སྙན་ངག་དང་སེམས་ཁམས་ཀྱི་འབྲེལ་བའི་སྐོར་ལ་དཔྱད་པ།
ཉི་ཕན། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-11
[གནད་བཏུས] དཔྱད་རྩོམ་འདིར་སྙན་ངག་དང་སྙན་དངགས་ཞེས་པར་གོ་བ་ལེན་ཚུལ་དང་། སྙན་ངག་དང་སྙན་རྩོམ་གྱི་འབྲེལ་བ། དེ་བཞིན་སྙན་ངག་ལེགས་ཉེས་འབྱེད་པའི་ཐབས་ཤེས་ཏེ། སྙན་ངག་གི་འབྱུང་རྩ་ནི་སྤྱི་ཚོགས་ཀྱི་འཚོ་བ་ཡིན་ཞིང་། དེའི་རྩ་བ་ཉག་ཅིག་ཀྱང་སེམས་ཉིད་ལ་ཐུག་པས་ན། སྙན་ངག་དང་སེམས་ཁམས་ཀྱི་འབྲེལ་བའི་སྐོར་ལ་དཔྱད་པ་བྱས་ཡོད།
[གནད་ཚིག] སྙན་ངག སེམས་ཁམས། འབྲེལ་བ། ཤེས་རབ།
སྤྱིར་སྙན་ངག་ལ་གོ་བ་ལེན་ཚུལ་ནི་གཉིས་ཏེ། གཅིག་ནི་གཞུང་ལུགས་ལ་གོ་བ་དང་། ཅིག་ཤོས་ནི་སྙན་རྩོམ་ལ་གོ་བའོ། ། སྙན་དངགས་ཞེས་པ་ནི། སྙན་ངག་གི་གཞུང་ལུགས་ལ་གོ་དགོས་གསུངས་པས། དེ་འདྲའི་གོ་ཚུལ་ལ་སེམས་ན། སྙན་རྩོམ་ཡང་སྙན་ངག་གི་ཁོངས་སུ་འདུ་ལ། དེ་གཉིས་མེད་ན་མི་འབྱུང་གི་འབྲེལ་བ་གྲུབ་བོ། །
འདིར་འཆད་པའི་སེམས་ཁམས་ནི་སྙན་རྩོམ་དང་སྙན་ངག་གི་གཞུང་རྩོམ་པ་པོའི་སེམས་ཁམས་ལ་བྱེད་པ་ཡིན། འདིར་བརྗོད་བྱ་དེའི་སྐོར་ལ་མནོ་བསམ་ཞིག་བགྱིས་ན། ཐོག་མར་ཡོངས་གྲགས་ལྟར་འཚོ་བ་ནི་སྙན་ངག་གི་འབྱུང་རྩ་ཡིན་པ་དང་། སྙན་ངག་ནི་སེམས་ཁམས་ཀྱི་ཚོར་འདུ་ཡིན་པ། སྙན་ངག་ལེགས་ཉེས་ནི་ཤེས་རབ་ཀྱིས་འབྱེད་པའི་ཚུལ་ཅུང་ཟད་གླེང་བར་བྱའོ། །
དང་པོ། སྙན་ངག་དང་སྙན་རྩོམ་གྱི་འབྲེལ་བའི་སྐོར།
གཅིག སྙན་ངག་དང་སྙན་དངགས་ཀྱི་གོ་དོན།
སྤྱིར་སྙན་ངག་ཅེས་ཚིག་སྦྱོར་རྣ་བར་སྙན་ཅིང་ཡིད་དབང་འཕྲོག་པའི་ངག་ལ་བརྗོད་ཅིང་། སྙན་ངག་གི་འབྲི་ཚུལ་གཞན་ཞིག་ལ་སྙན་དངགས་ཞེས་འབྲི་བ་ཡིན། དེ་ཡང་། སྙན་ངག་སློབ་གཉེར་ལ་ཞུགས་པའི་ཚེ། དེ་ལ་གོ་བ་མི་འདྲ་བ་གཉིས་བྱུང་སྟེ། གཅིག་ནི་བོད་མཁས་པ་མི་ཕམ་དགེ་ལེགས་རྒྱ་མཚོ་དང་། དུང་དཀར་བློ་བཟང་འཕྲིན་ལས། ཚེ་ཏན་ཞབས་དྲུང་། བསེ་ཚང་བློ་བཟང་དཔལ་ལྡན། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ། དོར་ཞི་གདོང་དྲུག་སྙེམས་བློ་ལ་སོགས་པའི་བཞེད་ཚུལ་མང་ཡང་དོན་དུ་ཁྱད་པར་མི་ཆེ་ལ། སྐབས་སུ་བབ་པ་རྣ་བར་སྙན་ཞིང་ཡིད་དབང་འཕྲོག་པའི་ངག་གི་བརྗོད་ཚུལ་བསྟན་པའི་གཞུང་སྟེ། རྒྱ་གར་གྱི་སྙན་ངག་མཁས་པ་སློབ་དཔོན་དབྱུག་པ་ཅན་གྱིས་མཛད་པའི་སྙན་གཞུང་མེ་ལོང་མ་འདི་ཉིད། བོད་ཀྱི་ལོ་ཙཱ་པ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་གྱིས་བོད་ཡིག་ཏུ་ཕབ་བསྒྱུར་མཛད་པ་དེ་ཉིད་གཞིར་བྱས་ཏེ། འདིར་བསྟན་སྙན་ངག་གཞུང་གི་བརྗོད་བྱ་གཙོ་བོ་ལུས་རྒྱན་སྐྱོན་སེལ་གསུམ་གྱི་དོན་ལ་སྦྱངས་པ་བྱེད་ཅིང་། དེ་རྒྱུ་བྱས་ཏེ་རིག་ཚན་གཞན་དག་གི་གཞུང་ཅི་འདྲ་རྩོམ་པ་ལ་མེད་དུ་མི་རུང་བའི་ཐབས་ཤིག་ཏུ་བཞེད་དོ། །
ཅིག་ཤོས་ནི་གཞུང་དེ་ཉིད་ལ་གཞིར་བྱས་ཏེ། རང་རང་གི་བརྗོད་པར་འདོད་པའི་དོན་གང་རུང་ཞིག རྣ་བར་སྙན་ཅིང་ཡིད་དབང་འཕྲོག་པའི་ངག་གི་ཕྲེང་བ་ཡི་གེར་འཁོད་པ་ཞིག་ལ་བྱའོ། ། དེ་ནི་གཞུང་གི་མིང་རྩོམ་ཡིག་གི་བརྩམས་ཆོས་ལ་བཏགས་ཤིང་། རྒྱུན་དུ་སྙན་རྩོམ་ཐན་ཐུན་རེ་བྲིས་པ་ལ་སྙན་ངག་བྲིས་ཞེས་བརྗོད་དོ། ། ཇི་སྐད་དུ།“སྙན་ངག་མཁན་ལ་ཅི་ཡང་རྒྱན”① ཞེས་གསུངས་པ་ལྟར། བརྗོད་བྱ་བཟང་ངན་སོགས་ཡུལ་གང་ལ་བལྟོས་པ་མེད་པར། སྙན་ཚིག་གི་ལམ་ནས་ཚིག་སྦྱོར་མཛེས་ཤིང་བརྗིད་པ་སོགས་ཀྱི་ཉམས་ཅི་འདོད་པ་བཞིན་བརྗོད་ནུས་པ་བསྟན་ལ། སྙན་རྩོམ་ལ་སྙན་གཞུང་གི་བརྗོད་བྱའི་ནང་གསེས་གང་ཡང་རུང་བ་ཞིག་ཐབས་སུ་བྱས་ཏེ། རང་གིས་བརྗོད་པར་འདོད་པའི་དོན་དེ། ནང་སེམས་ཀྱི་འགྱུར་བ་ལ་བལྟོས་ནས་ཡི་གེར་བཀོད་པའི་རྣམ་པ་ཞིག་ཡིན། དེས་ན། གཞུང་དོན་བྱེ་བྲག་པ་ཐབས་སུ་བཀོལ་ཏེ། སྐབས་བབ་ཀྱི་དོན་མཚོན་པ་གང་དེར་སྙན་ངག་ཅེས་འདིར་བསྟན་དེ་ཉིད་ལ་གོ་དགོས་པར་མཐོང་ངོ་། །
དེར་བརྟེན། སྙན་ངག་དང་སྙན་དངགས་ཞེས་འབྲི་ཚུལ་གྱི་རྣམ་པ་གཉིས་སུ་གྱེས་པ་མ་གཏོགས། ཚིག་གི་སྦྱོར་བ་སྟོན་སྟངས་སམ་རྒྱན་གྱི་བརྗོད་བྱ་མཚོན་པའི་རིགས་པའི་གཞུང་ལུགས་ཤིག་ལ་བརྗོད་པས། ཐ་སྙད་དེ་གཉིས་ཀ་གང་བདེར་སྤྱད་པས་ཆོག་སྟེ། ཚངས་སྲས་བཞད་པའི་སྒྲ་དབྱངས་ལས།“སྤྱིར་སྙན་ངག་ཅེས་པ་ནི་རྣ་བར་སྙན་ཅིང་ཡིད་འཕྲོག་པའི་རྗོད་བྱེད་ཀྱི་ཚིག་ལ་ཟེར་བས། དཔེ་ལ་ལར་སྙན་དངགས་ཞེས་བྲིས་པའི་དངགས་ནི་བརྡ་རྙིང་ལས་ངག་གི་ཐ་སྙད་དུ་གསུངས། ཡང་སྙན་ངག་གི་གཞུང་དངོས་མ་ཡིན་ཀྱང་སྙན་ངག་གི་ཚིག་ཁོ་ནས་བརྗོད་བྱ་སྟོན་པའི་བསྟན་བཅོས་མང་དག་ཅིག་ཚིག་གི་བདུད་རྩི་དང་། རྣ་བའི་བཅུད་ལེན་དུ་གྱུར་པ་ཤིན་ཏུ་མང་ངོ”②ཞེས་གསུངས་པ་ལྟར་རོ། ། རྒྱུན་པར་སྙན་ངག་སློབ་ཚན་རེད་ཟེར་ན། དེའི་རིགས་པའི་གཞུང་ལུགས་སློབ་པའི་དཔེ་ཁྲིད་ལ་བརྗོད་ཅིང་གོ་བ་མ་གཏོགས། ཆེད་དུ་སྙན་རྩོམ་གྱི་དོན་ལ་དབྱེ་ཞིབ་དང་།དཔྱད་བརྗོད་བྱེད་སྟངས། རྩོམ་པ་པོའི་བསམ་པ་སོགས་སློབ་པ་མ་ཡིན་ནོ། །
གཉིས། སྙན་རྩོམ་སྙན་ངག་དང་འབྲེལ་ཚུལ།
དེ་ཡང་འདི་ལྟ་སྟེ། སྙན་ངག་ཅེས་པ་རིགས་པའི་གཞུང་ལུགས་ཤིག་སྟེ། དེར་ལེགས་པར་སྦྱངས་ཤིང་དོན་གྱི་ནང་གསེས་རྣམས་ཐབས་ཤེས་སུ་འཁྱེར་ཏེ། རང་ཉིད་ཀྱི་འཆར་སྒོ་ཇི་བཞིན་དོན་གང་ཡིན་མཚོན་པས་སྙན་རྩོམ་གྲུབ་བོ། ། སྤྱིར་སྙན་རྩོམ་འབྲི་བ་ལ་སྙན་ངག་གཞུང་ལ་སློབ་པ་སྔོན་དུ་འགྲོ་དགོས། སྙན་རྩོམ་ལེགས་པོ་ཞིག་འབྲི་བ་ལ་ངེས་པར་དུ། སྙན་ངག་གི་གཞུང་ལས་དཔེ་རྒྱན་དང་གཟུགས་རྒྱན་ལ་སོགས་པའི་ཐབས་ལ་བསླབས་ནས། ཚིག་རྒྱན་གྱི་སྦྱོར་ཚུལ་ལེགས་པོ་ཞིག་འབྲི་ཤེས་དགོས་ཏེ། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས།“སྙན་ངག་གི་ཚིག་རྒྱན་སྦྱོར་ཚུལ་ལེགས་པར་ཤེས་ན། རང་ཚིག་སྔ་ཕྱི་འབྲེལ་ཆགས་པ། ཚིག་དོན་གྱི་ཆ་ལ་སྐྱོན་མེད་པ། བློ་མཆོག་དམན་ཀུན་གྱིས་གོ་སླ་བ། ཚོགས་པར་དབྱུང་དུ་མི་རུང་བའི་གྲོང་ཚིག་དང་ཕལ་སྐད་ཀྱིས་མ་བསླད་པ་སོགས་ཀྱི་ཁྱད་ཆོས་དེ་དག་ཚང་ངོ”③ཞེས་རང་རང་གི་བརྗོད་པར་འདོད་པའི་དོན་གང་རུང་ཞིག་ཐབས་དེ་འདྲ་དང་ལྡན་པར། ཡིག་ཐོག་ཏུ་ཡང་དག་པར་ཕབ་པ་ཞིག་ནི་སྙན་ངག་ཤེས་པའི་དགེ་མཚན་དུ་གསུངས་སོ། །
དེའི་ཕྱིར། སྙན་རྩོམ་འབྲི་བ་ལ་རྩོམ་པ་པོ་རང་ཉིད་ལ་འཚོ་བའི་མྱོང་གོམས་ཟབ་མོ་དགོས་པའི་ཁར། སྙན་ངག་གི་གཞུང་ལ་སྦྱངས་པ་མི་དམན་པ་ཞིག་དགོས་པ་ངེས་པར་ཤེས་དགོས་ཏེ། མཁས་དབང་དོར་ཞི་གདོང་དྲུག་སྙེམས་བློས།“རྒྱ་གར་གྱི་སྙན་གཞུང་དང་བོད་མཁས་པ་སྔོན་མ་རྣམས་ཀྱི་གསུང་སྒྲོས་ལ་གཞི་བྱས། དེང་གི་རྩོམ་རིག་གཞུང་ལུགས་ལ་ཟུར་ལྟ་མཛད་ནས་རྟོགས་རིགས་དང་བརྗོད་དོན། ཚིག་སྦྱོར་བཅས་གསུམ་གྱི་ངོས་ནས་སྒྱུ་རྩོམ་དང་སྒྱུ་རྩོམ་མ་ཡིན་པའི་དབྱེ་བ་གསལ་པོར་ཕྱེ་བ་དེས་རྩོམ་རིག་གསར་རྩོམ་པ་དང་།
རྩོམ་རིག་དཔྱད་བརྗོད་པ། རྩོམ་རིག་ཞིབ་འཇུག་པ་སོགས་ལ་རྩོམ་གྱི་རིགས་འཇལ་པའི་ཡོ་བྱད་ཚད་མ་ཞིག་གནང་བ་སུ་ཞིག་གིས་བསྙོན་པར་ནུས”④ཞེས་གསུངས་པ་ལྟར། སྙན་རྩོམ་དང་སྙན་ངག་གི་གཞུང་དེ་གཉིས་ཟུང་དུ་འབྲེལ་ཐོག་རང་ཉིད་ཀྱི་ཤེས་རབ་ལ་བརྟེན་ནས། དོན་གང་རུང་ཞིག་ཐབས་དེ་ལྡན་གྱིས་ཡི་གེའི་ལམ་དུ་འགོད་པར་བྱེད་པའོ། ། སྙན་རྩོམ་དང་སྙན་ངག་གཉིས་ཀྱི་འབྲེལ་བ་ནི་དེ་བྱུང་འབྲེལ་ཡིན་ཏེ། གོང་ཞུས་ལྟར་སྙན་རྩོམ་འབྱུང་བ་ལ་སྙན་ངག་གི་གཞུང་སྦྱོང་བ་སྔོན་དུ་འགྲོ་དགོས། བརྗོད་བྱ་ཐབས་ཀྱིས་མཚོན་པར་བྱེད་དོ། ། འབྲེལ་ཚུལ་དེར་སེམས་ན། ཡོངས་འཛིན་བསྡུས་གྲྭ་ལས།“དེ་བྱུང་འབྲེལ་གྱི་མཚན་ཉིད་ཡོད་དེ། ཆོས་དེ་དང་རྫས་ཐ་དད་པའི་སྒོ་ནས་ཆོས་དེའི་འབྲས་བུའི་རིགས་སུ་གནས་པ། ཆོས་དེ་དང་དེ་འབྱུང་འབྲེལ་གྱི་མཚན་ཉིད་ཡིན་པའི་ཕྱིར”⑤ཞེས་གསུངས་སོ། ། དེ་ཡང་། འཇིག་རྟེན་ཁ་དཔེར། ཡི་གེའི་སློབ་དཔོན་འབྲི་བ་ཡིན། ། བྲི་གིན་བྲི་གིན་ལེགས་སུ་འགྲོ ། ཞེས་པ་ལྟར། སྙན་རྩོམ་འབྲི་སྦྱོང་བྱེད་པའི་ཚེ་རང་ཉིད་ཀྱིས་སྙན་རྩོམ་ལེགས་པོ་འབྲི་སྙམ་ཞིང་། དེ་འབྲེལ་གྱི་རྒྱུ་རྐྱེན་རྣམས་གསོག་པར་འབད་པ་དུ་མ་བྱེད་པ་སྔོན་དུ་བཏང་ཞིང་། རིམ་བཞིན་སྙན་རྩོམ་འབྲི་བའི་ལས་ལ་དངོས་སུ་ཞུགས་ཏེ་སྒྲུབ་པ་དོན་དུ་གཉེར་བ་གནད་ཅིག་ཏུ་སེམས་སོ། །
གཉིས་པ། སྙན་ངག་དང་སེམས་ཁམས་ཀྱི་འབྲེལ་བ།
གཅིག འཚོ་བ་ནི་སྙན་ངག་གི་འབྱུང་རྩ་ཡིན།
འགྲོ་བ་མིའི་རིགས་སུ་གནས་པ་སུ་འདྲ་ལ་མཚོན་རུང་། སྐྱེས་པ་འབའ་ཞིག་འཚོ་དགོས་པ་དང་། འཚོ་བ་འབའ་ཞིག་བདེ་སྐྱིད་འདོད་པ་ཡིན་པས། རྣམ་པ་ཐམས་ཅད་དུ་བདེ་བའི་འབྲས་བཟང་སྨིན་ཞིང་ལོངས་སྤྱོད་བྱེད་པའི་ཆེད་དུ། དཀའ་བ་དུ་མ་ཁྱད་དུ་བསད་ཅིང་བདེ་བའི་རྒྱུ་གསོག་པ་ཁོ་ནའོ། ། འཚོ་བ་ཟེར་བ་ནི་འགྲོ་བ་མིའི་འཚོ་གནས་བྱེད་པའི་བརྒྱུད་རིམ་ཁྲོད། འགྲོ་འདུག་གནས་མལ་ལ་སོགས་གང་ཅིར་བདེ་སྡུག་གི་ཚོར་འདུ་སྣ་ཚོགས་མྱོང་བ་དང་། དེ་དག་ལས་གཙོ་བོ་དོན་དུ་གཉེར་བྱ་ནི་བདེ་བའི་འབྲས་བུར་མངོན་པ་དེའོ། ། དེ་ལྟ་བུའི་འབྲས་བཟང་མངོན་ཕྱིར། ལས་སྣ་ཚོགས་ལ་ཞུགས་པ་བརྩམས་དང་རྩོམ་མུས་དེའི་ཁྲོད་ཚོར་བར་འདུ་ཚུལ་གྱིས་སྙན་ངག་གཙོས་རྩོམ་རིག་དུ་མ་ཞིག་བྱས་པ་དང་།
རང་རང་གི་རིག་སྟོབས་བསྐྱེད་འཕེལ་འོང་ལ་དེ་དང་མཐུན་པའི་དཔྱད་པ་ཡང་གང་མང་ཐོན་པ་ཀུན་གྱི་མཐོང་ཆོས་རེད། དེ་བས་འཚོ་བ་ཞིག་མེད་ན། བདེ་སྡུག་གི་རི་མོ་མཚོན་པའི་སྙན་ངག་མེད་པ་མ་ཟད། རྩོམ་རིག་གཞན་དག་ཀྱང་མེད་པ་བསྙོན་དུ་མེད།
འགྲོ་བ་མིས་འཚོ་གནས་ཀྱི་ཆེད་དུ། ཐབས་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་འཚོ་དགོས་པས། དེ་དང་དེའི་ལག་ལེན་གྱི་ཁྲོད་དུ་བྱ་བ་དུ་མར་ཞུགས་ཤིང་རྩོམ་དགོས་ལ། དེའི་ཚེ་རང་སེམས་སུ་ཚོར་འདུ་སྣ་ཚོགས་སྦྱིན་ཏེ། དེ་རྣམས་ངག་ནས་གྱེར་ཅིང་ཡི་གེའི་ལམ་དུ་འགོད་པ་དང་། དེ་ལ་ཡང་རྩོམ་པ་པོ་རང་དང་གཞན་གྱི་ཤེས་རབ་ལ་བརྟེན་ནས། ཞུན་བརྡར་དང་དཔྱད་བརྗོད་ཀྱི་ཐོག་ནས་སྡོམ་ཚིག་འགོད་པར་བྱེད། ལམ་འདི་བརྒྱུད་ནས་རང་རང་གི་འཚོ་བ་མཚོན་ཚུལ་ཞིག་སྟེ། དེའི་འབྱུང་རྩ་ནི་སྤྱི་ཚོགས་ཀྱི་འཚོ་བ་དངོས་ཡིན་པ་མངོན་གསལ་དོད་པོ་རེད། སྙན་འགྲེལ་དབྱངས་ཅན་དགྱེས་པའི་རོལ་མཚོ་ལས།“སྙན་ངག་ལེགས་པར་བསླབས་ན་ནང་གི་དགའ་བ་རྒྱུན་ཆགས་སུ་འཕེལ་བའི་ཕྱིར་རིག་ལམ་འདི་ནི་བདུད་རྩིའི་རྒྱ་མཚོ་དྲི་མ་མེད་པ་དང་འདྲ་བར་མཁས་པ་རྣམས་ཀྱི་འཇུག་ངོགས་དམ་པ་ཉིད་དུ་ཤེས་པར་བྱའོ”⑥ཞེས་གསུངས་པ་ལྟར་རོ། །
གཉིས། སྙན་ངག་ནི་སེམས་ཁམས་ཀྱི་ཚོར་འདུ་ཡིན།
རང་རེའི་འཚོ་བའི་གནས་སྐབས་ཅི་འདྲར་སླེབས་ཀྱང་། དགའ་སྐྱོ་ཆགས་སྡང་ལ་སོགས་པའི་སྣང་ཚུལ་དང་གནས་ཚུལ་དུ་མ་ཞིག་བྱུང་དང་འབྱུང་བཞིན་ཡོད། དེ་འདྲའི་དོན་དག་ལས་རྩོམ་པ་པོར་རྩོམ་འབྲིའི་རྒྱུ་ཆ་མང་པོ་ཞིག་སྦྱིན་ལ། དེར་རྟོག་ཞིབ་ཀྱིས་ཞུན་བརྡར་ལན་མང་བྱས་པར་བརྟེན། རང་ཉིད་ཀྱི་བསམ་པ་ཡོད་ཚད་ཡི་གེར་ཕབས་པའི་ནུས་པ་འཕེལ་ལ། གཞན་རྩོམ་འབྲི་བའི་མིག་དཔེར་ཡང་འོས་སོ། ། དེ་འདྲའི་རྩོམ་འབྲིའི་ནུས་པ་ཅུང་ཟད་ལས་འཕེལ་ཏེ། རིམ་བཞིན་སྙན་ངག་ལ་སོགས་པ་འབྲི་ཤེས་པར་འགྱུར་བ་ཆོས་ཉིད་ཡིན།
སྙན་ངག་གི་འབྱུང་ཁུངས་ནི་སྤྱི་ཚོགས་ཀྱི་འཚོ་བ་ཡིན་ཟེར་བར་ཞིབ་ཏུ་བརྟགས་ན། སྤྱི་ཚོགས་ཞེས་པའི་ཁོར་ཡུག་ཏུ་འགྲོ་བ་མི་རྣམས་འཚོ་གནས་བྱེད་ཅིང་།དེའི་སྐབས་མི་གཞན་དང་འབྲེལ་འདྲིས་བྱས་ཏེ། འཚོ་བའི་དོན་དུ་ལས་སྣ་ཚོགས་ཤིག་རྩོམ་དགོས་པས། རང་གཞན་ལ་བདེ་སྡུག་གི་ཚོར་བ་ཤིན་ཏུ་མང་པོ་འོང་ཞིང་།དེ་དག་ལ་བསམ་གཞིགས་དང་དག་བཅོས་བྱས་པ་ལས་བྱུང་། འཚོ་པ་པོ་འཚོ་གནས་བྱེད་པའི་ཁོར་ཡུག་དེ་འབྱུང་ཁུངས་སུ་བརྩི་བའང་ཡིན་ཏེ། དོན་དམ་དུ་འཚོ་པ་པོ་དེའི་འབྱུང་ཁུངས་ཡིན་ལ། དེ་ལས་ཞིབ་པར་བྱས་ན་འཚོ་པ་པོའི་སེམས་ཉིད་སྙན་ངག་སོགས་ཐོན་དངོས་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་ནོ། །
དེ་ལྟར་འགྲོ་བ་མིའི་སེམས་ཉིད་སྙན་ངག་གི་འབྱུང་ཁུངས་ཡིན་ཟེར་དོན་ནི་གོང་དུ་ཅུང་ཟད་སྨོས་ཟིན་མོད། ཞིབ་པར་ཞུས་ན། འགྲོ་བ་མིའི་བདེ་སྡུག་སྣ་ཚོགས་མཐར་ཐུག་ན་ཡིད་ཤེས་སམ་སེམས་ཀྱིས་མྱངས་དགོས། དེས་ན། བདེ་སྡུག་ནི་སེམས་ཀྱི་ཚོར་བ་ལས་བྱུང་བ་དང་། ལེགས་ཉེས་འབྱེད་པའི་ཤེས་རབ་ཀྱང་དེ་ཉིད་ལས་བསྐྱེད་པ་ཡིན་པའི་ཕྱིར་ཏེ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས།“བློ་གྲོས་རྣམ་དཔྱོད་ཅན་རྣམས་ཀྱིས། ། སེམས་ཀྱི་གསང་འདི་ཤེས་པ་གཅེས། །”⑦ཞེས་གསུངས་པས་ཀྱང་དེའི་དོན་རྟོགས་པར་འགྱུར་ལ། སྙན་ངག་ནི་སེམས་ཁམས་ཀྱི་ཚོར་འདུ་ཡིན་ཏེ། ནང་སེམས་ཀྱི་ཚོར་འདུ་འདི་འདྲ་བ་ཞིག་མེད་ན། སྙན་ངག་གིས་མཚོན་པའི་རྩོམ་རིག་གཞན་དག་ཀྱང་ཡོངས་སུ་འཇིག་པར་འགྱུར་རོ། །
གསུམ་པ། སྙན་ངག་ལེགས་ཉེས་ཤེས་རབ་ཀྱིས་འབྱེད་ཚུལ།
སྔ་ནས་ད་བར་གྲགས་པ་ཆེ་ཆུང་ལ་མ་བལྟོས་པའི་སྙན་ངག་པ་དང་། རྩོམ་པ་པོ་ནམ་མཁའི་སྐར་ཚོགས་ལ་འགྲན་པ་བཞིན་མང་དུ་བྱུང་ཡོད། ཁོང་རྣམས་ཀྱིས་རང་རང་གི་འཚོ་བའི་ཁོར་ཡུག་ནང་བྱུང་བའི་བདེ་སྡུག་གཙོ་བོར་བཟུང་སྟེ། བྱ་བྱེད་ཀྱི་རྣམ་གཞག་ཡི་གེའི་ལམ་ནས་མཚོན་ཞིང་། དེའི་ཚེ་འཚོ་བ་ལས་བྱུང་བའི་ཐོན་རྫས་དེ་རྣམས་ལ་དབྱེ་འབྱེད་ཞིབ་པར་བྱས་ལ། རིགས་པའི་གཞུང་ལུགས་དང་མཐུན་པར་སྡོམ་དུ་བཀོད་པ་ལ་བྱེད་པར་སྙམ། རྒྱུན་གཏན་འཚོ་བའི་ཁྲོད་ཀྱི་མི་དང་མིའི་དབར་གྱི་འབྲེལ་བ་བྱེད་སྟངས་དང་། ཡ་རབས་སྤྱོད་གཙང་། མི་གཤིས་དྲང་པོ། དེ་བཞིན་རང་གཞན་གཉིས་ཀར་ཕན་པའི་བྱ་བ་བྱེད་པ་ལ་སོགས་པའི་སྐོར་མཚོན་པའི་སྙན་ངག་དུ་མ་བྱུང་ཡོད། དེ་རྣམས་ལ་མཚོན་ན་སྤྱི་ཚོགས་འཚོ་བའི་ནང་རང་རང་གི་འགྲོ་འདུག་གནས་མལ་སོགས་ཕྱོགས་ཚང་མ་མཚོན་ཡོད་ཅིང་། དེ་ནི་ཕྱི་ལུས་དང་ནང་བརྗོད་བྱ་གཉིས་ཀྱིས་གྲུབ་པར་བྱས་ཏེ། ཕྱིའི་ལུས་སམ་རྗོད་བྱེད་ལ་བཅད་ལྷུག་སྤེལ་མ་གསུམ་གྱིས་གཙོས། ཐབས་མང་པོ་སྤྱད་དེ། བརྗོད་དོན་མཚོན་པར་བྱས་ཡོད།
དེ་ལྟར་བརྗོད་བྱ་རྗོད་བྱེད་ཅི་འདྲ་ཞིག་མཚོན་པར་བྱས་ཀྱང་། རྩོམ་པ་པོའི་ཤེས་རབ་དང་ཡོངས་སུ་འབྲེལ་བ་སྟེ། ཅི་སྟེ་འཚོ་བའི་མྱོང་གོམས་དང་ཤེས་རབ་དེ་ཙམ་ལས་མེད་ན། རྗོད་བྱེད་ཇི་ལྟར་ཕུན་སུམ་ཚོགས་རུང་། བརྗོད་བྱ་ཟབ་མོ་མི་འབྱུང་བའི་ཁྱད་ཆོས་མངོན་པར་གསལ། དེ་ལས་ཀྱང་རྩོམ་པ་པོ་འཚོ་བའི་མྱོང་གོམས་དང་ཤེས་རབ་ལྡན་པ་ཞིག་ཡིན་ན། ད་གཟོད་གང་དེས་བྲིས་པའི་སྙན་ངག་ནི། བརྗོད་བྱ་ཟབ་ལ་རྗོད་བྱེད་ཕུན་སུམ་ཚོགས་པ་ཞིག་འོང་བ་གནས་ཚོད་རེད།
སྙན་ངག་གི་བརྗོད་བྱ་རྗོད་བྱེད་ཀྱི་རྒྱ་ཆེ་ཆུང་དང་།ཟབ་ཚད། ཚིག་གི་སྦྱོར་བའི་བཟོ་ཐོན་ཚུལ། མཐར་གཏུགས་ན་སྤྱི་ཚོགས་སམ་འགྲོ་བ་མིའི་འཚོ་བར་ཞབས་འདེགས་ཞུ་ཐུབ་མིན་ལ་རག་ལས་པས། དེ་ལྟར་ཡང་དག་པའམ་ལེགས་པའི་ཆ་ཡོངས་སུ་རྫོགས་པར་ལྡན་དགོས་ཚེ། གང་དེའི་ཐོས་པ་བྱེད་ཚུལ་དང་། རིག་གནས་ཀྱི་ཆུ་ཚད། འཚོ་བའི་མྱོང་བ་ལ་སོགས་ཟབ་མོ་ལྡན་དགོས་པ་གཙོ་གནད་ཡིན་སྙམ། དེར་བརྟེན། སྤྱིར་ཤེས་རབ་ནི་ལེགས་ཉེས་འབྱེད་པའི་ཐབས་ཀྱི་གཙོ་བོ་ཡིན་པའི་ཕྱིར་ཏེ། ལུགས་ཀྱི་བསྟན་བཅོས་ཤེས་རབ་སྡོང་བུ་ལས།“མཐོང་དང་མ་མཐོང་ཡོན་ཏན་འདི། ། ཀུན་གྱི་རྩ་བ་ཤེས་རབ་ཡིན”⑧ཞེས་གསུངས་སོ། །
མདོར་ན། ཀུན་གྱིས་མགྲིན་དབྱངས་གཅིག་ཏུ་སྤྱི་ཚོགས་ཀྱི་འཚོ་བ་ནི་སྙན་ངག་གི་འབྱུང་ཁུངས་ཡིན་ཟེར། སྤྱི་ཚོགས་ཀྱི་འཚོ་བ་ཞེས་པ་འགྲོ་བ་མིའི་རིགས་འཚོ་སྡོད་བྱེད་པའི་ཁོར་ཡུག་ཅིག་སྟེ། དགའ་སྐྱོ་ཆགས་སྡང་སོགས་ཀྱི་སྣང་ཚུལ་སྣ་ཚོགས་པ་ཞིག་འོང་བས། དེ་དག་ལས་བདེ་བ་ལ་དོན་གཉེར་དང་། ཡང་སྡུག་བསྔལ་ལ་གཉེན་པོ་བསྟེན་པ་ཉིད་དུ་ཟད། ཚུལ་དེར་ཞིབ་པར་སེམས་ན། དེར་འདུས་པའི་བྱ་བྱེད་ཐམས་ཅད་ནི་འགྲོ་བ་མིའི་བདེ་སྡུག་ལ་རག་ལས་པའི་ཕྱིར་ན། ནང་དོན་དེ་འདྲ་མཚོན་པའི་སྙན་ངག་ཀྱང་རྩོམ་པ་པོའི་ནང་སེམས་ཀྱི་ཚོར་འདུ་ལས་མངོན་པ་འབའ་ཞིག་ཏུ་སྣང་བས། སྐྱེ་བོ་སུ་འདྲ་ཡིན་རུང་ནང་སེམས་པའི་ལས་ལས་བསམ་པའི་ལས་དག་ཀྱང་འབྱུང་ངོ་། ། དེས་ན། སྙན་ངག་གི་འབྱུང་རྩ་ནི་རང་རང་གི་སེམས་ཁམས་ལས་བྱུང་ཞེས་ཟེར་ན་མི་འཐད་པ་མེད་དོ། །
རྩོམ་པ་པོས་སྤྱི་ཚོགས་འཚོ་བའི་ཁྲོད། བྱ་བའི་ལེགས་ཉེས་དང་མིའི་འབྲེལ་བ་ལས་ཚོར་འདུ་སྣ་ཚོགས་བྱུང་ཞིང་། དེ་ལྟ་བུར་རང་རང་གི་ཤེས་རབ་ཀྱིས་འཚོ་བའི་གནས་ལུགས་ཟབ་མོ་མཚོན་བྱེད་ཡི་གེར་བཀོད་པ་དང་། དེ་དག་ལའང་དཔྱད་ཞིབ་ཡང་ཡང་བྱས་པ་ལས་བྱུང་བ་ཡིན། དེ་ཡང་རྩོམ་པ་པོ་གཅིག་གིས་ཚོར་འདུ་དང་མངོན་ཚུལ་མ་ཡིན་པར། རྩོམ་པ་པོ་དུ་མ་ཞིག་གི་འཚོ་བའི་མྱོང་གོམས་དང་ཤེས་རབ་ལ་བརྟེན་ནས། སླར་ཡང་རྟོག་ཞིབ་དང་དཔྱད་པ་ཟབ་མོ་བྱས་ཏེ། འཚོ་བའི་འཕེལ་རིམ་དང་ནང་བསམ་པའི་འཕེལ་ཁ་ལས། ཟབ་མོའི་གནས་ལུགས་རེ་ཟུང་གིས་གཙོས་དུ་མ་དུ་མ་གཞི་གཅིག་བསྒྲིལ་བའི་ཕུང་པོ་ཆེ་ཆུང་སྣ་ཚོགས་བྱུང་བར། སྙན་ངག་དང་སྙན་དངགས་ཏེ་རྩོམ་པ་པོ་དག་གི་ལས་ཀྱི་འབྲས་བུ་ཞིག་ཀྱང་ཡིན། སྙན་ངག་ནི་དངོས་པོ་ཞིག་ཡིན་པས། དེ་ནི་རྒྱུ་མེད་རྐྱེན་ལས་མི་འབྱུང་ཞིང་།འབྲས་བུ་ཡིན་པའི་ཆ་ནས་དེ་རྒྱུ་དང་རྐྱེན་བཅས་ཚང་ཞིང་འདུས་ནས་གྲུབ་པ་བསྙོན་དུ་མེད། གོང་ཞུས་ལྟར། དེ་ནི་སྤྱི་ཚོགས་འཚོ་བ་ལས་འཚོ་པ་པོ་གང་དག་གི་མཐོང་ཐོས་མྱོང་གསུམ་ལས་འབྱུང་ཞིང་། དེའི་ཡང་རྩ་བ་ནི་འཚོ་པ་པོ་འགྲོ་བ་མིའི་ལས་ལས་ཏེ། སེམས་པའི་ལས་དང་བསམ་པའི་ལས་གཉིས་ལས་བསམ་སྦྱོར་འཁྱེར་ཚུལ་གསལ་ལ། དེས་འཚོ་བའི་བདེ་སྡུག་ཡང་དག་པར་རབ་ཏུ་གསལ་ཞིང་མངོན་པར་བྱེད་དོ། ། སེམས་ཁམས་དང་སྙན་ངག་དབར་གྱི་འབྲེལ་བར་བསམ་གཞིག་ཅིག་བགྱིས་ཙ་ན། ལུས་ཅན་མེད་ན་འཚོ་བ་མི་འོང་ཞིང་།
དེར་འཚོ་པ་པོ་མེད་ན་དེ་ལས་བྱུང་བའི་སྙན་ངག་སོགས་ཅི་ཡང་འབྱུང་བ་མེད་དོ། ། གཞན་ཡང་སྤྱི་ཚོགས་ཀྱི་འཚོ་བ་ནི་འགྲོ་བ་མི་འཚོ་སྡོད་བྱེད་པའི་ཆ་ནས་སྨོས་པ་ཡིན་པས། དེའི་ཡང་རྩ་བ་འགྲོ་བ་མི་ཡིན་ལ་གང་དེའི་ལས་ལས་བྱུང་བར་བསྙོན་དུ་མེད་དོ། །
① བསེ་ཚང་བློ་བཟང་དཔལ་ལྡན། ཚངས་སྲས་བཞད་པའི་སྒྲ་དབྱངས། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1984:40
② བསེ་ཚང་བློ་བཟང་དཔལ་ལྡན། ཚངས་སྲས་བཞད་པའི་སྒྲ་དབྱངས། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1984:19
③ དུང་དཀར་བློ་བཟང་འཕྲིན་ལས། སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད། [M] མི་རིགས་དཔེ་སྐྲུན་ཁང་། 2004:19-20
④ ཆབ་འགག་རྟ་མགྲིན། བོད་ཀྱི་རྩོམ་རིག་ལོ་རྒྱུས། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། དེབ་དྲུག་པ། 2013:111
⑤ ཡོངས་འཛིན་ཕུར་ལྕོག་བློ་བཟང་ཚུལ་ཁྲིམས་བྱམས་པ་རྒྱ་མཚོ། བསྡུས་གྲྭའི་རྣམ་གཞག་རིགས་ལམ་འཕྲུལ་གྱི་ལྡེ་མིག [M] སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། པོད་ཕྲེང་བརྒྱ་དང་ཉེར་དགུ་པ། ཤོག་ངོས 49
⑥ འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ། སྙན་དངགས་མེ་ལོང་གི་འགྲེལ་པ་དབྱངས་ཅན་དགྱེས་པའི་རོལ་མཚོ། [M] བོད་ལྗོངས་བོད་ཡིག་དཔེ་སྐྲུན་ཁང་། 2018:86
⑦ ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། བློ་རྟགས་བསྡུས་གསུམ་གྱི་སྡོམ་ཚིག་དང་སེམས་སེམས་བྱུང་གི་སྐོར་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པ་བཞུགས་སོ་ཞེས་བྱ་བ་ལས། སེམས་སེམས་བྱུང་གི་ཚུལ་རྣམ་པར་བཤད་པའི་སྡོམ་ཚིག་རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། ། [M] སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། པོད་ཕྲེང་བཞི་བརྒྱ་དོན་གཅིག་པ། ཤོག་ངོས 45
⑧ རྒྱ་ཡེ་བཀྲ་བྷོས་བསྒྲིགས། ལེགས་བཤད་ཟླ་བའི་སྣང་བ་ཞེས་བྱ་བ་བཞུགས་སོ། ། [M] མི་རིགས་དཔེ་སྐྲུན་ཁང་། 2006:495
* ཉི་ཕན། བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང2019ལོའི་བོད་སྐད་ཡིག་རྩོམ་རིག་སྡེ་ཁག་གི་རབ་འབྱམས་ཞིབ་འཇུག་སློབ་མ་ཡིན།