སྟོན་མཇུག་གི་ས་སྲོད་དེ་ལ།

གཅོད་པ་ཚེ་རིང། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-11


[གནད་བཏུས] རང་རྒྱལ་གྱིས1986ལོར་བཏོན་པའི་འོས་འགན་སློབ་གསོའི་བཅའ་ཁྲིམས་དང། ལྷག་ཏུ2006ལོའི་འོས་འགན་སློབ་གསོའི་བཅའ་ཁྲིམས་གསར་བའི་ནང་། སློབ་མར་ལུས་ཆད་དང་རྣམ་པ་འགྱུར་བའི་ལུས་ཆད་བཅད་མི་ཆོག་པའི་སྒྲིག་སྲོལ་གཏན་ཁེལ་གསལ་ཐག་ཆོད་པ་བྱས་ཡོད། རྩོམ་འདིར་སློབ་གསོའི་འཚོ་བའི་ཁྲོད་ཀྱི་དཔེ་མཚོན་རང་བཞིན་ཅན་གྱི་དོན་རྐྱེན་ཞིག་ལ་སྦྱར་ཏེ། སློབ་མར་ཡང་དག་པའི་ཁྲིད་སྟོན་བྱེད་དགོས་པ་དང་། གཅར་རྡུང་ངམ་འཇིགས་སྐུལ་སོགས་གཏན་ནས་མི་རུང་བའི་རྒྱུ་མཚན་དཔེའི་སྒོ་ནས་བསྟན་པའོ། །

[གནད་ཚིག] སློབ་མ། ལུས་ཆད། འཇིགས་སྐུལ། གཅར་རྡུང་།

ཉེ་བའི་ལོ་འདི་དག་གི་རིང་ལ། གུས་པས་དུས་དང་རྣམ་པ་ཀུན་དུ་སློབ་མར་ལུས་ཆད་མ་གཅོད་རོགས་ཞེས་འབོད་སྐུལ་ཡང་ཡང་གཏོང་གིན་ཡོད། དེ་ནི་ཏང་དང་རྒྱལ་ཁབ་ཀྱི་སློབ་གསོའི་ཁ་ཕྱོགས་དང་མཐུན་ལ། སློབ་མའི་ལུས་སེམས་བདེ་ཐང་གི་དགོས་མཁོ་དང་ཡང་ཤིན་ཏུ་འཚམ། དེའི་ཕྱིར་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་ཚེ་སྲོག་ལ་བརྒྱུས་པའི་ས་སྲོད་ཅིག་གི་གཏམ་རྒྱུད་ཅིག་ཁྱེད་ཅག་གི་སྤྱན་ལམ་དུ་འབུལ་འདོད་བྱུང་སོང་།

མཐོ་སྒང་ཨ་མའི་གཙུག་ཕུད་ལ་གཡུ་ཡི་མཎྜལ་གྱིས་ཕྲ་བཏབ་པ་ལྟ་བུའི་མཚོ་མོ་ཁྲི་གཤོག་རྒྱལ་མོའི་འགྲམ་ངོགས་ཀྱི་ས་སྲོད་ཅིག་ལ། ངས་སློབ་གྲྭའི་གསོལ་ཁང་ནས་དགོང་ཇ་འཐུང་རྗེས། གཞུང་ལས་ཁང་གི་ཕྱོགས་སུ་འགྲོ་བཞིན་ཡོད། སྐབས་དེར་སློབ་གྲྭའི་ལས་རེས་དགེ་རྒན་གཉིས་ཀྱིས་སློབ་མ་ཞིག་བྲོས་སོང་ཞེས་དགེ་གྲོགས་རྣམས་ལ་བརྡ་རྒྱག་གིན་འདུག དེ་ནི་སྟོན་མཇུག་གི་ས་སྲོད་ཅིག་ཡིན། གལ་ཏེ་སློབ་ཆུང་སློབ་མ་ཞིག་མཚན་གང་བོར་ཕྱི་རོལ་ཏུ་ལུས་ཚེ། ཁྱི་ལྡོམ་དང་སྤྱང་ལྟོགས་ཀྱིས་མི་འཆའ་ནའང་མཐོ་སྒང་གི་གནམ་གཤིས་འདིས་འཁྱགས་ཤིར་འགྲོ་བའི་ཉེན་ཁ་ཧ་ཅང་ཆེ། དེ་ལྟ་མིན་ནའང་སློབ་ཆུང་སློབ་མ་ཞིག་ལ་མཚོན་ན་སྐྲག་ནས་བླའང་འཁྱམ་མི་འགྲོའམ། དེ་བས་དགེ་གྲོགས་ཚང་མར་སྔ་ན་མ་མཆིས་པའི་འཚུབ་ཆ་ཞིག་ལངས་ཀྱིན་འདུག

ངས་སློབ་མ་དེའི་འཛིན་བདག་དགེ་རྒན་ལ་རྒྱུས་ལོན་རགས་ཙམ་བྱས་པ་ན། མ་གཞིར་སློབ་མ་དེ་ནི་སློབ་སྦྱོང་ལ་དཀའ་ཁག་ཅན་གྱི་བུ་མོ་ཆུང་ཆུང་ཞིག་ཡིན་འདུག སྐབས་དེར་བུ་མོ་ཆུང་ཆུང་དེ་ལོ་རིམ་གསུམ་པ་རེད། ཕལ་ཆེར་ལོ་བཅུ་ཙམ་ཡིན་ཟེར།

ཕྱི་དྲོ་དེར་རྒྱ་ཡིག་དགེ་རྒན་གྱིས་བུ་མོ་དེས་རྒྱ་ཡིག་གི་ལས་བྱ་བྲིས་ཚར་མེད་པར་བཀའ་བཀྱོན་གནང་བར་མ་ཟད། ནུབ་ཟས་བཟའ་རུ་འགྲོར་མ་བཅུག་ཅིང་།གལ་ཏེ་དགེ་རྒན་ཁོང་གིས་ནུབ་ཇ་འཐུངས་ནས་ཕྱིར་ཕེབས་དུས་ད་དུང་ལས་བྱ་བྲིས་ཚར་མེད་ན་ལུས་ཆད་ནན་མོ་གཅད་རྒྱུ་ཡིན་པའི་འཇིགས་སྐུལ་བས། དགེ་རྒན་དང་སློབ་གྲོགས་རྣམས་དགོང་ཟས་བཟའ་རུ་སོང་ཤུལ་དུ་བུ་མོ་ཆུང་ཆུང་དེ་སློབ་གྲྭའི་ར་སྐོར་ལ་ལྟག་སྒོ་ཞིག་ཡོད་པའི་སྒོ་སྲུབ་ནས་ཕྱིར་འབྲོ་ཐབས་བྱས་སོང་།

ཨ་ཁ། ལོ་བཅུར་སོན་མ་ཐག་པའི་བུ་མོ་ཆུང་ཆུང་ཞིག་སྲོད་ཀྱི་དུས་ལ་ཁེར་རྐྱང་དུ་ཕྱིར་འབྲོ་ཕོད་པ་ནི་ཅི་འདྲའི་སྙིང་སྟོབས་ཆེན་པོ་ཞིག་རེད་ཨང་། དགེ་རྒན་གྱིས་མོར་སྐྱེད་པའི་འཇིགས་སྣང་དེ་ནི་མོར་མཚོན་ན་ཅི་འདྲའི་སྐྱི་གཡའ་བ་ཞིག་ཡིན་བྱུང་ངམ།

སྐབས་དེར་ང་ཚོས་སློབ་གྲྭའི་དགེ་བཟོ་པ་ཡོངས་ལ་བརྡ་བརྒྱབ་ཅིང་། གྲོས་འདུ་ཐུང་ཐུང་ཞིག་འཚོགས་རྗེས། དགེ་བཟོ་པ་དག་སྐོར་འགར་བགོས་ཏེ་སློབ་གྲྭའི་ཕྱི་རོལ་གྱི་ཕྱོགས་བཞི་མཚམས་བརྒྱད་ལ་སློབ་བུ་དེ་འཚོལ་དུ་སོང་།

ཉི་མ་ནུབ་ཕྱོགས་ཀྱི་སྤྲིན་རུམ་དུ་ཁད་ཀྱིས་ནུབ་ཅིང་། ཁྲག་དྲི་སྣུམ་པའི་མཚམས་སྤྲིན་སྟུག་པོ་ཞིག་གིས་ཆུ་ལྷའི་ཕྱོགས་ཀུན་ལྷམ་མེར་གཡོགས་འདུག དགེ་རྒན་ཕན་ཚུན་བར་སློབ་མ་རྙེད་མིན་འདྲི་བའི་ཁ་པར་ནི་གཅིག་ཐོག་གཉིས་བརྩེགས་ཀྱིས་བསྟར། ཡིན་ནའང་སུས་ཀྱང་བུ་མོ་ཆུང་ཆུང་དེའི་གྲིབ་གཟུགས་ཀྱི་ཤས་ཙམ་ཡང་མིག་དབང་དུ་མ་ཟིན། ངའི་ཡ་ཆུང་གི་འཇིགས་སྣང་དང་གནོན་ཤུགས་ཇེ་ཆེ་ནས་ཇེ་ཆེར་གྱུར་ཅིང་། བུད་མེད་དགེ་རྒན་ལ་ལས་ངུ་སྐད་བཅངས་ནས་སློབ་མ་དེའི་མིང་ནས་འབོད་ཀྱིན་པ་ཐོས་ཚེ་ལྷག་ཏུ་སེམས་ནང་ལ་ཙག་ཤེད་རེ་གཟེར་འོངས། དེ་ལས་ཀྱང་རྒྱ་ཡིག་དགེ་རྒན་དེ་སྐྲག་ནས་ཁ་ཤ་སྔོན་པོར་གྱུར་ཅིང་། མིག་ཆུ་ཁྲོམ་ཁྲོམ་དུ་བཞུར་གྱིན་སློབ་མ་དེའི་མིང་ནས་འབོད་ཀྱིན་པ་མཐོང་ཚེ་འཚིག་པ་ཟ་བའམ་སྙིང་རྗེ་བ་ཅི་ཡིན་ཆ་མི་འཚལ་བའི་ཚོར་བ་ཞིག་སྐྱེས་འོངས།

དུས་ཚོད་ནི་ནགས་གསེབ་ཀྱི་གླ་བ་བཞིན་སྐད་ཅིག་སྐད་ཅིག་ལ་ཕར་འདས་ཤིང་། སྨག་མུན་གྱི་ཡོལ་བ་ནི་གཏུམ་དྲག་ཆེ་བའི་གཅན་གཟན་ཞིག་གི་མཆེ་སྡེར་དང་འདྲ་བར་ཁོར་ཡུག་གི་འོད་སྣང་ཡོད་ཚད་ཁྱུར་མིད་གཏོང་རྒྱུར་རྔམ་བཞིན་འདུག ང་རང་ཤེའུ་ཕྲུག་བོར་བའི་ཡུ་མོ་འཁྱམ་པོ་ཞིག་དང་འདྲ་བར་ཁ་ཕྱོགས་ངེས་མེད་ངང་མུན་པ་རྒྱབ་ཡོལ་དུ་བྱས་པའི་མཚོ་ཁའི་ཕྱོགས་སུ་ཆས།

གློ་བུར་དུ་ངའི་མིག་ཞགས་ཀྱི་མཐོང་སྣེར་མཚོ་ཁའི་རྡོ་རིང་ཞིག་གི་རྒྱབ་ན་ནག་འབུར་ཞིག་འགུལ་ཙམ་བྱས་པའི་ཚོར་སྣང་བྱུང་། ངས་ཀྱང་མངོན་སུམ་མམ་འཁྲུལ་སྣང་གང་ཡིན་ཆ་མ་མཆིས་མོད། དེ་ནི་དངོས་གཟུགས་ཤིག་ཡིན་པའི་རེ་སྨོན་ཆེན་པོ་དང་བཅས་ཕྱོགས་དེར་བསྙེགས།

རྡོ་རིང་དེ་དང་བར་ཐག་གོམ་པ་བརྒྱ་ལྷག་ཡོད་པའི་སྐབས་སུ། ངས་བུ་མོ་ཆུང་ཆུང་དེའི་གཟུགས་བརྙན་དངོས་སུ་མཐོང་བྱུང་། མོ་རང་གོམ་པ་གང་རེ་གང་རེ་བྱས་ཏེ་མཚོ་ནང་དུ་བགྲོད་བཞིན་མཆིས། ང་སྐད་ཅིག་ཏུ་བླ་འཁྱམ་པ་ལྟར་ལུས་པོའི་སྟོབས་རྣམས་ཅིག་ཅར་དུ་ཟད་དེ་གོམ་པའང་སྤོ་མི་ཐུབ་པར་གྱུར། ཡིན་ནའང་ཅུང་མ་འགོར་བར་ང་ནི་རྙི་ལས་ཤོར་བའི་རི་དྭགས་བཞིན་རྒྱུག་ཐེངས་གཅིག་གིས་མཚོ་ཁར་སླེབས། ངས་ང་རང་འཚུབ་ཆ་ལངས་བཞིན་པ་བུ་མོ་ཆུང་ཆུང་དེས་མཐོང་ན་མོའང་འཚབ་འཚུབ་ཏུ་གྱུར་ཏེ་མཚོ་ནང་ནས་འགྱེལ་མི་འགྲོའམ་སྙམ་པས། སེམས་རྣལ་དུ་ཕབ་ཅིང་སྐད་ལྷོད་ལ་འབེབས་ཅི་ཐུབ་ཀྱིས།“སྒྲོལ་མ། ད་ནི་ཕར་མ་འགྲོ། ཁྱོད་ད་རུང་ཕར་སོང་ན་དགེ་རྒན་ཡང་ཆུར་བརྒལ་དགོས་པས། ཁྱོད་ཀྱིས་དགེ་རྒན་ལ་སྙིང་མི་རྗེའམ། དགེ་རྒན་ཆུར་བརྒལ་ན་ཧ་ཅང་གྲང་ལ། སྐྲག་ཀྱང་སྐྲག་པས་ཁྱོད་ཕྱིར་ཡོང་ན་ཆོག་གམ།”ཞེས་རྨི་ལམ་འཁྲུགས་པའི་གཉིད་གཏམ་ལྟ་བུ་ཞིག་བཤད་དེ་མོའི་སེམས་ལྷོད་ལ་འགུག་ཨེ་ནུས་བལྟས།

“དགེ་རྒན། ཁྱོད་ཀྱིས་ང་ལ་ཁ་ཡ་མ་བྱེད། ཁྱོད་ཚུར་མ་ཡོང་།”ཞེས་ངུ་བཞིན་བཤད་པ་ཐོས་འོངས་དུས་ངའི་སྙིང་ནི་གས་མ་སྟོང་ཕྲག་ཏུ་སིལ་བུར་གས་པ་ལྟར་གཟེར་མོད། ངས་ད་དུང་བུ་མོ་ཆུང་ཆུང་དེར་ལ་རྒྱ་མ་བྱིན་པར།“ཁྱོད་ཕྱིར་མ་འོངས་ན་དགེ་རྒན་ཡང་ཆུར་བརྒལ་དགོས་པ་ཁོ་ཐག་ཡིན་ནི་རེད། འོན་ཀྱང་ང་ངོ་མ་ཆུར་བརྒལ་རྒྱུར་སྐྲག་གི”ཞེས་བཤད་ཀྱིན་ཆུར་མ་བརྒལ་བར་བསྡད། ངའི་སེམས་ལ་གལ་ཏེ་ང་རང་རྟབ་རྟབ་པོར་ཆུར་བརྒལ་ཏེ་མོ་བདའ་ན། མོ་སྐྲག་མ་དངངས་ཆུ་ནང་ནས་འགྱེལ་ཉེན་ཆེ་ལ། མཚོ་ཆུ་ཁ་ནང་དུ་སོང་ཚེ་འཇིགས་སྣང་ལྷག་ཏུ་ཇེ་ཆེར་འགྲོ་སྲིད་པས་ངེད་གཉིས་ལ་ཅི་ཡོང་མི་ཤེས། དེ་བས་ངས་མོ་རང་ལྷོད་ལ་འབེབས་སུ་གཞུག་དགོས་འདོད་པས་དེ་ལྟར་ལབ་པ་ཡིན། སྐབས་དེར་མཚོ་ཆུ་མོའི་ཐོང་འོག་ཏུ་སླེབས་འདུག དགའ་འོས་པ་ཞིག་ལ་མོ་སྔར་གནས་སུ་ལངས་ནས་འདུག་པ་ལས་གོམ་པ་ཕར་སྤོ་མཚམས་བཞག་བྱུང་།

“དགེ་རྒན་ཁྱོད་ཀྱིས་ང་ལ་ཁ་ཡ་བྱེད་མི་དགོས། ཡོད་ཚད་ང་མ་འགྲིག་པ་རེད། ངས་ལས་བྱ་འབྲི་མི་ཤེས་པས་ཕྱིར་སོང་ན་དགེ་རྒན་གྱིས་ང་ལ་གཅར་ངེས་ཡིན”ཟེར། ཨ་ཁ། ལས་བྱ་ཐེངས་ཤིག་ནི་བུ་མོ་ཆུང་ཆུང་ཞིག་གི་ཚེ་སྲོག་ལས་ཀྱང་གལ་ཆེ་བ་ཡིན་ནམ། ལས་བྱ་ཐེངས་ཤིག་ནི་འཇིག་རྟེན་འདི་ཕྱིའི་སོ་མཚམས་ཡིན་དགོས་རིན་ཐང་ཡོད་དམ།

“སྒྲོལ་མ། ཁྱོད་མ་སྐྲག ཕྱིར་ཤོག་དང་། དགེ་རྒན་ལ་ངས་བཤད། སྐྱོན་མེད་ཁོ་ཐག་ཡིན། གལ་ཏེ་ངའང་ཆུར་བརྒལ་ནས་འུ་གཉིས་ཆུར་ལྷུང་སོང་ན། དགེ་རྒན་ལའང་ཁྱོད་ལྟ་བུའི་བུ་མོ་ཆུང་ཆུང་ཞིག་ཡོད་པས་མོས་ང་མི་དྲན་ནམ། ད་ཁྱོད་ཚུར་ཤོག་དང་ངེད་གཉིས་ཕྱིར་འགྲོ།”ངས་བུ་མོ་ཆུང་ཆུང་དེར་ཞུ་བ་བྱེད་པ་ལྟར་གྱི་ངག་འཇམ་པོའི་སྒོ་ནས་དེ་ལྟར་བཤད།

མོས་གོམ་པ་སྤོ་མཚམས་བཞག་སྟེ་ཆུ་ནང་དུ་འགྲེང་ནས་ངུ་བཞིན་འདུག ངས་ཚོད་དཔག་བྱས་པ་ལྟར་ན་ད་ནི་ང་རང་ཆུར་བརྒལ་ཡང་མོ་ཕར་འབྲོ་རྒྱུ་མིན་པ་འདྲ། དེ་བས་ང་ཆུར་བརྒལ་ནས་གོམ་པ་དང་དོ་ཞིག་བླངས། བསམ་ཡུལ་ནས་འདས་པ་ཞིག་ལ། བུ་མོ་ཆུང་ཆུང་དེས།“དགེ་རྒན་ཁྱོད་སྐྲག་ན་ཆུར་མ་བརྒལ་དང་ང་ཕྱིར་ཡོང”ཟེར། ངའི་མིག་གོང་གི་མུ་ཏིག་གི་ཕྲེང་ཐག་རྦད་དེ་ཆད་སོང་། མ་གཞིར་དགེ་རྒན་ཞེས་པའི་ང་རྒྱལ་ཅན་གྱི་ཐ་སྙད་སྐམ་པོ་འདི་ནི་ལོ་བཅུར་སོན་མ་ཐག་པའི་བུ་མོ་ཆུང་ཆུང་ཞིག་གིས་སྲུང་སྐྱོབ་བྱེད་དགོས་པའི་གདགས་གཞི་ཙམ་ལས་གང་ཡང་མ་ཡིན་པའི་ཚོར་བ་ཞིག་ཡ་ཆུང་དུ་བྲག་གཟར་གྱི་རྦབ་རྡོ་བཞིན་བཙངས་འོངས།

“འོ་ན་འགྲིག་གི ཁྱོད་དལ་མོ་བྱས་ཏེ་ཚུར་ཤོག་དང་། དགེ་རྒན་དངོས་ནས་ཆུར་བརྒལ་རྒྱུར་སྐྲག་གི”ཞེས་བཤད་ཀྱིན་ཆུ་ནང་དུ་ལངས་ནས་བསྡད། སྐབས་དེའི་མཚོ་ཆུ་རྐང་ལ་གཟེར་བ་ཞིག་འཁྱགས་ནའང་ངའི་ཡ་ཆུང་དང་ཁ་ངོ་ཐམས་ཅད་ཚ་བེར་བེར་བྱེད་ཀྱིན་འདུག བུ་མོ་ཆུང་ཆུང་དེའི་རླབས་ཆེན་གྱི་སེམས་གཤིས་དེས་ང་རང་ཁ་སྐྱེངས་པར་བྱས།

མོ་རང་ངའི་འཁྲིས་སུ་སླེབས་ཏེ་ལག་པ་ཚུར་བསྲིངས་མ་ཐག་གི་ངའི་སེམས་ཀྱི་ཚོར་སྣང་དེ་ནི་ངས་མོ་རང་སྐྱོབ་པ་མ་ཡིན་པར། མོས་ང་རང་བསྐྱབས་པ་ལྟར་གྱི་གཞི་ནས་བཤད་མི་ཤེས་པ་ཞིག་སྟེ། ད་ལྟ་ཕྱིར་དྲན་བྱེད་ཐེངས་རེར་ད་དུང་མགྲིན་པ་བརྣངས་འགྲོ། ངས་མྱུར་དུ་མོ་ཚུར་འཐེན་ཏེ་པང་དུ་བླངས་པ་ན། མོས་མིག་ཆུ་བཞུར་གྱིན།“དགེ་རྒན་ཁྱོད་རློན་པ་བྱས་སོང”ཟེར། ངས་མོ་རང་དམ་དུ་པང་ཞིང་། རང་གི་བུ་མོ་འཆི་བདུད་ཀྱི་མཆེ་བར་ནས་ཕྱིར་འཕྲོག་པ་ལྟ་བུའི་དགའ་སྣང་དང་འཇིགས་སྣང་གི་ཚོར་འདུ་རྣོན་པོ་ཞིག་གིས་ཅིག་ཅར་བསྡམས།

ངས་མོ་ཁུར་ཏེ་དབུགས་ཧལ་ཧལ་གྱིས་སློབ་གྲྭའི་ཕྱོགས་སུ་བརྒྱུགས་པ་ན། མོ་གྲང་ནས་སོ་ཐམ་ཐམ་བྱེད་བཞིན་མཆིས་མོད། མོས་ད་དུང“དགེ་རྒན་ཁྱོད་ཀྱིས་ང་སར་ཞོག་དང་། ང་འགྲོ་ཐུབ”ཟེར། མིག་ཆུས་ངའི་རྡོག་ལམ་བཀག་ཅིང་ངའི་ཡ་ཆུང་སྨྲེང་ནས་དབུགས་ཀྱང་མི་ལོན་པར་གྱུར་ནའང་། ངས“སྐྱོན་མི་འདུག དགེ་རྒན་གྱིས་ཐེག་གི”ཟེར་བཞིན་སློབ་གྲྭའི་ཕྱོགས་སུ་བརྒྱུགས།

སྟབས་ལེགས་པ་ཞིག་ལ། ཡུལ་སྐོར་པ་ཞིག་གིས་ངེད་གཉིས་ཀྱི་བཟོ་ལྟ་དེ་མཐོང་རྗེས་འཇེམ་འཁོར་བསྡད་དེ“གང་ལ་བསྐྱལ་ཨེ་དགོས”ཞེས་དྲིས་བྱུང་། ངས་བཀའ་དྲིན་ཞུས་ཏེ་སློབ་གྲྭའི་སྒོ་ཁར་སྐྱེལ་དུ་བཅུག ཁ་ལོ་པས་སོམ་ཉིའི་མིག་མདངས་དང་བཅས“ཁྱོད་གཉིས་ལ་ཅི་བྱས་སོང”ཟེར་སྐབས། ངས“ངེད་ཕ་བུ་གཉིས་ཆུ་ཁར་འཆམ་འཆམ་དུ་སོང་སྟེ་ཆུར་ལྷུང་སོང”ཞེས་བཤད་པ་ཡིན།

ཕྱིར་སླེབས་དུས་སྨག་ཡོངས་སུ་ཆད་འདུག ངས་མལ་ཁང་གི་གློག་ཀྱང་མ་བཀར། མོ་རང་ལྕགས་ཐབ་ཀྱི་འཁྲིས་སུ་ཙོག་ཏུ་བཅུག་རྗེས། མྱུར་དུ་འཛིན་བདག་མེ་ཏོག་སྐྱིད་བོས་ཏེ་མོའི་ལུས་ཕྱིས་ཤིང་ལྭ་བ་བརྗེར་བཅུག ངས་འཛིན་བདག་ལའང་གློག་འགེར་དུ་མ་བཅུག ངས་བསམས་ན། སྐབས་འདིར་བུ་མོ་ཆུང་ཆུང་འདིས་འཇིག་རྟེན་འདིའི་དགེ་རྒན་སུ་དང་སུའང་མཐོང་འདོད་ཡོད་ངེས་མ་རེད་སྙམ། ངས་ས་སྲོད་འདིའི་དོན་དག་ཡོད་ཚད་སྨག་མུན་གྱི་མཚན་མོའི་ཁྲོད་ཚ་ལམ་ལམ་གྱི་ལྕགས་ཐབ་འདིའི་གམ་ནས་མེད་པར་བཟོ་འདོད། དེ་བས་ང་དང་བུ་མོ་ཆུང་ཆུང་དེས་ཁ་བརྡ་གང་མང་བྱས།

དེ་ནས་བཟུང་བུ་མོ་ཆུང་ཆུང་དེ་དང་ངེད་གཉིས་བར་ལ་ཕ་བུ་ལྟ་བུའི་འདང་ཞིག་ཆགས་སོང་། ངས་ནམ་རྒྱུན་མོ་རང་བོས་ཏེ་ཟུར་ཁྲིད་བྱས་ཤིང་ལས་བྱ་འབྲི་རོགས་བྱས། རིམ་གྱིས་མོས་རང་རྐྱ་ཐུབ་པའི་སྒོ་ནས་ལས་བྱ་འབྲི་ཐུབ་པར་གྱུར་པ་དང་། ལོ་རིམ་འཕར་ནས་བདུན་པ་བརྒྱད་པར་སླེབས་པས་ངས་མོ་རང་བཏང་སྙོམས་སུ་བཞག ཡིན་ནའང་མོས་དུས་རྒྱུན་དུ་ང་ལ་བདག་སྐྱོང་གང་མང་བྱས་མྱོང་སྟེ། དཔེར་ན། ནངས་ཚོགས་གྲོལ་རྗེས་ང་ནངས་ཇ་འཐུང་དུ་མ་སོང་བར་གཞུང་ལས་ཁང་དུ་བསྡད་ཡོད་པ་ཤེས་ཚེ། མོས་སློབ་གྲྭའི་ཇ་ཁང་ནས་གོོ་རེ་གཉིས་ཁྱེར་ཡོང་ངེས་ལ། མཚམས་ལན་རེར་ངའི་མལ་ཁང་དུ་འོངས་ནས་ཉལ་ཐུལ་ལྟེབས་ཤིང་ཁྱིམ་ཕྱགས་ཏེ་བུད་འགྲོ།

མཐར་མོ་རང་སློབ་འབྲིང་མཐར་ཕྱིན་ནས་འབྲིང་རྒྱུགས་སྤྲོད་སྐབས། བདག་ལ་ལེགས་སྐྱེས་ཚི་ལེན་ཞིག་ཉོས་འོངས་ཏེ།“རྒན་ལགས། ལོ་འདི་དག་གི་རིང་ལ་ཁྱེད་ཀྱིས་བདག་ལ་ཕ་ལྟར་གཅེས་སྐྱོང་གནང་བར་ཐུགས་རྗེ་ཆེ། དེ་རིང་ང་བདེ་བླག་ངང་སློབ་མཐར་ཕྱིན་སོང་། རྗེས་ཕྱོགས་སློབ་གྲྭ་དགའ་ཞིག་ལ་རྒྱུགས་འཕྲོད་ན་མ་འཕྲོད་རུང་། གང་ལྟར་ལོ་དགུའི་འོས་འགན་ཡོངས་སུ་འགྲུབ་སོང་། དོན་ངོ་མར་བཤད་ན་བདག་ལ་ཨ་ཕ་མེད”ཟེར། ངས“འོ་ན་ཁྱོད་ཀྱིས་བདག་ལ་ཕ་མ་གཉིས་འཛོམས་ཡིན་ཟེར་བ་མིན་ནམ”ཞེས་དྲིས་པ་ན། “ཨ་ཕ་མེད་ཅེ་ན་སློབ་གྲོགས་རྣམས་ཀྱིས་འཕྱ་དམོད་བྱེད་སྲིད་པས། ངས་ཁྱེད་ལའང་རྫུན་བཤད་པ་ཡིན། དགོངས་དག་ཞུ”ཟེར།

སློབ་བུ་དེས་གནང་བའི་ཚི་ལེན་དེ་གོང་ཆེན་ཞིག་མིན་ནའང་། ངས་ད་དུང་གོས་སྒམ་དུ་ཉར་ཚགས་བྱས་ཡོད། དེ་ནི་ཕྲན་གྱིས་མི་ལོ་ཉེར་བདུན་ལ་སློབ་གསོ་གཉེར་བའི་བརྒྱུད་རིམ་ཁྲོད་ཐོབ་པའི་ཆེས་རིན་ཐང་ཅན་གྱི་ལེགས་སྐྱེས་ཁོ་ན་ཡིན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལགས་ཁྲུང་ཆིན་དུ་ཕེབས་ཏེ་གཟིགས་ཞིབ་གནང་སྐབས། གཞི་རིམ་དགེ་རྒན་རྣམས་ལ།“ཁྱོད་ཚོ་ནི་བྱིས་པ་ཚོའི་དགེ་རྒན་ཡིན་ལ། གནས་སྐབས་ཀྱི་ཁྱིམ་བདག་ཀྱང་ཡིན་པས། ཁོ་ཚོར་སློབ་གསོ་ཡག་པོ་བརྒྱབ་སྟེ་བདག་སྐྱོང་བཟང་བོ་བྱེད་དགོས། དེ་དག་ལས་ཆེས་གལ་འགངས་ཆེ་བ་ནི་བདེ་འཇགས་ཡིན”ཞེས་གསུངས་པའི་བརྙན་ཐུང་དེ་མཐོང་དུས། ངས་ལྷག་ཏུ་འདས་ཟིན་པའི་ས་སྲོད་དེ་དྲན་ཞིང་།
དགེ་རྒན་ཞིག་ཡིན་ཚེ་ངེས་པར་དུ་རང་གི་སློབ་མར་རྒྱུས་ལོན་དགོས་ལ། སློབ་མར་སློབ་གསོ་གཏོང་སྟངས་ལ་ཅིས་ཀྱང་གཟབ་ནན་བྱེད་དགོས། སློབ་མར་ལུས་ཆད་བཅད་མི་ཆོག་པའི་སྒྲིག་སྲོལ་དེ་སྒྲིག་སྲོལ་ཙམ་མ་ཡིན་པར། ཁ་ཡོད་ལག་ཡོད་ཀྱི་སློབ་གསོ་གཉེར་སྟངས་ཤིག་ཏུ་འགྱུར་བའི་འབོད་སྐུལ་སྙིང་ནས་གཏོང་འདོད་སྐྱེས་བྱུང་། །


* གཅོད་པ་ཚེ་རིང་། མཚོ་ལྷོ་ཁུལ་གུང་ཧོ་རྫོང་ཅང་ཤེས་གྲོང་རྡལ་མི་རིགས་བཅའ་སྡོད་སློབ་ཆུང་དུ་ཕྱག་ལས་གནང་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1