིན། ཡང་ན་སྤུན་སྲིང་དང་གྲོགས་པོ་ཡིན་སྲིད། ང་རང་ལ་མཚོན་ན་ཆེས་གལ་ཆེ་ལ་མེད་ཐབས་མེད་པ་ནི་སྙིང་ཉེ་བའི་ཨ་མ་ལགས་ཡིན།
རྩོམ་འདི་གཉིས་ཀྱི་ཁ་བྱང་དང་བརྗོད་བྱ་ནི“ཨ་མ”ཡིན་ལ། རྩོམ་སྔོན་མ་ནི་དེང་སང་བོད་སྐད་དུ་འབྲི་བཞིན་པའི་རྒྱུན་སྲོལ་གྱི་རྩོམ་ཞིག་གི་རྩོམ་མགོའམ་ཚན་པ་དང་པོ་ཡིན་ཞིང་། ཕྱི་མ་ནི་ཚན་པ་ལྔ་པའི་ལུགས་སུ་བྲིས་པའི་རྩོམ་ཞིག་གི་ཚན་པ་དང་པོ་ཡིན། སྔ་མས“ཨ་མ”ཞེས་མིང་གིས་འབོད་ཐེངས་རེ་རེར་ཞེས་དང་ཨ་མས་བཞག་པའི་བག་ཆགས་ཟབ་ཤོས་དེ་ཅི་ཡིན་ནམ་ཞེས་པའི་དྲི་བ་ལ་བརྟེན་ནས་རྩོམ་འདི་འབྲི་བའི་དགོས་དབང་ངམ་རྒྱབ་ལྗོངས་བྲིས་ཡོད་ལ། ཕྱི་མས་འཇིག་རྟེན་སྟེང་གི་མི་ཐམས་ཅད་ཀྱི་ངོས་ནས་མི་དང་མིའི་འབྲེལ་བ་རིགས་གསུམ་བརྒྱུད“ང”དང་ཨ་མའི་འབྲེལ་བ་དམིགས་བསལ་བ་ཡིན་ལུགས་སྐོར་བྲིས་ཡོད། སྔ་མའི་རྩོམ་འབྲི་བའི་ཀུན་སློང་ངམ་འབྲི་རྐྱེན་ནི་སྟེས་དབང་ལྟ་བུ་ཞིག་དང་རྩོམ་མཁན་སྒེར་ནས་ཇུས་འགོད་བྱས་པ་གསལ་ལ། ཕྱི་མ་ནི་མི་ཐམས་ཅད་ལ་ཧ་ལམ་འབྱོར་བའི་ཡོངས་ཁྱབ་ཀྱི་གནས་ལུགས་ཤིག་བརྗོད་པ་བརྒྱུད་རྩོམ་དེ་བྲིས་ཡོད། སྔ་མའི་ནང་དུ་ཨ་མས་ང་ལ་བཞག་པའི་བག་ཆགས་བྲིས་ཡོད་ལ། རྩོམ་གྱི་དངོས་གཞིར་བག་ཆགས་མུ་མཐུད་འབྲི་རྒྱུ་ཡིན་ནམ་ཅི་འབྲི་རྒྱུ་ཡིན་ཀློག་མཁན་གྱིས་ཤེས་དཀའ། ཕྱི་མར་ཨ་མ་ནི་ང་ལ་གལ་ཆེ་ཞིང་མེད་ཐབས་མེད་པའི་སྐོར་འབྲི་རྒྱུ་ཡིན་པ་གསལ།
རྩོམ་ཐབས་འདི་ཁྲིད་མེད་པའི་རྩོམ། (སྒྲུབ་བྱེད་ཀྱི་ཚན་པ)
ལོ་ངོ་སུམ་ཅུའི་ཡར་སྔོན་གྱི་མཚན་མོ་ཞིག་ལ། འགབ་མ་སྡེ་བའི་བུ་མོ་ཞིག་བར་མ་སྡེ་བའི་ཁྱིམ་ཚང་ཞིག་ལ་མནའ་མར་བྲོས་ཤིང་། སྐབས་དེར་མོ་རང་ལོ་ན་བཅུ་དགུ་ཙམ་ཡིན་ལ། སྐྲ་ཡང་ཏག་ཏག་རྣ་རྟིང་དུ་སླེབས་ཙམ་ཡིན་པས་ལན་བུ་སླ་རྒྱུ་ཕར་ཞོག་བསྡམ་རྒྱུ་ཙམ་ཡང་མེད་པ་ཞིག་རེད། མོ་རང“བྲོས་མོ”ཡིན་པས་རྒྱན་ཆའི་གཟབ་འཆོར་ཅི་ཡང་མེད་མོད། མོའི་ཨ་མས་སེམས་ཀྱིས་མ་བཟོད་པར་ཁོ་ཚང་གི་བུ་མོ་སྤུན་གསུམ་ལ་ཚ་རུ་གསར་བ་གཅིག་ཡོད་པ་དེ་མོ་ལ་གྱོན་དུ་བཅུག་པས། ཕྱིས་སུ་མོའི་ཨ་མར་ཁྱོ་གའི་རྡུང་རྡེག་ཀྱང་ཉེས་སོང་ཟེར། ཏག་ཏག་མཚན་དེའི་བར་མ་སྡེ་བའི་བག་མའམ། ཡང་ན་འགབ་མ་སྡེ་བའི“བྲོས་མོ”དེ་ནི་ད་ལྟ་ངའི་ཨ་མ་ཡུམ་མཚོ་ཡིན་ནོ། །
མནའ་མ་ཞིག་ཡིན་ཕྱིན། མོས་ཀྱང་སྔོན་ཆད་མནའ་སྒྱུག་བར་གྱི་འགལ་བ་དང་ལས་ཀའི་དཀའ་སྡུག་མང་པོ་མྱོང་རབས་ངས་མོ་རང་གི་ངག་ནས་ཐོས་མྱོང་མོད། འོན་ཀྱང་མོས་བུ་ཕྲུག་ཚོའི་ཁ་རྒྱབ་དང་ཁྱིམ་ཚང་གི་སང་ཉིན་གྱི་ཆེད་དུ་ལེ་བདའ་དང་འཁང་ར་ཅི་ཡང་མེད་པར་ལུས་སེམས་ཡོད་ཚད་ལས་རྫོབ་ཆེ་བའི་འཁོར་བར་ཕུལ་ནས་བསྡད།
ཨ་མར་བུ་ཕྲུག་བཞི་ཡོད་པ་ལས་ང་ནི་གསུམ་པ་དེ་ཡིན་ལ། ཚང་མས་བཤད་ཚུལ་དུའང་ཕ་མ་ཚང་མ་རང་གི་བུ་ཕྲུག་ནང་གི་ལོ་ན་ཆེས་ཆུང་བ་དེར་ལྷག་པར་འདང་ཆེ་ཟེར་སྲོལ་འདུག་ཅིང་། དེ་ཡང་བདེན་པ་འདྲ་སྟེ་ངའི་ཨ་མས་ངེད་ཅག་ཆུང་དུས་མིང་སྲིང་བཞི་ལས་ནུ་བོ་གཅིག་པུ་མ་གཏོགས་མི་རུམ་ལ། ཨ་ནེ་ཆུང་བས་བཤད་པ་ལྟར་ན། ནམ་རྒྱུན་ང་ཚོས་ཨ་མའི་ཁར་མ་བླངས་པ་ཡིན་ན། འཕོང་ལ་ཐལ་ལྕག་རེའམ་ཡང་ན་མགོ་ལ་མེ་ཡོག་རེ་ནི་ཅིས་ཀྱང་འབབ་ངེས་ཟེར། སྐབས་དེ་དག་ཏུ། ཨ་ཕ་ངེད་ཚོའི་ཕྱོགས་སུ་ལངས་ནས་ཨ་མར་གཤེ་གཤེ་འགའ་ཡང་བཏང་སྲིད་དེ། སྐོར་འདི་གླེང་དུས་ངའི་དྲན་འཛིན་གྱི་མེ་ལོང་ངོས་སུ་གཏམ་རྒྱུད་ཅིག་ཝ་ལེར་འཆར་ཡོང་བ་ནི། ང་རང་ལོ་ན་བརྒྱད་ལ་སོན་པའི་སྐབས་དེར། ངས་ནམ་རྒྱུན་ནོར་གྱི་ལྕི་བ་བསྡུ་དགོས་ལ། ཐེངས་ཤིག་ཆར་རླུང་དྲག་པོ་གཡུགས་ཏེ་སྦྲ་སྒོར་འགྲོ་མི་ཕོད་པ་ཞིག་ཀྱང་ཡིན་མོད། ངས་ད་དུང་ཉིན་དེའི་རང་འགན་འགྲུབ་མེད་དེ། འབྲི་རྡང་གོང་མའི་ལྕི་བ་དག་ནི་གང་ལ་གང་ཆེ་མེད་པར་ཆར་བའི་ཁྲོད་ན་བརྟན་འཇགས་སེར། ལྗིད་ཏིག་གེར་ང་ལ་སྒུག་འདུག
ཨ་མ་ནི་སྔ་མོ་ནས་ལྷས་རར་ཐོན་ཞིང་ང་ལ་མྱུར་བར་ལྕི་བ་བསྡུ་རུ་ཤོག་ཅེས་སྐད་ཡང་ཡང་བཏང་།“བསམ་བློའི་འཐབ་རྩོད་དྲག་པོ”ཞིག་བརྒྱུད་མཐར་ངས་གཞི་ནས་ཕུ་ཐུང་གཉིས་ཡར་ལ་བརྫེས་ནས་ལྕི་བ་དག་དང་ཞལ་མཇལ་བར་ཆས། ལྕི་བ་ལ་ལ་ནི་ཆར་བས་བརླན་ཏེ་ཅུང་ཙམ་གཤེར་ཁུ་ཅན་དུ་འགྱུར་ཞིང་། དེའི་རིགས་ནི་ལྷག་པར་བསྡུ་དཀའ་སྟེ་ངའི་སྤར་བའི་ནང་དུ་མི་ཚགས་པས་ལྕི་བ་གཅིག་ཐེངས་དུ་མར་འཕེན་དགོས། མཚམས་ཤིག་ངའི་ལག་པ་གྲང་ནས་དམར་པོར་གྱུར་ཅིང་ལྭ་བའི་ཕྱི་ནང་མེད་པར་ཆར་བས་བརླན་པས། ང་རང་དབང་མེད་པར་ཨ་མའི་སྟེང་དུ་ཁོང་ཁྲོ་ལངས་ཤིང་། མོ་ཡང་སྙིང་ངའི་ཨ་མ་ངོ་མ་ཡིན་མིན་ལ་ཡང་དོགས་པ་སྐྱེས་མོད། ངས་ཅིས་ཀྱང་མཚམས་འཇོག་མ་ཕོད་པར་མུ་མཐུད་ཆར་རླུང་ནང་དུ་ལྕི་བ་བསྡུས་ལ། ཞོར་དུ་རླངས་པ་འཁྱིལ་བའི་ལྕི་བ་རེ་མཐོང་ཚེ་མྱུར་མོར་གམ་དུ་སོང་ནས་ལག་པ་ནང་དུ་བསྡུས་ཏེ་ཡུད་ཙམ་ལ་སྲོ་ཁུལ་བྱས།
ངས་ལྕི་བ་བཏུས་ནས་རྡང་ཕྱེད་ལ་ཐོན་པའི་སྐབས་དེར་ཨ་ཕ་ལུག་རྫི་ནས་ཕྱིར་ལོག་བྱུང་། རྡང་ནང་དུ་ཆར་བས་བརླན་པའི་ང་རང་མཐོང་མ་ཐག་སྐད་བཏང་ནས་ཁྱིམ་ལ་ཁྲིད་ཅིང་། ཨ་མར“དམྱལ་བ་མ”ཞེས་སྡིགས་མོ་ཡང་བྱས་ཏེ་ང་ལ་ལྕི་བ་བསྡུ་མི་དགོས་པའི་དགོངས་པ་གནང་། ཨ་ཕས་ང་ལ་རྩམ་ཁུ་མར་དང་བཅས་པ་ཚ་པོ་ཞིག་བླུགས་ནས“མ་ཁོ་མ་ལོ”ཞེས་སྒྱེད་པུའི་གམ་ནས་མེ་ལ་ལྡེ་རུ་བཅུག་ཅིང་། སྐབས་དེར་ངའི་སེམས་སུ་ཨ་མ་ཡང་ཨ་ཕ་དང་འདྲ་བ་ཞིག་ཡིན་ན་ཅི་མ་རུང་སྙམ་ལ། ཨ་ཕ་དང་ལྷག་པར་སྙིང་ཉེ་བོར་གྱུར།
དྲང་མོར་བཤད་ན། ཨ་མའི་ཐུགས་གཤིས་བཙན་པའི་བཀའ་དྲིན་གྱིས་ང་རང་རྫོང་སློབ་ཆུང་འགྲིམ་སྐབས་ནས་བཟུང་དབྱར་དགུན་མེད་པར་རང་གི་གོན་པ་རང་གིས་བཀྲུ་ཐུབ་པ་བྱུང་ལ། སློབ་སྦྱོང་ལ་ཡང་རང་འགུལ་གྱིས་འབད་པ་བྱེད་པའི་སེམས་ཤུགས་ཤིག་བསྩལ་འདུག
འོན་ཀྱང་། དོན་དག་ཚང་མ་རང་གི་འདོད་བློ་ལྟར་ཡོང་བ་ཞིག་ག་ལ་ཡིན་ཏེ། དམའ་གསུམ་སྐབས་ཀྱི་ཞོགས་སྦྱོང་ཞིག་ལ། གློ་བུར་ངའི་མིག་ལམ་དུ་སྐར་མ་ལྟ་བུ་མང་པོ་ཤར་ཞིང་། ཡུད་ཙམ་རྗེས་ནས་རྐང་ལག་ཚང་མ་སྦྲིད་ཅིང་ཁ་སྣ་ཡང་གྲང་པོར་ཆགས་པས། དགེ་སློབ་ཚང་མར་འཚུབ་ཆ་ལངས་ཤིང་འཛིན་དཔོན་གྱིས་ང་རང་རྒྱབ་ཏུ་ཁུར་ནས་སྨན་ཁང་དུ་བསྐྱལ།
ང་ནི་དེ་ལྟར་ཤེས་མེད་ཚོར་མེད་ཀྱི་ཁམས་ཤིག་ནས་རེ་ཞིག་ཁོ་ཚོ་དང་བྲལ་མོད། སྨན་བཅོས་སྣ་ཚོགས་བྱས་མཐར་ངའི་ཚོར་བ་ཅུང་ཙམ་སླར་གསོ་བྱུང་དུས། ཐོག་མར་ངའི་མིག་ལམ་དུ་མངོན་པ་ནི་སུ་དང་གང་ཡང་མིན་པར་ཨ་མ་རང་རེད་དེ། མོས་ཏག་ཏག་ངའི་རྐང་མཐིལ་ལ་ཕུར་ཕུར་བྱེད་ཀྱིན་གདའ། ངའི་རྐང་པ་ད་དུང་སྦྲིད་ཙམ་ཡོད་པས་ཐོག་མར་གསལ་བོོ་མ་ཤེས་མོད། བསྡད་ཀྱིན་བསྡད་ཀྱིན་ངས་ཨ་མའི་ལག་པ་ཧ་ཅང་གཙུབ་པ་ཚོར་ལ། ཨ་མའི་ལག་པར་སེར་ག་མང་པོ་ཤོར་ཡོད་པ་ནི་སྨོས་མེད་རེད་སྙམ། ཡིན་ནའང་། ཨ་མས་དེ་ལ་སྣང་དོགས་ཡེ་ནས་མེད་པར་ཕུ་འདེབས་ཞོར་ང་ལ་ཤ་ཁུ་ཚ་པོ་ཞིག་བླུགས་བྱུང་། ཨ་མས་གཞི་ནས་ལས་ཀ་བརྗེད་ཅིང་། ལྷས་ར་དང་འཁོར་བ་ཡང་རེ་ཞིག་བརྗེད་པའི་ཚུལ་དུ་ལུས།
དྲང་མོར་བཤད་ན། སྨན་ཁང་དུ་བསྡད་པའི་ཉིན་དེ་གར་ངས་སྔར་བཞིན་ཨ་མའི་ངག་ནས“མ་ཁོ་མ་ལོ”ཞེས་པའི་ཚིག་གཅིག་ཀྱང་མ་ཐོས་མོད། ཨ་མའི་ངག་འཇམ་པོར་གྱུར་འདུག ངས་ཀྱང་གོ་སྐབས་དེ་དང་བསྟུན་ནས་ཨ་མར་ང་རང་རུམ་པའི་རེ་བ་བཏོན་པར། ཨ་མས་དང་ཐོག་ཅི་མི་སྙམ་པར་ཁས་བླངས་མོད། འོན་ཀྱང་མོས་དེའི་མུར་མལ་ཁྲིའི་ཐོག་གི་ཉལ་ཐུལ་ལ་ལྟ་ཙམ་བགྱིས་ནས“ཁྱོད་རང་མལ་ཁྲིའི་སྟེང་ཁེར་ཉལ་བྱོས་དང་སྐྱིད་རེད། ང་པང་གཅལ་དུ་གདན་བཏིང་ནས་ཉལ་ན་འགྲིག ཡང་གཅིག་བཤད་ན་ང་རྒྱུན་པར་སྦྲ་ནང་དུ་པགས་གདན་བཏིང་ནས་ཉལ་བས་དམའ་སར་ཉལ་བ་གོམས་སོང”ཞེས་བཤད་ཅིང་།
ངས་ཡང་བསྐྱར“དོ་དགོང་གཅིག་པུ་མ་གཏོགས་མི་དགོས”ཞེས་ཞུ་བ་བྱས་མོད། ཨ་མས་རང་གི་རྒྱབ་གོས་ཀྱི་པང་མཐིལ་ལ་ལྟ་ཞོར“ཡང་ན་འུ་གཉིས་ཕྱིར་ཁྱིམ་དུ་ལོག་ན་ངས་ཁྱོད་པགས་གདན་སྟེང་ནས་རུམ་ཆོག”ཟེར། སྐབས་དེར་ངས་ཅུང་ཟད་མི་འཐད་པའི་རྣམ་འགྱུར་ཞིག་བསྟན་ཏེ་མལ་ཐུལ་གྱིས་མགོ་བཏིམས་ནས་ཁ་ཡང་མ་གྲགས་པར། ཁ་རོག་གེར་ཨ་མས་པང་གཅལ་དུ་མལ་གདན་གདིང་མིན་ལ་ཉན་ནས་བསྡད། འོན་ཀྱང་ཡུད་ཙམ་རྗེས་ནས་ངས་ཨ་མ་གཉིད་པའི་སྐབས་སུ་ཕྱུང་བའི་དབུགས་ཀྱི་འགྲོས་དེ་ཐོས་ཤིང་། མལ་ཐུལ་གྱི་གསེང་ནས་ག་ལེར་བལྟ་དུས། ཨ་མའི་མགོ་བོ་ངའི་རྐང་པ་ཡོད་སར་བཞག་ནས་ཉིན་དཀར་གྱི་ཆ་བྱད་ཇི་ལྟ་ཡིན་པ་དེ་ལྟ་བཞིན་དུ་གཉིད་འདུག་ལ། ངས་ད་གཟོད་ཨ་མའི་ལག་ཟུང་གི་འོ་དྲེག་ཀྱང་ད་དུང་བཀྲུས་མེད་པ་ཚོར་བྱུང་། འགྲམ་ངོས་དང་རྣ་རྒྱབ་ནས་སེར་བུས་བསྐམས་པའི་རྔུལ་ཆུའི་བཞུར་ལམ་འགའ་ནི་གྱ་མ་གྱུའི་སྐེ་ཁུགས་སུ་འཐེན་འདུག་པ་མཐོང་ལ། ཤུལ་ལམ་དེ་ཡང་སྐྱ་ཤུར་རེ་བ་ཞིག་གཏན་ནས་མིན་པར་ཚིལ་དྲེག་གི“ཕྲ་རྒྱན”བཏབ་འདུག ད་དུང་། སྔ་དྲོ་འབྲི་མོའི་གསུས་རྩིད་ལ་སྦྱར་བའི་ས་རྡུལ་དག་ཀྱང་ད་ལྟ་ཨ་མའི་མགོ་ལ་ཁུར་ནས་ཁུལ་སྨན་ཁང་དུ་སླེབས་པ་རྟོགས།
རྩོམ་ཐབས་འདི་ཁྲིད་ཟིན་པའི་རྩོམ། (སྒྲུབ་བྱེད་ཀྱི་ཚན་པ)
ངའི་ཨ་མ་ནི་སྨྲ་བརྗོད་ལ་མི་མཁས་པའི་བུད་མེད་ཅིག་ཡིན། སྐབས་ལ་རེར་ཕ་མ་གཉིས་ཀྱིས་ཁྱིམ་གྱི་བྱ་བ་ཙག་ཙིག་གི་ཆེད་དུ་རྩོད་པ་བྱུང་དུས། ཨ་ཕས་སྐད་ཆ་ཅི་འདྲ་བཤད་ཀྱང་ཨ་མས་ཕྱིར་ཚིག་ལན་གཅིག་ཀྱང་སྨྲས་མྱོང་མེད། དུས་ཡུན་རིང་པོ་ཞིག་ལ་ངས་དེ་འདྲ་ཡིན་པའི་རྒྱུ་མཚན་ནི་ཨ་མ་ཁ་ལྕེ་ཞན་པ་དང་ནུས་པ་མེད་པའི་རྐྱེན་རེད་བསམ། འོན་ཀྱང་ལོ་ན་མུ་མཐུད་ཡར་སོན་རྗེས། ཕ་མ་གཉིས་ཕན་ཚུན་གྱི་བརྩེ་འདང་དང་བརྩི་བཀུར་ཇེ་ཟབ་ནས་ཇེ་ཟབ་དང་། ཁྱིམ་ཚང་གི་ཁོར་ཡུག་ནམ་ཡང་འཆམ་མཐུན་དུ་གནས་བཞིན་པ་མཐོང་རྗེས། ངས་ཨ་མའི་ཁ་དམ་པར་བསྡམས་ནས་ཚིག་ཅི་ཡང་མི་སྨྲ་བའི་རྒྱུ་མཚན་རྟོགས་སོང་།
མི་ཕན་ཚུན་འབྲེལ་འདྲིས་བྱེད་པའི་སྐབས་ལའང་ཀླན་ཀ་ཅུང་ཙམ་བྱུང་བ་དེ་ལ་ཕྱིར་ལན་སྨྲས་ནས་དུས་སྐབས་དེ་ཡི་ཡིད་སེམས་ཁེངས་པར་བྱེད་པ་ནི་གཙོ་བོ་མིན་པར། སྐབས་དོན་དེ་ཡི་མི་གཞན་པའི་སེམས་ཁམས་ལ་དོ་སྣང་བྱས་ནས་བཟོད་བསྲན་ཅུང་ཙམ་བྱས་ན། ད་གཟོད་ཁོང་ཁྲོ་ཐམས་ཅད་ཞི་བར་གནས་ཏེ་དྭངས་གཙང་གི་ཁོར་ཡུག་བསྐྲུན་ཐུབ་པའང་བློ་ལྡན་གྱི་ཐབས་ཤེས་ཤིག་ཡིན་པ་གཞི་ནས་རྟོགས།
ངའི་ཨ་མ་ནི་ཨུ་ཚུགས་ཆེ་བའི་མི་ཞིག་ཡིན། ཨ་མ་ལོ་ན་ཆུང་དུས་སུ་སྤྱི་ཚོགས་དང་ཁོར་ཡུག་གི་ཆ་རྐྱེན་ཞན་པས། བུ་གསུམ་དང་བུ་མོ་གཉིས་ཡོད་པའི་ཨ་མའི་ཁྱིམ་དུ་བུ་ཆུང་བ་དང་བུ་མོ་ཆུང་བ་གཉིས་ལས་གཞན་རྣམས་ཡུལ་ནས་ལས་ཀ་མི་ལས་ཐབས་མེད་བྱུང་། མོ་རང་ཏན་ཏན་བུ་མོ་ཆེ་བ་ཡིན་པས་ཁྱིམ་གྱི་ལས་ཀ་མང་པོ་གཉའ་ལ་ལྷུང་སྟེ་ཆུང་དུས་ནས་ཁྱིམ་བདག་མ་ཕྱེད་ཀར་གྱུར། དེ་བས་དབྱངས་གསལ་སློབ་སའི་སློབ་ཁང་ཆུང་ཆུང་དེར་འཛུལ་བའི་གོ་སྐབས་གཞི་ནས་བྲལ། ཨ་མའི་བཤད་པ་ལྟར་ན། ཁྱིམ་ཚང་གི་གནས་ཚུལ་རྐྱེན་གྱིས་མོ་རང་སློབ་གྲྭར་འགྲོ་མ་ཐུབ་ཀྱང་རིག་པའི་ཡོན་ཏན་ལ་སྐོམ་པས་ཆུ་འདོད་པ་ལྟ་བུའི་འདུན་པ་སྐྱེས་པས། ནམ་རྒྱུན་ཕྱི་དྲོ་ལོན་དུས་མོས་འུར་ཆ་བཟུང་ནས་སློབ་གྲྭ་གྲོལ་ནས་ཕྱིར་ཡུལ་ལ་ལོག་པའི་གཅུང་མོའི་གམ་དུ་རྒྱུག་སྟེ། དེ་རིང་ཁོ་ཚོར་གང་གང་ཁྲིད་པ་ཞིབ་ཏུ་དྲིས་པར་མ་ཟད། གཅུང་མོས་རང་ལ་ཟབ་ཁྲིད་བྱེད་དགོས་པར་ཡང་ནས་ཡང་དུ་རེ་བ་བཏོན་པ་ཡིན་ཟེར། དེ་དུས་གཅུང་མོ་ཐང་ཆད་ནས་ཁྲིད་འདོད་མེད་པའི་རྣམ་འགྱུར་དང་ཚུགས་ཀ་ཅི་འདྲ་བསྟན་ཀྱང་། ངའི་ཨ་མ་ལ་ས་སྟེང་གི་ཆུ་མིག་ལྟར་སྤྱོད་ཚད་མེད་པའི་ལས་སྟོབས་དང་ཨུ་ཚུགས་ཡོད་ཟེར། དེ་འདྲའི་ཨུ་ཚུགས་ཡོད་རྐྱེན། ངའི་ཨ་མའི་འབྲོག་ལས་ལོ་སུམ་ཅུར་ལས་རྗེས་ཨ་ཕ་དང་ཁོང་གཉིས་གྲོང་རྡལ་དུ་གནས་སྤར་ཏེ། རྒྱ་ཡིག་དང་རྒྱ་སྐད། གྲངས་རྩིས་སོགས་ཅི་ཡང་མི་ཤེས་པའི་ཨ་མས་ཏོག་ཙམ་ཏོག་ཙམ་སློབ་སྦྱོང་བྱས་པ་བརྒྱུད་རང་བརྟེན་གསར་གཏོད་སྒོས་སྡེབ་འཚོང་ཁང་ཕྱེ་ཐུབ་པར་གྱུར་ཡོད་ལ། དབྱར་ཚ་བས་མི་གདུང་བ་དང་དགུན་གྲང་བས་མི་འཇོམས་པའི་གནས་ཁྱིམ་དྲོད་མོ་ཞིག་ང་ཚོ་སྤུན་མཆེད་དག་ལ་བསྐྲུན་ཡོད་པ་རེད། དེ་བས་བྱ་བ་གང་ཡང་ང་ཚོར་བསྒྲུབ་འདོད་ཀྱི་སེམས་ཤུགས་དང་འབད་འདོད་ཀྱི་སྟོབས་ཤུགས་ཡོད་ཚེ་ལེགས་འགྲུབ་འབྱུང་ངེས་པའི་ཡིད་ཆེས་ལྡོག་ཏུ་མེད་པ་སྐྱེས།
ངའི་ཨ་མ་ནི་ལོབས་དཀའ་བའི་མི་ཞིག་ཡིན། ཁྱིམ་ལས་ཀྱི་འགན་གཙོ་བོ་ཁུར་བའི་སྐྱེས་མ་ཚོས། ལས་ཀ་མེད་པའི་སྐབས་སུ་མཉམ་དུ་འདུས་ནས་མཐོང་ཐོས་རེ་གླེང་རྒྱུ་ནི་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་བཟུང་ཡོད། ཁོམ་པ་ཡོད་སྐབས་སྡེ་བའི་ཨ་ནེ་འགའ་རེ་མཉམ་དུ་འཛོམས་ནས་སྡེ་བའི་གསར་འགྱུར་ཅི་རིགས་ཁྱབ་སྒྲོག་དང་ཞོར་ལ་རང་རང་གི་ལྟ་ཚུལ་ཆད་མེད་དུ་གླེང་དུས། ངའི་ཨ་མ་ནི་ཚོགས་ཆུང་དེའི་མཐའ་རུ་བསྡད་ནས་ཉན་མཁན་ཡིན་པ་ལས་དཀྱིལ་དུ་བསྡད་དེ་གཏམ་བཤད་མཁན་གྱི་གྲས་ནི་ནམ་ཡང་མིན། དེ་བས་ནམ་རྒྱུན་གྱི་མཐོང་ཐོས་གསར་བ་ཞིག་ངའི་ཨ་མའི་མདུན་ནས་ཐོབ་འདོད་པ་ནི་ཧ་ལམ་ཉིན་དཀར་དགུང་གི་སྐར་མ་མཐོང་དཀའ་བ་བཞིན་དཀོན། དེ་བས་ངའི་ཨ་མ་ནི་ལོབས་དཀའ་བའི་བུད་མེད་ཅིག་ཡིན་ཞེས་སྨོས་ཆོག། མོས་གང་འདོད་ཀྱི་སྐད་ཆ་ཁ་ནས་མི་བཤད་པས་སྨྲ་བ་ཉུང་ལ་མི་ཚོགས་ལ་དེ་འདྲ་མི་འདྲིས། ནམ་རྒྱུན་ངེད་སྤུན་གསུམ་པོས་གཞན་གྱི་འགྲོ་འདུག་སྤྱོད་གསུམ་ལ་ལུང་ཁུངས་མེད་པའི་སྡོམ་ཚིག་འཇོག་དུས། ཨ་མས་ཁུངས་མེད་ལོང་གཏམ་ནི་གཅིག་ནས་བརྒྱ་ལ་ཁྱབ་པར་ཧ་ཅང་སླ་བས་འཛེམ་དགོས་ཟེར། ཆུང་དུས་ཀྱི་དུས་ཡུན་རིང་པོ་ཞིག་ལ་ངས་ཨ་མའི་སྐད་ཆ་འདི་ལ་གོ་བ་ལོན་མ་ཐུབ། འོན་ཏེ་ལོ་ན་དང་ནང་སེམས་ཇེ་སྨིན་དང་བསྟུན་ངས་གཞི་ནས་ཨ་མའི་སྐད་ཆ་དེ་ནི། མ་བརྟགས་པ་ནི་སུ་ལ་ཡང་། ། ཡིད་ཆེས་པ་དང་བསྒོ་མི་བྱ། ། བག་ཕེབས་པ་ལས་སྐྱོན་བྱུང་དང་། ། གྲོས་བཏབ་པ་ལས་དགྲར་འགྱུར་མང་། ། ཞེས་པའི་ཁུངས་གང་ཡིན་མི་དྲན་པའི་མཁས་པའི་ལེགས་བཤད་འདི་དང་འདྲ་འདུག་སྙམ། དེང་སྐབས་མི་ནི་སྤྱི་ཚོགས་ཀྱི་སྲོག་ཆགས་ཡིན་པས། ཚོགས་པ་དང་འདྲིས་དགོས་ཟེར་གྱིན་ཡོད། འོན་ཀྱང་ཨ་མའི་གཤིས་ཀ་ལས་ངས་མི་དང་འདྲིས་པ་གལ་ཆེན་མིན་པར་གང་གི་ཆེད་དུ་འདྲིས་པ་ནི་ད་གཟོད་གལ་ཆེའོ་སྙམ་པའི་ངོས་ཟིན་སྐྱེས།
ཚན་པ་ལྔ་པའི་ལུགས་ཀྱི་རྩོམ་སྲོལ་ལྟར་ན། ཚན་པ་གཉིས་པ་ནས་བཟུང་བཞི་པའི་བར་ནི་སྒྲུབ་བྱེད་ཀྱི་ཆ་ཡིན། དེ་བས་ཕྱི་མའི་ཚན་པ་དང་པོ་དེར་ཨ་མ་ནི་སྨྲ་བརྗོད་ལ་མི་མཁས་པའི་བུད་མེད་ཅིག་ཡིན་ལུགས་དང་། གཉིས་པ་དེར། ཨ་མ་ནི་ཨུ་ཚུགས་ཆེ་བའི་མི་ཞིག་ཡིན་ལུགས་དང་། གསུམ་པར་ཨ་མ་ནི་ལོབས་དཀའ་བའི་བུད་མེད་ཅིག་ཡིན་ལུགས་བྲིས་ཡོད་ལ། དེ་གསུམ་བརྒྱུད་ཨ་མའི་སྣང་བརྙན་ཇེ་གསལ་དང་། ཨ་མས་མོ་ལ་བཞག་པའི་བག་ཆགས་ཇེ་གསལ། ཤུགས་རྐྱེན་ཇེ་བརྟན་དུ་གྱུར་ཡོད། རྩོམ་སྔ་མ་ལ་མཚོན་ནའང་། ཨ་མའི་ལོ་རྒྱུས་བསྡུས་པ་དང་ཨ་མས་ང་ལ་བཞག་པའི་འགན་ཁུར་གཉིས་བྱུང་རིམ་དང་བཅས་བྲིས་རྗེས། ཨ་མ་ནི་བརྩེ་དུང་ལ་བློ་བརྟན་པ་དང་ཐུགས་གཤིས་བཙན་པོ་ཡིན་པ། དེར་བརྟེན་རྩོམ་མཁན་ལ་ཡང་སྒེར་ཚུགས་ཀྱི་ནུས་པ་བྱུང་ཚུལ་བྲིས་ཡོད། ལར་རྩོམ་འདི་གཉིས་ཀའི་སྒྲུབ་བྱེད་ཀྱི་ཆ་ནས་ཨ་མ་ཅི་འདྲ་ཞིག་ཡིན་པ་དང་། ཨ་མས་ང་ལ་ཐེབས་པའི་ཤུགས་རྐྱེན་བྲིས་པ་ཅུང་ལེགས་འགྲུབ་བྱུང་ཡོད་པར་ངོས་བཟུང་ཆོག་ནའང་། ཕྱི་མས་ནི་ཚན་པ་ལྔ་པའི་ལུགས་ལྟར་དུ། དོན་ཚན་རེ་རེའི་ཁྲོད་དོན་སྣ་གཅིག་མགོ་བརྩམས་པ་ནས་མཇུག་གྲུབ་པར་བྱས་ཡོད་ལ། དོན་ཚན་རེ་རེའི་ཐིག་ཕྲེང་དང་པོར་དོན་ཚན་དེའི་བརྗོད་གཞིའི་ཚིག(topic sentence)ཐད་ཀར་དུ་བྲིས་ཤིང་། དོན་ཚན་དེར་བརྗོད་གཞི་དེ་གཅིག་པུ་གླེང་
ཡོད་པས། ལྷག་མ་དང་འབྲེལ་མེད་རིགས་བྲིས་པ་མི་སྣང་ལ་རྩོམ་ཐབས་ཀྱི་སྒྲོམ་གཞིའི་ནང་དུ་ཡོད་པས་ཚགས་དམ་པ་དང་རིགས་ལམ་གསལ་བོོ་ཡིན་པའི་ཚུལ་ཤིན་ཏུ་གསལ་བོོར་སྣང་།
རྩོམ་ཐབས་འདི་ཁྲིད་མེད་པའི་རྩོམ། (མཇུག་སྡོམ)
ནམ་ཞིག་ང་རང་མཐོ་འབྲིང་ལ་ཞུགས་པ་ནས་བཟུང་།ཨ་མས་ལས་ཀ་ཅི་ཡོད་མོ་རང་གིས“མངོན་ལྐོག”བྱས་ནས་འགྲུབ་པར་བྱེད་ཅིང་། ལྷག་པར་ངས་སློབ་ཆེན་གྱི་སྒོ་ཐེམ་བརྒལ་བ་ནས་བཟུང་ཨ་མའི་ངག་སྔར་ལས་འཇམ་པོར་གྱུར་ཅིང་། ལས་བྲེལ་ཆེ་ཡང་ཁོམ་པ་བྱུང་ནས་ང་དང་མཉམ་དུ་ཁ་བརྡ་བྱེད་ལ། མོས་ནམ་རྒྱུན“ཁྱེད་ཚོས་རང་གི་སློབ་སྦྱོང་གི་ལས་ཀ་ཡག་པོར་འགྲུབ་ན་དེས་ཆོག ཨ་མ་ལ་སྐྱོན་མེད”ཅེས་ལབ་ཅིང་། ངས་མོ་ལ་རང་གི་ལུས་པོར་བདག་བྱེད་དགོས་ཞེས་ཡང་ཡང་སྐུལ་དུས། མོ་ནི་བྱིས་པ་ཞིག་དང་འདྲ་བར་ཁ་ནས“འོ་ཡ། འོ་ཡ”ཞེས་ཁས་ལེན་བགྱི་མོད། འོན་ཀྱང་མོ་རང“ཁ་དན་ཚིག་ལ་མི་གནས”པས། ངས་ལན་རེར་ཨ་མར་ཚིག་ལོག་འགའ་ཡང་བརྒྱབ་པ་ནི་རང་ཉིད་འགྱོད་པའི་རྒྱུ་ལས་མ་འདས།
རྩོམ་ཐབས་འདི་ཁྲིད་ཟིན་པའི་རྩོམ། (མཇུག་སྡོམ)
ངའི་ཨ་མས་ལོ་རྒྱུས་སྟེང་གི་མི་སྣ་གྲགས་ཅན་གྱི་མཛད་རྗེས་དང་ལོ་རྒྱུས་གྲགས་ཅན་གཅིག་ཀྱང་ཀློག་འདོན་བྱས་མྱོང་མེད་མོད། འོན་ཀྱང་། མོས་རང་གི་བློ་བརྟན་འགྱུར་མེད་དང་། ཞུམ་མེད་ཀྱི་སེམས་ཤུགས། འཚོ་བ་ལ་བཟུང་བའི་བྲོད་སེམས། ནང་མི་ཤ་ཉེ་གཙོས་མཐའ་འཁོར་མི་ལ་བཟུང་བའི་བྱམས་བརྩེ་བཅས་ལ་བརྟེན་ཁོང་ཉིད་ང་དང་ངའི་སྤུན་མཆེད་དག་གི་སེམས་ཁོང་དུ་ཆེས་ཡིད་སྨོན་དང་ཁས་ལེན་བྱེད་སའི་རླབས་ཆེ་བའི་མི་རུ་གྱུར།
ཚན་པ་ལྔ་པའི་ཆ་རྐྱེན་ལྟར་ན། མཇུག་སྡོམ་དུ་ཚན་པ་དང་པོར་བྲིས་པའི་རྩོམ་ནང་གི་ལྟ་ཚུལ་དེ་ཚིག་སྣ་ཅུང་ཟད་བརྗེས་ནས་བསྐྱར་དུ་བཤད་དགོས་པ་ཡིན་ལ། གོང་གསལ་ལྟར་རྩོམ་ཕྱི་མས་དེ་བཞིན་དུ་མཇུག་བསྡོམས་ཡོད། རྩོམ་སྔོན་མས་ནི་རྩོམ་མཁན“ང”ནར་སོན་ནས་མཐོ་འབྲིང་ལ་ཞུགས་པ་ནས་བཟུང་། ཨ་མས་ཀྱང་དེ་སྔའི་གཟབ་ནན་གྱི་རྣམ་འགྱུར་བསྒྱུར་བ་དང་།མོའི་ཚགས་ཡང་གི་བྱ་སྤྱོད་སྔར་བཞིན་རྒྱུན་བསྐྱངས་ལུགས་འཁོད་ཡོད། འོན་ཏེ། ང་ཚོས་མཐོང་ནུས་པ་ལྟར། རྩོམ་སྔོན་མས་མཇུག་ཡོངས་སུ་བསྡུས་མེད་པའམ་བསྡུ་ཐུབ་མེད་ལ། རྩོམ་ཕྱི་མས་མཇུག་ཡོངས་སུ་བསྡུས་ཡོད་པ་གསལ།
མདོར་ན། གོང་གི་དཔེ་དང་དབྱེ་ཞིབ་བསྡུས་པ་གཉིས་ལས་གསལ་བ་བཞིན། ཚན་པ་ལྔ་པའི་རྩོམ་ཐབས་ཀྱི་མགོ་རྩོམ་སྟངས་དང་། ལུས་ཀྱི་སྒྲིག་གཞི། སྒྲུབ་བྱེད་འགོད་སྟངས། མཇུག་སྡོམ་ལུགས་བཅས་ཐམས་ཅད་ཀྱི་ངོས་ནས་རིགས་ལམ་གསལ་ཞིང་། གཏན་ཚིགས་ལྡན་ལ། ཀློག་མཁན་ནས་ཀྱང་རྩོམ་ཐབས་གང་དེ་ཤེས་མཁན་ཞིག་ཡིན་ཚེ་རྩོམ་ལ་གོ་བ་ལེན་བདེ་བ་ཤ་སྟག་ཏུ་གྲུབ་ཡོད་ཅིང་། མི་ཤེས་མཁན་ཞིག་ཡིན་ཚེའང་སེམས་ལ་འཛིན་བདེ་བ་ཞིག་ཡོད་པ་ནི་མཐོང་ཆོས་མྱོང་འགྱུར་དུ་གྲུབ་ཡོད་ལ། འབྲི་མཁན་ལ་མཚོན་ནའང་། སྒྲོམ་གཞི་གང་དེས་འབྲི་སྐབས་སུ་གཏན་ཚིགས་དང་རིགས་ལམ་ངོས་ཐད་ནས་རམ་འདེགས་ཆེན་པོ་ཡོང་ཐུབ་པར་འདུག་གོ། འདི་ཉིད་དཔེ་ཞིག་གི་ལམ་ནས་གླེང་ན། སྔ་མ་ནི《སྙན་ངག་མེ་ལོང་མ》ཡི་གཞུང་མ་ཁྲིད་སྔོན་བྲིས་པའི་སྙན་རྩོམ་དང་ཕྱི་མ་ནི་སྙན་གཞུང་ལྟར་དུ་བྲིས་པའི་སྙན་རྩོམ་དང་འདྲ་སྟེ། རྩོམ་མཁན་རེ་ཟུང་གིས་ནི་སོ་སོའི་ཐུན་མོང་མིན་པའི་ཤེས་རབ་ཀྱི་དབང་གིས་སྙན་གཞུང་མ་བསླབས་ནའང་རྩོམ་ཡག་པོ་འབྲི་ནུས་སྲིད་མོད། དེ་ནི་ཆེས་ཤིན་ཏུ་ཉུང་བ་སྟེ། མང་ཆེ་བས་ནི་སྙན་གཞུང་གི་རྩ་དོན་དང་བླང་བྱ་རྣམས་བསླབས་ཚེ་གཞི་ནས་སྙན་རྩོམ་ཚད་ལྡན་འབྱུང་ངེས་ཤིང་། རྩ་དོན་དང་བླང་བྱ་རྣམས་ཤེས་བཞིན་དུ་དེ་ལ་ཐོད་རྒལ་བྱེད་ནུས་ན་ནི་སྙན་རྩོམ་ཕུལ་བྱུང་འབྱུང་ངེས་པ་ཡིན་ནོ། །
གསུམ་པ། རྒྱུན་སྤྱོད་འབྲི་སྟངས་རིགས་ལྔ།
བདག་གིས་ཁྲིད་པའི་ཚན་པ་ལྔ་པའི་ལུགས་ཀྱི་རྒྱུན་སྤྱོད་འབྲི་སྟངས་རིགས་ལྔ་ནི། བྱུང་བ་བརྗོད་པ(narration)དང་། གོ་རིམ་བརྗོད་པ(process)དང་།རྒྱུ་འབྲས་བརྗོད་པ(causes and effects)དང་།ལྟ་ཚུལ་བརྗོད་པ(opinionorargumentation)དང་གཤིབ་བསྡུར་བྱེད་པ(compare or contrast) བཅས་ཡིན་ལ། འདིར་ལྟ་ཚུལ་བརྗོད་པ་ཞེས་ཡན་གར་དུ་བཞག་འདུག་ཀྱང་། དོན་ལ་འདི་དག་ཐམས་ཅད་དུ་གནད་འབབ་ས་ཐ་དད་པ་མ་གཏོགས། ཚང་མའི་ནང་རྩོམ་མཁན་རང་གི་ལྟ་བ་བརྗོད་དགོས་ཀྱི་ཡོད། འདིར་དཔེའི་ལམ་ནས་ལྟ་ཚུལ་བརྗོད་པ་དང་བྱུང་བ་བརྗོད་པའི་རྩོམ་གཉིས་བསྡུར་ན།
གཅིག ལྟ་ཚུལ་བརྗོད་པའི་རྩོམ་གྱི་དཔེ།
གཉིས། བྱུང་བ་བརྗོད་པའི་རྩོམ་གྱི་དཔེ།
གོང་གསལ་དཔེ་གཉིས་ལས་མཐོང་ནུས་པ་ལྟར། ལྟ་ཚུལ་བརྗོད་པའི་ནང་དུ་སྐད་ཡིག་ནི་བརྡ་སྤྲོད་བྱེད་ལག་ཆ་ཙམ་མིན་པར་མི་རིགས་གང་དེའི་རིག་གནས་ཤིག་ཡིན་པ་དེ་བསྒྲུབ་བྱ་ལྟ་ཚུལ་ཡིན་ལ། སྒྲུབ་པའི་སྐབས་སུ་སྐད་ཡིག་ནི་ལག་ཆ་ཙམ་མིན་པར་རིག་གནས་ཡིན་ལུགས་ཀྱི་སྒྲུབ་བྱེད་འགོད་དགོས། དེ་ལ་བྱུང་བ་བརྗོད་པའི་རྩོམ(Narrative Essay)ནི། དོན་དག་ཅིག་གི་བྱུང་བ་བརྗོད་པ་བརྒྱུད་ནས། བསམ་བློ་དང་ཉམས་མྱོང་དང་བློ་སྐྱེད་སྟོན་པའི་རྩོམ་ལ་ཟེར་ཏེ། ཚན་པ་ལྔ་པའི་ལུགས་ཀྱི་རྩོམ་སྲོལ་གྱི་སྒྲོམ་གཞི་རྩ་བ་བྱས་པའི་སྟེང་ལ། གསོན་ཉམས་ལྡན་པའི་མི་སྣ་དང་བྱུང་རིམ་ཞིབ་འབྲི། དེ་བཞིན་མི་སྣའི་བར་གྱི་ཁ་བརྡ། སེམས་ཚོར་སོགས་བྱུང་བ་བརྗོད་ནས་བསམ་བློ་དང་ཉམས་མྱོང་དང་བློ་སྐྱེད་གང་དེ་བསྒྲུབ་དགོས་པ་ཡིན་ལ། དཔེ་གཉིས་པར་མཐོང་ནུས་པ་བཞིན། སྐབས་འདིར་མི་གཞན་མིན་པར་རང་གི་ཨ་མྱེ་ནི་བག་ཆགས་ཟབ་ཤོས་ཡིན་པ་བསྒྲུབ་དགོས་པ་ལྟར་རོ། །
རྒྱུ་འབྲས་བརྗོད་པ(causes and effects)ནི།ཚན་པ་ལྔ་པའི་ལམ་ནས་དོན་དག་དང་སྣང་ཚུལ་ཞིག་གི་སྔ་ཕྱིའི་བྱུང་རྐྱེན་དང་འབྲས་བུ་བརྗོད་པའི་རྩོམ་ལ་ཟེར་ཏེ། དོན་དག་དང་སྣང་ཚུལ་དེ་དག་གི་རྒྱུ་རྐྱེན་བརྗོད་པའི་རྩོམ་ལ་རྒྱུ་རྐྱེན་བརྗོད་པའི་རྩོམ(a cause essay)དང་དོན་དག་དང་སྣང་ཚུལ་དེ་དག་ལ་འབྲས་བུ་ཅི་ཡོད་ཅི་འབྱུང་གླེང་བའི་རྩོམ་ནི་འབྲས་བུ་བརྗོད་པའི་རྩོམ(an effect essay)ཡིན་ནོ། ། དཔེར་ན། རྩྭ་ཐང་བྱེ་འགྱུར་གྱི་གནད་དོན་དང་གཞོན་སྐྱེས་ཁྲོད་སོ་སོའི་ཕ་སྐད་མི་ཤོད་པའི་སྣང་ཚུལ་སོགས་ཀྱི་རྒྱུ་རྐྱེན་དང་ཡང་ན་འབྲས་བུའི་སྐོར་གླེང་བ་ལྟ་བུའོ། །
གོ་རིམ་བརྗོད་པ(process)ནི། ལས་ཀ་ཞིག་གི་བྱེད་ཕྱོགས་དང་དམིགས་ཡུལ་ཞིག་ཇི་ལྟར་མངོན་འགྱུར་ཡོང་བའི་གོ་རིམ་ཞིབ་པར་བརྗོད་པ་ཡིན་ཏེ། དཔེར་ན། དཔྱད་རྩོམ་ཇི་ལྟར་འབྲི། དཔེ་ཆ་ཇི་ལྟར་ཀློགདོགས་ཡོད་ཉེས་ཅན་ཁྲིམས་ལ་གཏུགས་པའི་གོ་རིམ། མཐོ་རྒྱུགས་ཀྱི་རྒྱུགས་ཤོག་འབྲི་ཚུལ་ལྟ་བུའོ། །
གཤིབ་བསྡུར་བྱེད་པ(compare or contrast)ནི། ཅ་ལག་གམ་ཐབས་སམ། ཡུལ་གཉིས་གཤིབ་བསྡུར་བྱས་པ་ལ་བརྟེན་ནས་ལེགས་ཉེས་སྐྱོན་ཡོན་དང་། ཁྱད་པར། ཁྱད་ཆོས་སོགས་བཤད་པའི་རྩོམ་ཡིན་ཏེ། དཔེར་ན། མཐོ་འབྲིང་དང་སློབ་ཆེན་གཉིས་ཀྱི་སློབ་མའི་འཚོ་བ་བསྡུར་བ་བརྒྱུད། སློབ་ཆེན་སྐབས་ལ་རང་རྟོག་རང་གཅུན་གྱི་བསམ་བློ་དགོས་ཚུལ་ལབ་པའི་རྩོམ་དང་། ཤོག་བུའི་དེབ་དང་འཕྲུལ་དེབ་གཉིས་གཤིབ་བསྡུར་བྱས་ཏེ་སོ་སོའི་དགེ་སྐྱོན་གླེང་བ་ལྟ་བུའོ། །
འདི་ལྟར་རྩོམ་ཡིག་གི་རྩོམ་ལུས་དང་། གྲུབ་ཚུལ། སྒྲིག་གཞི། རྩོམ་འབྲི་སྟངས་སོགས་ལ་བླང་བྱ་ཞིབ་ཕྲ་བཏོན་ཡོད་མོད། འོན་ཀྱང་སྒྲིག་སྲོལ་རང་བཞིན་གྱི་བླང་བྱ་དེ་དག་ཕུད་བརྗོད་བྱ་ཅི་ཞིག་འབྲི་རྒྱུའི་ཐད་སློབ་མས་རང་ཉིད་ཀྱི་འཚོ་བ་དང་འབྲེལ་བའམ། ཡང་ན་སོ་སོའི་དགའ་ཕྱོགས་དང་དོ་སྣང་བྱེད་ཡུལ་སོགས་ལ་གཞིགས་ནས་རྩོམ་ཡིག་བྲིས་ན་ལེགས་ཤིང་། དེ་ལྟར་བྱས་ཚེ། རྩོམ་སླ་བར་མ་ཟད། རྩོམ་པ་ལ་སྤྲོ་བའང་སྐྱེ་ངེས་སོ། །
སློབ་མས་རྩོམ་འབྲི་སྐབས་གཤམ་གྱི་གོ་རིམ་བཞིན་འགྲོ་བར་སྐུལ་མ་བྱས་ཚེ་འབྲས་བུ་ཡག་པོ་ཡོང་བར་འདུག་སྟེ།
(གཅིག) མ་བྲིས་སྔོན་ལ་གྲ་སྒྲིག་བྱེད་རྒྱུ། (prewriting)བརྟག་དཔྱད་དང་། དཔེ་ཀློག བསམ་གཞིག གཞན་ལ་དྲི་བ་སོགས་བྱས་ཏེ་བརྗོད་གཞི་གང་འབྲི་རྒྱུ་ཡིན་ཐག་གཅོད་དགོས།
(གཉིས) མ་ཟིན་འགོད་རྒྱུ།(drafting)ཐོག་མར་སྒྲུབ་བྱེད་ཡིད་ལ་འཆར་ནུས་པ་ཆ་ཚང་ཐོ་བཀོད། དེ་ནས་རིགས་བཀར། འབྲེལ་ཡོད་དེབ་དང་རྩོམ་བཀླགས་ནས་ཁ་སྣོན་གང་ལེགས་བྱས་རྗེས། ལེགས་པར་བསྒྲིགས་ནས་ཚན་པའི་རྣམ་པ་བཟོས། དེ་ནས་ཚན་པ་ལྔ་པའི་སྒྲིག་གཞི་ལྟར་བྲིས་ཏེ་ཐོག་མའི་མ་ཡིག་ལེགས་འགྲུབ་བྱ་དགོས།
(གསུམ) བཅོས་སྒྲིག་བྱེད་རྒྱུ། (revisingand editing)མ་ཟིན་དང་པོ་གྲུབ་རྗེས། སྔོན་ལ་སྒྲིག་གཞིའི་ངོས་ནས་དང་། དེ་ནས་སྒྲུབ་བྱེད་ངོས་ནས། མཐར་ཐ་སྙད་དང་། བརྡ་སྤྲོད། རྗོད་པ་སྤེལ་སྟངས་བཅས་ཀྱི་ངོས་ནས་ལེགས་བཅོས་བྱེད་དགོས།
(བཞི) བསྐྱར་ཞིབ་དང་འབྲེལ་གཏན་ལ་ཕབ་པ།(checking)མཐའ་ཞུའམ་ཆེས་མཇུག་མཐའི་པར་གཞི་ལ་ཞིབ་བཤེར་ནན་ཏན་བྱས་རྗེས་གཏན་ལ་ཕབ་པའོ། །
མཇུག་སྡོམ།
དུས་རབས་བཅུ་བཞི་པར་ས་པཎ་ཀུན་དགའ་རྒྱལ་མཚན་གྱིས《མཁས་འཇུག》ཏུ《སྙན་ངག་མེ་ལོང་མ》ངོ་སྤྲད་ཅིང་། དེ་ནས་ཁོང་གི་སྐུལ་ལྕག་ལ་བརྟེན་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་རྩོམ་གཞུང་གང་དེ་ཡོངས་སུ་བསྒྱུར་བ་ནས་བཟུང་། བོད་ལ་རྩོམ་པར་འཇུག་ལུགས་ཀྱི་གཞུང་ལུགས་ཡོད་པར་གྱུར་ཅིང་། གཞུང་ལུགས་ཡོད་པ་དེས་རང་རེའི་མཁས་པ་དག་གི་རྩོམ་པའི་མཛད་འཕྲིན་བླ་ལྷག་ཏུ་དར། འདིར་ནི་སྔོན་གྱི་མཁས་པའི་ལེགས་མཛད་ལ་མིག་ལྟོས་ཀྱི་ཚུལ་དུ། དབྱིན་སྐད་དུ་དར་ཆེ་བའི་རྩོམ་པའི་རྣམ་གཞག་ཅིག་སོ་སོའི་ལག་ལེན་ལས་བེད་ཆེན་པོ་ཡོད་པ་ཤེས་ནས་ཡོངས་ལ་མཚམས་སྦྱར་བ་སྟེ། ཚན་པ་ལྔ་པའི་ལུགས་ཀྱི་རྣམ་གཞག་འདི་ནི་དེང་རབས་ཀྱི་དཔྱད་རྩོམ་འབྲི་སྟངས་ཀྱི་སྔོན་འགྲོ་དང་གཞི་རྩ་ལྟ་བུ་སྟེ། གལ་སྲིད་རྩོམ་པའི་རྣམ་གཞག་འདི་ལ་བྱང་བ་ཡིན་ན། རྒྱུ་ཆ་དང་སྒྲུབ་བྱེད་འཛོམས་མིན་གྱི་ཐད་ནས་མ་གཏོགས། སྒྲིག་གཞི་དང་རིགས་ལམ་ངོས་ཐད་ནས་ནི་མ་འོངས་པར་དཔྱད་རྩོམ་ཚད་ལྡན་ཞིག་འགྲུབ་ངེས་པར་ཁོ་བོ་རང་གི་ཉམས་མྱོང་ཙམ་མ་ཡིན་པར་དབྱིན་སྐད་རིགས་པ་སྨྲ་བ་ཐམས་ཅད་བློ་མཐུན་ནོ། ། ལར་མི་རིགས་ཐ་དད་པས་རྩོམ་པའི་རིག་གནས་ཡང་ཐ་དད་དུ་ཡོད་གཤིས། རྩོམ་ཐབས་འདི་ལ་མི་མོས་མཁན་ཡོད་སྲིད་ལ། དབྱིན་སྐད་རང་དུའང་རྩོམ་ཐབས་འདིས་རྩོམ་འབྲི་མཁན་གྱི་ལྟ་བ་སྒྲུབ་ཕྱོགས་དང་རྩོམ་འབྲི་སྟངས་ཐད་ཀྱི་གསར་གཏོད་ལ་བཀག་རྒྱ་ཐེབས་ངེས་པར་བཤད་མཁན་ཡང་སྣང་། དེ་ལྟར་ཡང་།རྩོམ་འབྲི་ལ་འཇུག་སྤྲོ་བ་རྣམས་ལ་འདི་ལྟ་བུའི་སྒྲོམ་གཞི་ཅན་གྱི་འབྲི་ཐབས་ཀྱིས་གཏན་ཚིགས་དང་རིགས་ལམ་ཇེ་གསལ་ལ་གཏོང་རོགས་བྱེད་ལ། འབྲི་ཐབས་གང་འདི་ཤེས་བཞིན་གྱིས་ཐོད་རྒལ་བྱས་ཚེ་སྔར་བས་ཕུལ་དུ་བྱུང་བའི་རྩོམ་འབྲི་ཐུབ་པར་བརྟེན། དགག་བྱ་ཞིག་ཏུ་འཛིན་པ་ནི་ལྷག་མའི་ལས་སུ་སྣང་ངོ་།
* སྒར་བ་ཚེ་རིང་བཀྲ་ཤིས། ཀྲུང་དབྱང་མི་རིགས་སློབ་ཆེན་ཀྲུང་གོ་གྲངས་ཉུང་མི་རིགས་སྐད་ཡིག་རྩོམ་རིག་སློབ་གླིང་དུ་ཕྱག་ལས་གནང་བཞིན་ཡོད།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1