ཁ་ཆེ་ཕ་ལུ་ལས་འཕྲོས་ཏེ་ཕ་མ་བུ་ཕྲུག་བར་གྱི་ ལས་འབྲས་ལ་ཅུང་དཔྱད་པ།
དབྱངས་ཅན་ལྷ་མོ། ཀུན་སྐྱོང་དོན་གྲུབ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-11
[གནད་བཏུས] ཁ་ཆེ་ཕ་ལུའི་བསླབ་བྱའི་ཁྲོད་ཀྱི་ཕ་མས་བུ་ཕྲུག་སྐྱོང་ཚུལ་དང་། བུ་ཕྲུག་གིས་ཕ་མ་ལ་དྲིན་གཟོ་བའི་ཚུལ་སོགས་ནང་པའི་ལས་འབྲས་ཀྱི་ལྟ་བ་གཙོར་བཟུང་ནས་རགས་ཙམ་བརྗོད་ཡོད།
[གནད་ཚིག] ཁ་ཆེ་ཕ་ལུ། ཕ་མ་བུ་ཕྲུག ལས་འབྲས།
དང་པོ། ཕ་མས་བུ་ཕྲུག་སྐྱོང་ཚུལ་གྱི་སྐོར།
ཁ་ཆེ་ཕ་ལུ་ཞེས་པའི་གྲགས་རྩོམ་འདི་ནི་བོད་མི་རིགས་ཀྱི་སྲོལ་རྒྱུན་རྩོམ་རིག་ཁྲོད་ཀྱི་ཁྱད་ནོར་ཞིག་ཡིན་པར་མ་ཟད། བརྗོད་བྱ་དང་རྗོད་བྱེད་གང་ཅིའི་ཐད་ནས་ཀྱང་མི་རིགས་རང་གི་བསླབ་བྱའི་རྩོམ་རིག་ཁྲོད་ཀྱི་དཔེར་མཚོན་དུ་འོས་པ་ཞིག་རེད། དུས་རབས་བཅུ་དགུ་པའི་ནང་དུ་མི་ཆོས་བསླབ་བྱ་གཙོ་བོར་བྱས་པའི་བརྩམས་ཆོས་མི་ཉུང་བ་ཞིག་ཡོད་ལ། དཔེར་ན། ཞང་སྟོན་བསྟན་པ་རྒྱ་མཚོས་མཛད་པའི《བསླབ་བྱ་ནོར་བུའི་ཕྲེང་བ》དང་། ཨ་ལག་ཤ་ངག་དབང་བསྟན་དར་གྱིས་མཛད་པའི《བསླབ་བྱ་མི་ཆོས་དགའ་སྟོན》ལྟ་བུ་སོགས་གྲགས་རྩོམ་མང་པོ་ཞིག་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་ཇི་བཞིན་བྱུང་ཡོད། ལྷག་པར་དུ《ཁ་ཆེ་ཕ་ལུའི་འཇིག་རྟེན་ལས་འབྲས་བརྩི་ལུགས་ཀྱི་བསླབ་བྱ་ཆུ་མིག་དངོས་གྲུབ》ནི་ཁ་སྐད་དང་གཏམ་དཔེ་གང་མང་སྤྱད་དེ་མི་ཆོས་ཀུན་སྤྱོད་ཀྱི་བསླབ་བྱ་དང་ཤེས་ཡོན་ལ་འཛིན་པའི་ལྟ་བ། དེ་བཞིན་དུ་ཕ་མ་དང་བུ་ཕྲུག་ལ་གདམས་པའི་བསླབ་བྱ་སོགས་བརྗོད་བྱ་གཙོ་བོར་བྱས་ཡོད་པས། སྐབས་དེའི་མི་རྣམས་ལ་ནང་ཆོས་ཀྱི་བསམ་བློ་གཞི་བྱས་ནས་མི་ཆོས་བསླབ་བྱ་བརྗོད་པའི་དཔེར་མཚོན་ཅན་གྱི་བརྩམས་ཆོས་གྲགས་ཅན་ཞིག་ཡིན། དེ་ཡང་།ཁ་ཆེ་ཕ་ལུའི་ཕ་མས་བུ་ཕྲུག་སྐྱོང་ཚུལ་གྱི་བསླབ་བྱའི་སྐོར་ནས། དཔེར་ན།“ན་སོ་གཞོན་དུས་བུ་ལ་སྦྱོང་ཐར་སློབས། ། ན་སོ་ལོངས་ནས་བསླབ་དགོས་མེད་པ་གྱིས། །ལྕང་གསར་གཞོན་དུས་འདྲོངས་ན་འདྲོངས་པ་རེ། ། ལྕང་རྒན་སྲོང་སྲོང་མང་ན་ཆག་པའི་ཉེན། ། ངན་པའི་མི་དང་གྲོགས་ལ་བསྡོངས་པ་ན། ། དུག་དང་བསྡོངས་ན་དུག་གི་ཁ་རླངས་ཕོག།།”①ཅེས་བྱ་བ་ཐམས་ཅད་ཀྱི་དགེ་ལེགས་ནི་ཡོན་ཏན་བསླབས་ནས་རྒྱུད་དུ་མངའ་བ་དེ་ཡིན། དེའི་ཕྱིར། ཡི་གེ་ནི་ཡོན་ཏན་ཀུན་གྱི་རྩ་བ་ཡིན་པས་ཕ་མས་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ཀྱི་བུ་ལ་ཡོན་ཏན་སློབ་དགོས་པའི་བསླབ་བྱ་གཏོང་དགོས་པར་མ་ཟད། བུ་ཕྲུག་ལའང་ཆུང་བྱིས་དུས་ནས་བཟུང་སློབ་གསོ་བཏང་སྟེ་དགེ་བའི་ལས་ལ་འབད་ཅིང་།ངན་པའི་ཕྱོགས་ཀྱི་སྤྱོད་པ་མཐའ་དག་སྤོང་བ་དང་ལེགས་ཉེས་ཤན་འབྱེད་ལ་མཁས་པའི་མི་བུ་འཇོན་ཐང་ཅན་དུ་འགྱུར་རྒྱུ་ནི་བསླབ་བྱའི་དམིགས་ཡུལ་ཧ་ཅང་གལ་ཆེན་ཞིག་ཡིན་པ་བསྟན་ཡོད་པ་རེད། དེར་མ་ཟད།“ཡག་ན་ཡག་པས་ངོ་བསྟོད་བདག་རྐྱེན་སྤྲོད། ། ཉེས་ན་ཉེས་སོང་ཟེར་ནས་ཉེས་གཏག་ཐོངས། །ཨ་མའི་ཁ་ལ་སྒོ་ལྕགས་བརྒྱབ་དྲགས་ན། ། ཕྲུ་གུས་ཆག་སྒོའི་རྒྱལ་སྒོ་ཕྱེ་ཉེན་ཡོད། ། རྡོ་ལ་ཕྱི་བདར་ཐོན་ན་ནོར་བུ་དང་། ། ལྕགས་ལ་འཇམ་ཤ་ཐོན་ན་མེ་ལོང་ཡོང་། ། ཡོན་ཏན་ཕུན་སུམ་ཚོགས་ན་སྙིང་གི་བུ། །བྱ་ལུགས་བྱེད་ལུགས་ངན་ན་དགྲ་ལས་ལོད། །”②ཅེས་རང་གི་བུ་ཕྲུག་དེ་བཟང་ན་བཟང་བོའི་བསྟོད་པ་སྤྲད་ནས་མུ་མཐུད་དུ་འབད་བརྩོན་ཧུར་ཐག་བྱ་བར་སྐུལ་མ་གཏོང་བ་དང་། ངན་ན་ངན་པའི་ཉེས་རྟགས་སྤྲད་དེ་ཡོན་ཏན་ལེགས་པོ་སྦྱངས་ནས་བྱ་ལུགས་བྱེད་ལུགས་ལེགས་པའི་བུ་བཟང་ཞིག་ཏུ་བརྩོན་དགོས་པ་སོགས་བསྟན་ཡོད། དེ་ལྟར་མ་བྱས་ཚེ་བྱིས་པ་ནི་ཁ་ཕྱོགས་མེད་པའི་འཁོར་ལོ་དང་འདྲ་བར་ཆུང་བྱིས་དུས་ནས་བཟུང་གཤིས་ངན་གྱི་གོམས་གཤིས་ལ་དྲེད་འགྲོ་བ་རེད། དེ་བས་ཕ་མའི་སློབ་གསོ་ནི་བྱིས་པ་ཞིག་ལ་མཚོན་ན་མི་གཤིས་བཅའ་སྟངས་ཀྱི་རྨང་གཞིའི་སློབ་གསོ་གལ་ཆེན་ཞིག་ཡིན་པས“ཆུང་དུས་ཨ་མས་ལང་ལ་བཏང་བའི་བུ། ། ལང་ཤོར་ཐ་མ་ཨ་མ་དགའ་མི་ཁུག།། དེ་འདྲས་མི་གསོད་བྱས་ནས་ཕུང་བ་མང་། ། དེ་འདྲས་རྟ་འཁྱེར་བྱས་ནས་བྲོས་པ་མང་། ། སྒོ་ང་རྐུ་དུས་ཁྲིག་ཁྲིག་མ་བཟོས་ན། །བྱ་མོ་ཁྱེར་བའི་རྗེས་ལ་རྟ་ཕོ་འཁྱེར། །”③ཞེས་གསུངས་པ་ནང་བཞིན། ཕ་མས་བུ་ཕྲུག་ཆུང་དུས་ནས་བཟུང་བྱམས་ཀྱིས་སྐྱོང་དགོས་ཤིང་། ངན་ལང་སྐྱག་ལང་དུ་གཏོང་དྲགས་པའམ་ཡང་ན་སློབ་གསོ་འཐུས་ཤོར་དུ་སོང་ཚེ་རང་རང་གི་བུ་ཕྲུག་གི་མདུན་ལམ་བརླག་པའི་རྒྱུ་རུ་འགྲོ་བའི་བསླབ་བྱ་སོགས་བསྟན་ཡོད་པ་རེད། དེ་བས། རང་གཞན་གཉིས་ཕན་གྱི་སྒོ་ནས་ཆུང་དུས་ནས་བཟུང་བྱ་ལུགས་བྱེད་ལུགས་སོགས་གཤིས་ལ་གོམས་པར་བྱེད་དགོས་ཤིང་། ན་སོ་དར་ཡོང་ཚེ་བུ་ཕྲུག་ནི་ཕ་མའི་ཤུལ་འཛིན་གྱི་ནོར་བུ་ལྟ་བུར་ཡིན་པས། འཇིག་རྟེན་པའི་གཉེན་སློང་གི་གཏམ་ནང་དུའང་རྒན་པོ་ཚོས“ང་ལོ་ནམ་ཚེ་གཉའ་ནས་ཐུབ་སྟེ། འཆི་དོང་ཁར་རྐང་བ་ཐུག་ནས་སྡོད་དུས། བྱིས་པ་འདི་ལྟོགས་ན་ཅ་ནེ་བཟེད་ས་དང་། གྲང་ན་རྒྱབ་སྟོན་ས་ཡིན། ཁྲ་ཁྲ་ཕྱུགས་ཀྱི་མགོ་རྫི་ཡིན། མཐིང་སྨུག་སྦྲ་ཡི་ནང་འཛིན་ཡིན། ཕ་ཞིག་གི་ལག་རྟེན་ཡིན། མ་ཞིག་གི་འཁྲི་ཤིང་ཡིན”④ ཞེས་ཁྱིམ་ཚང་གང་ལ་མཚོན་ནའང་ཁྱིམ་ཤུལ་སྐྱོང་བ་ནི་ནར་སོན་བཞིན་པའི་བྱིས་པ་དག་ལ་ཐུག་ཡོད་པས། ཕ་མའི་སློབ་གསོ་ནི་རྩ་བའི་སློབ་གསོ་ཡིན་སྟབས་ཆུང་དུས་ནས་གཙིགས་ཆེན་དུ་བྱ་དགོས་པའོ། །
གཉིས་པ། བུ་ཕྲུག་གིས་ཕ་མའི་དྲིན་བཟོ་བའི་སྐོར།
རང་ཅག་ལ་མཚོན་ནའང་དམ་པ་གོང་མ་ལས་བརྒྱུད་ཡོང་བའི་བསླབ་བྱ་ལས་བསྐྱེད་པའི་ལས་འབྲས་བརྩི་ལུགས་ཀྱི་སྲོལ་རྒྱུན་བཟང་བོ་ཞིག་ཐོག་མ་ནས་མི་རྣམས་ཀྱི་གཤིས་ན་ཡོད་སྟབས། ཕ་མའི་བཀའ་དྲིན་གཞལ་རྒྱུ་ནི་དེང་དུས་ལ་མཚོན་ནའང་ཤ་གསེང་རུས་གསེང་ལ་བབས་ཡོད་པའི་གོམས་གཤིས་ཤིག་རང་བཞིན་ཉིད་ནས་གྲུབ་ཡོད། དེ་བཞིན་ཏུ། བརྩམས་ཆོས་འདིའི་མཇུག་ཏུའང་ཕ་མའི་བཀའ་དྲིན་འཇལ་དགོས་པའི་གནས་ལུགས་གཙོ་བོར་བཟུང་ནས་བསྟན་ཡོད་ལ། ལྷག་པར་དུ་ཕ་མའི་སྐུ་འཚོ་བཞུགས་ཡོད་དུས་སུ་རང་ནུས་གང་ལྕོགས་ཀྱིས་དྲིན་ལན་འཇལ་རྒྱུའམ་ཡང་ན་ཞབས་ཏོག་ཅུང་ཙམ་རེ་དང་ཁ་ངོ་དྲོན་མོ་རེ་ཞུ་རྒྱུ་ནི་དེ་བས་ཀྱང་གལ་ཆེན་ཞིག་ཡིན་པ་བསྟན་ཡོད་པ་རེད།“བཀའ་དྲིན་ཅན་གྱི་ཕ་མ་རྣམ་པ་གཉིས། ། ན་སོ་རྒས་པ་ད་ལྟ་ཨེ་ཤེས་ལ། ། དྲིན་ཅན་དྲིན་དུ་བསམས་པ་ཨེ་ཡོད་ལགས། ། ཁྲེལ་དང་ངོ་ཚ་དགོས་པ་འདི་རུ་རེད། །ཚོགས་དང་བསོད་ནམས་གསོག་པའི་རྩ་བ་རེད། །”⑤ཅེས་གསུངས་པ་བཞིན། བུ་ཕྲུག་དག་གིས་ཚེ་འདིར་དྲིན་ལན་ནམ་མཁའི་མཐའ་དང་མཉམ་པའི་ཕ་མ་དག་གི་དྲིན་ལན་གཞལ་དཀའ་ནའང་ན་སོ་རྒན་པ་ཆགས་དུས་སུ་སེམས་བརྩེ་བའི་སྒོ་ནས་བདག་སྐྱོང་བྱས་ན། ཚེ་འདི་ཕྱི་གཉིས་ཀྱི་ཚོགས་དང་བསོད་ནམས་ཀྱི་རྒྱུ་རུ་འགྲོ་བ་སོགས་བསྟན་པ་དང་། ད་དུང་།“ཉིན་མཚན་མེད་པར་ཕ་མའི་བཀའ་དང་བསྟུན། ། སྔ་དགོང་མེད་པར་ཕ་མའི་ཞབས་ལ་བཅར། ། ཞིམ་པོ་ཕུལ་ནས་ཨེ་མཉེས་སེམས་ཀྱིས་ལྟོས། ། འཇམ་པོ་བསྒྲོན་ནས་ཨེ་མཉེས་ཡིད་ཀྱིས་ལྟོས། ། སྙན་པོ་ཞུས་ནས་ཐུགས་སེམས་ཨེ་སྤྲོ་ལྟོས། །ཡག་པོ་ཞུས་ནས་དགོངས་པ་ཨེ་སྤྲོ་ལྟོས། །”⑥ཞེས་ཕ་མ་ཟེར་བའི་དུས་ཀྱང་འཇིག་རྟེན་འདིར་ཐེངས་གཅིག་མ་གཏོགས་བརྒྱུད་མི་ཐུབ་པས་བུ་ཕྲུག་དག་གིས་ཚེ་འདིར་བྱ་བ་ཅི་ཞིག་སྒྲུབ་ཀྱང་ཕ་མའི་དགོངས་པ་དང་བསྟུན་དགོས་པ་མ་ཟད། འཇིག་རྟེན་ཁ་དཔེ་ཇི་བཞིན། ཐམས་ཅད་དགའ་ན་དགེ་བ་ཡིན་པ་དང་། ཕ་མ་དགའ་ན་དྲིན་ལན་ཡིན་ཞེས་པ་ལྟར། དུས་དང་རྣམ་པ་ཀུན་ཏུ་ཚིག་འཇམ་པོ་སྨྲ་བ། ཟས་ཞིམ་པོ་འདྲེན་པ། གོས་འཇམ་པོ་སྐོན་པའང་དྲིན་ལན་ཡིན་པར་མ་ཟད། ལས་འབྲས་ཀྱི་མཐའ་ཡང་དཀར་བར་གསུངས། མི་མང་པོ་ཞིག་གི་ཕ་མ་ཚེ་འདིར་བཞུགས་དུས་བཀའ་དྲིན་ཡིད་དུ་མ་འཁོར་བར། ཚེ་འདི་ནས་ཁ་བྲལ་རྗེས་སེམས་ལ་ནོངས་འགྱོད་སྐྱེས་འོང་བ་ནི་ཐ་མའི་ཐ་མ་ཡིན་པ་རེད། “འགྱོད་པ་དེ་ནི་ཕུགས་ནས་ཕུགས་སུ་འགྱོད། ། ད་ལྟ་ས་སྟེང་འགྱོད་པ་དེ་ལས་འགྱོད། ། དེ་ལྟར་ཕ་མ་འཛོམས་པའི་བུ་ཕྲུག་ཚོ། ། གཏམ་གྱི་ནོར་བུ་སྙིང་གི་སྒམ་དུ་ཆུག །”⑦ཅེས་གསུངས་པ་བཞིན། ཕ་མ་དག་གི་སྐུ་ཚེ་རྫོགས་རྗེས་སུ་འདས་མཆོད་ཀྱི་ཆོ་ག་མང་པོ་བསྒྲུབས་ནས་ཚོགས་བསགས་ན་བཟང་མོད་ཀྱང་། མི་མང་པོ་ཞིག་གིས་ཕ་མ་སྐུ་འཚོ་བཞུགས་གནང་དུས་རང་གི་སྙིང་ནོར་ཇི་བཞིན་གཅེས་སྤྲས་མི་བྱེད་པར། བཞུད་ཚར་རྗེས་སུ་ད་གཟོད་སྙིང་རླུང་འཚང་བའམ་དྲིན་དྲན་འོང་བ་དེ་ནི་བླུན་རྟགས་ཁོ་ན་ཡིན་པ་སོགས་བསྟན་ཡོད་དོ། །
གསུམ་པ། ལས་རྒྱུ་འབྲས་བརྩི་དགོས་པའི་སྐོར།
སྤྱིར་ཁ་ཆེ་ཕ་ལུའི་བསླབ་བྱ་འདི་ནི། རྩོམ་པ་པོས་དུས་རབས་བཅུ་དགུ་པའི་ནང་བོད་ཀྱི་སྤྱི་ཚོགས་སུ་ལུགས་མིན་སྤྱོད་ཚུལ་མང་དག་ཅིག་མཐོང་ཐོས་སུ་གྱུར་ཡོད་པས། སྣང་ཚུལ་ངན་པ་དེ་རྣམས་ལ་ཟུར་ཟ་དང་སུན་འབྱིན་བྱས་ཏེ་མི་གཤིས་ཉམས་དམས་སུ་སོང་བ་དག་ཡོ་བསྲང་ཡོང་ཆེད་དང་། ཡང་ན་རྗེས་རབས་རྣམས་ལ་ལེགས་ཉེས་བླང་དོར་དང་ཚུལ་མཐུན་དོན་གཉེར་ཅན་གྱི་ལམ་དུ་འཁྲིད་ཆེད། ལས་རྒྱུ་འབྲས་གཙོར་བཟུང་ནས་ཕ་མ་དང་བུ་ཕྲུག་བར་གྱི་བརྩེ་བའི་སྙིང་རྗེ་དང་བྱམས་སྐྱོང་དགོས་པར་བསྟན་པ་དང་། ལྷག་པར་དུ་ཕ་མས་བུ་ཕྲུག་ལ་སློབ་གསོ་གཏོང་བ་དང་། བུ་ཕྲུག་གིས་ཕ་མ་ལ་དྲིན་གཟོ་བྱེད་ཚུལ་གྱི་ལས་འབྲས་རྣམ་གཞག་གསལ་བོར་བསྟན་ཡོད་པས། དེང་གི་སྙིགས་དུས་ཀྱི་གཞོན་ནུ་རྣམས་ལ་བསླབ་བྱ་འདི་མཁོ་གལ་ཤིན་ཏུ་ཆེ་སྟེ།“སྐམ་པ་བུ་དང་རློན་པ་ཕ་མས་བྱེད། ། འཇམ་པ་བུ་དང་རྩུབ་པ་ཕ་མས་བྱེད། །”⑧ཅེས་གསུངས་པ་ལྟར། འཇིག་རྟེན་འདིའི་ཕ་མ་ཡོད་དོ་ཅོག་གིས་རང་གི་བུ་དང་བུ་མོ་སོགས་ལ་ཐུགས་བརྩེ་བའི་ངང་གནས་གང་ན་སྐྱིད་ས་དང་འཇམ་ས་མཆིས་ན་དེ་རུ་བུ་ཕྲུག་སྡོད་དུ་འཇོག་ལ། ཐ་ན་ཤ་ལས་བསྐྱེད་པའི་བུ་ཕྲུག་གི་སླད་དུ་རང་སྲོག་ཀྱང་བློས་གཏོང་ཕོད། འཇིག་རྟེན་ཁ་དཔེར་ཡང་།གོས་ཚ་རུའི་ནང་ལ་བཏུམས་ནས་ཡོད། ཕྲུག་ཐེབ་བརྒྱའི་ཁུག་ལ་གཅུད་ནས་ཡོད། གཡུ་བྱུ་རུ་གཉིས་ཀས་མནན་ནས་ཡོད། འབྲི་ཐུལ་མ་བརྒྱ་ཡི་འོ་འཐུང་ཡིན། ལུག་ཚེར་མོ་བརྒྱ་ཡི་མཁལ་ཟན་ཡིན། ཡ་ཐོད་ཀྱི་མིག་ཡིན། ཡ་ཆུང་གི་སེམས་ཡིན།”⑨ཞེས་རང་གི་ཚེ་སྲོག་གི་ཁྲོད་དུ་ཤིན་ཏུ་གལ་ཆེན་ཞིག་ཡིན་པ་བརྗོད་ཀྱིན་ཡོད། དེ་བས་རྩོམ་པོ་པོས་འདིའི་ཕྱོགས་ལ་ལས་འབྲས་ཀྱི་དྲང་ཐིག་གསལ་བོར་ཞིག་བསྟན་ཡོད་པ་རེད།“གྱོན་པ་རྙིང་ན་གསར་བ་བཟོས་པས་ཆོག།། མནའ་མ་མེད་ཀྱང་མནའ་མ་བསུས་པའི་ཆོག།། འཚོལ་དགོས་བྱུང་ན་ཕ་མ་རྙེད་མདོག་མེད། ། ཕ་མ་གཉིས་དང་མནའ་མ་བརྗེ་མདོག་མེད། །”⑩སྤྱིར་བཏང་སྔོན་གྱི་མི་རྣམས་ལ་མཚོན་ན་ནང་ཆོས་ཀྱི་དགོངས་པ་ཟབ་པའི་རྐྱེན་གྱིས་ལུས་ཟུངས་བསྐྱེད་པའི་ཕ་མ་ལ་ལས་འབྲས་མི་སློག་པ་ནི་མི་རང་རང་གི་ཚེ་སྲོག་གི་རྒྱུན་ལ་བརྒྱུས་ཡོད་པ་ཞིག་ཡིན། ཡིན་ནའང་། དུས་ཀྱི་འཕེལ་འགྲིབ་དང་བསྟུན་ནས་མི་རྣམས་ཀྱི་བསམ་བློ་ལ་འགྱུར་བ་ཐེབས་ཀྱིན་ཡོད་པ་འདི་ལ་གཞིགས་ན་བསླབ་བྱ་འདིའི་ལས་འབྲས་སྲུང་ལུགས་ནི་ཤིན་ཏུ་གལ་ཆེ།“ལས་འབྲས་སྙིང་ལ་བཅངས་ནས་འགྲོ་ལུགས་དང་། ། དཀར་ནག་སེམས་ལ་བཞག་ནས་བྱ་ལུགས་མཛོད། ། ལས་འབྲས་ཁ་ནས་ཤོད་མཁན་མང་པོ་ཡོང་། ། ལག་ལེན་ལག་ཏུ་ལོན་པ་གསེར་ལས་དཀོན། །”ཞེས་དང།“ལས་བཟང་བྱས་ན་ཐར་བའི་ལམ་བུ་ལ། ། གཏམ་བཟང་ཁྱེར་ནས་སོང་ཞིག་ཕ་ཡི་བུ། །”ཞེས་པ་ལྟར། དེང་དུས་ཀྱི་གཞོན་རབས་རྣམས་ཀྱིས་རང་གི་ཕ་མ་ལ་དྲིན་གཟོ་བྱེད་པ་ནི་བསླབ་བྱ་འདིའི་བསྟན་དོན་ཡང་ཡིན་ལ་ང་ཚོ་ཀུན་པོའི་དམིགས་ཡུལ་ཡང་ཡིན་ནོ། །
* དབྱངས་ཅན་ལྷ་མོ། མཚོ་སྔོན་མི་རིགས་སློབ་ཆེན་མི་རིགས་རིག་པ་དང་སྤྱི་ཚོགས་རིག་པའི་སློབ་གླིང་གི༢༠༡༩ལོའི་མི་རིགས་རིག་པའི་ཆེད་ལས་ཀྱི་འབུམ་རམས་ཞིབ་འཇུག་སློབ་མ།
* ཀུན་སྐྱོང་དོན་གྲུབ། མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི༢༠༡༧ལོའི་དམངས་སྲོལ་རིག་པའི་ཆེད་ལས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མ།
① ② ③ ཁ་ཆེ་ཕ་ལུ། ཁ་ཆེ་ཕ་ལུའི་འཇིག་རྟེན་ལས་འབྲས་བརྩི་ལུགས་ཀྱི་བསླབ་བྱ་ཆུ་མིག་དངོས་གྲུབ། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
2000:25.25.26
④ ཀླུ་འབུམ་རྒྱལ་གྱིས་བསྒྲིགས། གཏམ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2018:53
⑤ ཁ་ཆེ་ཕ་ལུ། ཁ་ཆེ་ཕ་ལུའི་འཇིག་རྟེན་ལས་འབྲས་བརྩི་ལུགས་ཀྱི་བསླབ་བྱ་ཆུ་མིག་དངོས་གྲུབ། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2000:28
⑥ ཁ་ཆེ་ཕ་ལུ། ཁ་ཆེ་ཕ་ལུའི་འཇིག་རྟེན་ལས་འབྲས་བརྩི་ལུགས་ཀྱི་བསླབ་བྱ་ཆུ་མིག་དངོས་གྲུབ། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2000:25
⑦ ཁ་ཆེ་ཕ་ལུ། ཁ་ཆེ་ཕ་ལུའི་འཇིག་རྟེན་ལས་འབྲས་བརྩི་ལུགས་ཀྱི་བསླབ་བྱ་ཆུ་མིག་དངོས་གྲུབ། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2000:29
⑧ ཁ་ཆེ་ཕ་ལུ། ཁ་ཆེ་ཕ་ལུའི་འཇིག་རྟེན་ལས་འབྲས་བརྩི་ལུགས་ཀྱི་བསླབ་བྱ་ཆུ་མིག་དངོས་གྲུབ། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2000:29
⑨ ཀླུ་འབུམ་རྒྱལ་གྱིས་བསྒྲིགས། གཏམ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2018:53
⑩ ཁ་ཆེ་ཕ་ལུ། ཁ་ཆེ་ཕ་ལུའི་འཇིག་རྟེན་ལས་འབྲས་བརྩི་ལུགས་ཀྱི་བསླབ་བྱ་ཆུ་མིག་དངོས་གྲུབ། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2000:30
ཁ་ཆེ་ཕ་ལུ། ཁ་ཆེ་ཕ་ལུའི་འཇིག་རྟེན་ལས་འབྲས་བརྩི་ལུགས་ཀྱི་བསླབ་བྱ་ཆུ་མིག་དངོས་གྲུབ། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2000:31
ཁ་ཆེ་ཕ་ལུ། ཁ་ཆེ་ཕ་ལུའི་འཇིག་རྟེན་ལས་འབྲས་བརྩི་ལུགས་ཀྱི་བསླབ་བྱ་ཆུ་མིག་དངོས་གྲུབ། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2000:19