༄༅།།ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ལྗོངས་མི་དམངས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ཕྱོགས་སུ་བསྐྱོད་པ།

རྩོམ་པ་པོ། ཐུབ་བསྟན་ཕུན་ཚོགས། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། 06-22


     སྤྱི་ལོ་1950ལོར་ཏང་ཀྲུང་དབྱང་དང་མའོ་ཀྲུ ་ཞིས་བོད་ལྗོངས་བཅིངས་འགྲོལ་བྱ་རྒྱུ་དང༌།  དེའང་བོད་ཞི་བའི་བཅིངས་འགྲོལ་འཐོབ་ཆེད་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་ཀུན་ཁྱབ་རླུང་འཕྲིན་བརྒྱུད་ནས་ཀྲུང་དབྱང་གིས་བོད་དུ་འཛིན་པའི་སྲིད་ཇུས་དང༌།  མྱུར་དུ་བཙན་རྒྱལ་རིང་ལུགས་པའི་བོད་དུ་ཡོད་པའི་དབང་ཤུགས་མཐའ་དག་ཕྱིར་བསྐྲད་དེ་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་ནང་ཚུར་ལོག་དགོས་པའི་ཁྱབ་བསྒྲགས་བསླབ་བྱ་ཡང་ཡང་བྱས།  1950ལོའི་ཟླ་10པའི་ཚེས་7ཉིན་བཅིངས་འགྲོལ་དམག་གིས་ཆབ་མདོར་དཔུང་འཇུག་བྱས།   སྲིད་སྐྱོང་སྟག་བྲག་ངག་དབང་བསྟན་པའི་རྒྱལ་མཚན་གྱིས་མདོ་སྨད་སྤྱི་ཁྱབ་ལྷ་ཀླུ་ཚེ་དབང་རྡོ་རྗེ་ལ་ནུས་ཤུགས་གང་ཡོད་བཏོན་ནས་ཆབ་མདོ་ས་ཁུལ་བརྟན་སྲུང་བྱེད་དགོས་པའི་བཀའ་ཕབ། ཚེས་15ཉིན་མདོ་སྤྱིའི་སྲིད་དབང་བཅིངས་འགྲོལ་དམག་གིས་བཟུང༌།  དུས་དེར་བོད་ཀྱི་དཔོན་རིགས་རྣམས་ནང་འགལ་ཚབས་ཆེན་བྱུང༌།   བོད་ཀྱི་ཆོས་སྲིད་ཅི་བྱ་གཏོལ་མེད་ཀྱི་སྐབས་སུ་སྟག་བྲག་གིས་སྲིད་སྐྱོང་དགོངས་པ་ཞུས་ཏེ་1950ལོའི་ཟླ་10ཚེས་8ཉིན་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབང་རྒྱལ་བ་སྐུ་ཕྲེང་བཅུ་བཞི་པས་བཞེས།  ཟླ་བ་11ཚེས་11ཆིན་ཏཱ་ལའི་བླ་མ་ལྷོ་ཁ་གྲོ་མོར་བྱོལ།   1951ལོའི་ཟླ་2པར་ང་ཕོད་ངག་དབང་འཇིགས་མེད་སོགས་འཐུས་མི་ལྔ་པེ་ཅིང་དུ་ཞི་ཆིངས་གྲོས་མོལ་དུ་ཕེབས་པའི་ལམ་བར་ཁྲང་ཆིང་དུ་འབྱོར་དུས་སྐུ་ཞབས་ཏེང་ཞའོ་ཕིན་དང་འབའ་པ་ཕུན་ཚོགས་དབང་རྒྱལ་བཅས་ཀྱིས་སྣེ་ལེན་ཞུས།  དེའི་དགོང་མོར་གསོལ་སྟོན་ཐོག་དགེ་བཤེས་ཤེས་རབ་རྒྱ་མཚོས་བོད་ཀྱི་འཐུས་མི་རྣམས་ལ་བཀའ་རྩུབ་ཅུང་ཟད་ཕེབས། པེ་ཅིང་དུ་འབྱོར་པ་དང༌།   མེ་འཁོར་ས་ཚུགས་སུ་ཙུང་ལི་ཀྲོ ་ཨེན་ལའེ་སོགས་ཀྲུང་དབྱང་གི་དབུ་ཁྲིད་རྣམས་བསུ་མར་ཕེབས།  དགེ་བཤེས་ཤེས་རབ་རྒྱ་མཚོས་ཀྲུང་དབྱང་ལ་བོད་གཞུང་གི་སྐུ་དྲག་རྣམས་གཡོ་སྒྱུ་དང༌།  མགོ་བདེ་ཅན་ཡིན་སྟབས་དབུ་བསྐོར་ཐེབས་ཉེན་ཡོད་པས་ཐུགས་གཟབ་གནང་དགོས་ཞེས་དབུ་ཅན་དུ་བྲིས་པའི་ཕྱག་བྲིས་ཤིག་ཕུལ་བ་དེ་ཀྲོ ་ཙུང་ལིའི་ཕྱག་ཏུ་འབྱོར།   ཁོང་གིས་འབའ་པ་ཕུན་ཚོགས་དབང་རྒྱལ་རྒྱ་སྐད་དུ་བསྒྱུར་བཅུག་སྙན་གསན་གནང༌།   ཀྲུང་དབྱང་མི་དམངས་སྲིད་གཞུང་གི་དབང་ཆ་ཚང་མ་ཡོད་པའི་འཐུས་མི་ལི་ཝེ་ཧན་དང༌།   ཀྲང་ཅིན་ཝུ །  ཀྲང་གོ་ཧྭ།   སུན་ཀྲི་ཡོན་ བཅས་བསྐོ་བཞག་གནང་བ་དང༌། ལི་ཝེ་ཧན་གྱིས་ཚོགས་གཙོ་གནང་སྟེ་སྤྱི་ལོ་1951པའི་ ལྕགས་ཡོས་ ཟླ་བ་ལྔ་པའི་ཚེས་ཉེར་གསུམ་ཉིན་པེ་ཅིན་ཆིན་ཀྲེང་ཕོ་བྲང་དུ་ཕྱོགས་གཉིས་ཀྱི་འཐུས་མི་རྣམས་འཚོགས་ནས་འབའ་པ་ཕུན་ཚོགས་དབང་རྒྱལ་གྱིས་སྐད་སྒྱུར་བརྒྱུད་ནས་བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་འགོད་པའི་མཛད་སྒོ་གཟབ་རྒྱས་འཚོགས།  བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་དོན་ཚན་བཅུ་བདུན། དང་པོ།  བོད་མི་དམངས་མཐུན་སྒྲིལ་བྱས་ཏེ་ཕྱི་རྒྱལ་བཙན་དབང་རྒྱལ་ཁབ་ཀྱི་བཙན་ཤུགས་བོད་ནས་མཐར་སྐྲོད་གཏོང་དགོས། བོད་མི་དམངས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མེས་པོའི་རྒྱལ་ཁབ་ཁྱིམ་ཚང་ཆེན་པོའི་ནང་ལོག་དགོས། གཉིས་པ།   མི་དམངས་བཅིངས་འགྲོལ་དམག་བོད་དུ་བསྐྱོད་དེ་རྒྱལ་ཁབ་བརྟན་པོར་སྲུང་རྒྱུ་ལ་བོད་ཀྱི་ས་གནས་སྲིད་གཞུང་ནས་རོགས་རམ་ལྷུར་ལེན་བྱེད་རྒྱུ། གསུམ་པ།   ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་ཚོགས་ཀྱི་ཐུན་མོང་རྩ་འཛིན་གྱི་མི་རིགས་སྲིད་ཇུས་གཞིར་བཟུང་སྟེ་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་གཅིག་སྒྲིལ་གྱི་འགོ་ཁྲིད་འོག བོད་ཀྱི་མི་དམངས་ལ་མི་རིགས་ཀྱི་ས་གནས་རང་སྐྱོང་ལག་ལེན་བྱེད་རྒྱུའི་དབང་ཆ་ཡོད། བཞི་པ།   བོད་ཀྱི་ཆབ་སྲིད་ལམ་ལུགས་ད་མུས་ལ་ཀྲུང་དབྱང་གིས་བཅོས་བསྒྱུར་མི་བྱེད་པར། ཏཱ་ལའི་བླ་མའི་སྔར་ཡོད་གོ་གནས་དང་དབང་ཆ་ཡང་ཀྲུང་དབྱང་ནས་བསྒྱུར་བཅོས་མི་བྱེད། དཔོན་རིགས་མཐོ་དམན་རྣམས་ཀྱང་སྔར་བཞིན་གནས་རྒྱུ། ལྔ་པ།   པཎ་ཆེན་ཨེར་ཏེ་ནིའི་སྔར་ཡོད་གོ་གནས་དང་དབང་ཆ་རང་འཇགས་གནས་དགོས།   དྲུག་པ།  ཏཱ་ལའི་བླ་མ་དང༌།   པཎ་ཆེན་ཨེར་ཏེ་ནིའི་སྔར་ཡོད་གོ་གནས་དང་དབང་ཞེས་པ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་དང༌།  པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་དགུ་པ་མཐུན་པོའི་སྐབས་ཀྱི་གོ་གནས་དང་དབང་ཆའོ། བདུན་པ།   ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་ཚོགས་ཀྱི་ཐུན་མོང་རྩ་འཛིན་ནང་ཐག་བཅད་པའི་ཆོས་ལུགས་ལ་དད་པ་རང་མོས་བྱས་ཆོག་པའི་སྲིད་ཇུས་ལག་ལེན་བྱས་ཏེ། བོད་ཀྱི་མི་དམངས་ཀྱི་ཆོས་ལུགས་ལ་དད་པ་དང༌།   ཡུལ་གོམས་གཤིས་ལུགས་ལ་བརྩི་འཇོག་བྱེད་རྒྱུ་དང༌། དགོན་པ་གྲྭ་ཚང་གི་ཡོང་སྒོར་ཀྲུང་དབྱང་ནས་བསྒྱུར་བཅོས་མི་བྱེད། བརྒྱད་པ།  བོད་ཀྱི་དམག་སྒར་རིམ་གྱིས་བཅིངས་འགྲོལ་དམག་ལ་ཚུར་བསྒྱུར་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲུང་དྲག་ཤུགས་ཀྱི་ཆ་ཤས་ཤིག་ཏུ་བསྒྱུར་རྒྱུ། དགུ་པ།   བོད་ཀྱི་དངོས་ཡོད་གནས་ཚུལ་གཞིར་བཟུང་སྟེ་རིམ་གྱིས་བོད་རིགས་ཀྱི་སྐད་ཆ་དང༌།  ཡི་གེ་སློབ་གྲྭའི་སློབ་སྦྱོང་བཅས་གོང་འཕེལ་གཏོང་རྒྱུ། བཅུ་པ།   བོད་ཀྱི་དངོས་ཡོད་གནས་ཚུལ་གཞིར་བཟུང་སྟེ་རིམ་གྱིས་བོད་ཀྱི་སོ་ནམ་དང༌།  ཕྱུགས་ལས།   བཟོ་ལས།   ཚོང་ལས་རྣམས་གོང་འཕེལ་དུ་བཏང་ནས་མི་དམངས་ཀྱི་ལྟོ་གོས་སོགས་ཇེ་ལེགས་སུ་གཏོང་རྒྱུ། བཅུ་གཅིག་པ།   བོད་ཀྱི་ལམ་ལུགས་སྣ་ཚོགས་ལེགས་བཅོས་བྱེད་རྒྱུའི་སྐོར་ལ་ཀྲུང་དབྱང་ནས་བཙན་ཤེད་ཀྱིས་མི་བྱེད་པར།  བོད་ས་གནས་སྲིད་གཞུང་རང་ནས་ལེགས་བཅོས་བྱེད་རྒྱུ་དང༌། མི་དམངས་ཀྱིས་ལེགས་བཅོས་བྱེད་དགོས་ཞུ་དུས།   བོད་ཀྱི་འགོ་བྱེད་རྣམས་དང་གྲོས་བསྡུར་གྱི་ཐབས་ཤེས་ལ་བརྟེན་ནསཐག་གཅོད་རྒྱུ།  བཅུ་གཉིས་པ།   སྔར་ཕན་གྱི་བཙན་དབང་རྒྱལ་ཁབ་དང་གོ་མིན་ཏང་ལ་འབྲེལ་བ་བྱེད་པའི་དཔོན་རིགས་ཀྱིས་ཕྱི་རྒྱལ་བཙན་དབང་རྒྱལ་ཁབ་དང་གོ་མིན་ཏང་གི་འབྲེལ་ཐག་མཐར་ཕྱིན་པ་བཅད་དེ།  ད་ཕྱིན་ངོ་ལོག་དང་སྐྱོན་གནོད་མ་བྱས་ན་ལས་ཚན་རང་འཇགས་བྱེད་ཆོག་པར་སྔར་བྱས་ལ་རྩད་གཅོད་མི་བྱེད། བཅུ་གསུམ་པ།  བོད་བསྐྱོད་མི་དམངས་བཅིངས་འགྲོལ་དམག་གིས་གོང་གསལ་དོན་ཚན་རྣམས་ཀྱི་སྲིད་ཇུས་ལ་སྲུང་བརྩི་བྱེད་རྒྱུར་མ་ཟད།  ཉོ་ཚོང་དྲང་འཇོག་གིས་མི་དམངས་ཀྱི་ཁབ་སྐུད་ཙམ་ཡང་གང་བྱུང་ལེན་མི་ཆོགབཅུ་བཞི་པ།   ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་བོད་ས་གནས་ཀྱི་ཕྱི་འབྲེལ་ལས་དོན་མཐའ་དག་གཅིག་གྱུར་གྱིས་བྱེད་རྒྱུ་དང༌།  འདྲ་མཉམ་གཉིས་ཕན།   ཕན་ཚུན་གྱི་མངའ་ཁུལ་དང་རང་བཙན་གྱི་དབང་ཆ་ལ་བརྩི་འཇོག་ཐོག་ཉེ་འདབས་རྒྱལ་ཁབ་དང་ཞི་མཐུན་གྱིས་གནས་རྒྱུར་མ་ཟད།  དྲང་འབྲེལ་གྱི་ཚོང་ལས་འཛུགས་རྒྱུ་དང་གོང་འཕེལ་གཏོང་རྒྱུ།  ྄བཅོ་ལྔ་པ།   གྲོས་མཐུན་འདི་ཉིད་ལག་ལེན་བསྟར་བའི་འགན་ལེན་ཕྱིར་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་བོད་དུ་དམག་སྲིད་ཨུ་ཡོན་ལྷན་ཁང་དང་ས་གནས་དམག་སྒར་གྱི་དམག་སྤྱི་ཁང་འཛུགས་རྒྱུ་དང༌།  ཀྲུང་དབྱང་གིས་བཏང་བའི་ལས་བྱེད་མ་ཚད།    བོད་ཁུལ་གྱི་ལས་བྱེད་ཀྱང་གང་མང་རུག་སྟེ་ལས་ཀ་བྱེད་རྒྱུ།  དམག་སྲིད་ཨུ་ཡོན་ལྷན་ཁང་ནང་འགྲོ་མི་རྣམས་བོད་ཀྱི་ས་གནས་སྲིད་གཞུང་དང༌།  ཡུལ་ཕྱོགས་སོ་སོ།  དགོན་པ་གཙོ་ཆེ་བ་བཅས་ནས་རྒྱལ་ཁབ་ལ་ཤ་ཞེན་ཡོད་པ། ཀྲུང་དབྱང་མི་དམངས་སྲིད་གཞུང་ནས་བསྐོས་པའི་འཐུས་མི་དང༌།  གནད་ཡོད་ཀྱི་ཕྱོགས་ཚང་མ་མཉམ་གྲོས་ཐོག་ནས་མིང་ཐོ་ཕུལ་ཏེ་ཀྲུང་དབྱང་མི་དམངས་སྲིད་གཞུང་ལ་བསྐོ་བཞག་གནང་བ་ཞུ་རྒྱུ། བཅུ་དྲུག་པ།   དམག་སྲིད་ཨུ་ཡོན་ལྷན་ཁང་དང༌།  ས་གནས་དམག་སྤྱི་ཁང༌།   བོད་བསྐྱོད་མི་དམངས་བཅིངས་འགྲོལ་དམག་གི་འགྲོ་སོང་ཀྲུང་དབྱང་མི་དམངས་སྲིད་གཞུང་ནས་གཏོང་རྒྱུ།  བོད་ས་གནས་སྲིད་གཞུང་ནས་མི་དམངས་བཅིངས་འགྲོལ་དམག་ལ་འབྲུ་དང༌།  གཞན་ཡང་ཉེར་མཁོ་སྒྲུབ་རྒྱུ།   སྐྱེལ་འདྲེན་བཅས་ལ་རོགས་རམ་བྱེད་རྒྱུ། བཅུ་བདུན་པ།   གྲོས་མཐུན་འདི་ཉིད་མིང་རྟགས་བཀོད་འཕྲལ་རྩ་བར་བཟུང་སྟེ་ལག་ལེན་བྱེད་རྒྱུ།  ཞེས་པའི་གྲོས་ཆོད་དོན་ཚན་བཅུ་བདུན་བཀོད་ནས་བོད་ཞི་བས་བཅིངས་འགྲོལ་གཏོང་རྒྱུའི་ཐག་བཅད། སྐབས་དེར་འབའ་ལི་རྒྱལ་གསུམ་དང༌།   སྨར་ཁམས།   བྲག་གཡབ།   ཏྲེ་ཧོར་ཁག་ལྔ།   ཉག་ཁོག སྡེ་དགེ། སྒ་པ་སོགས་ཁམས་ཕྱོགས་ཀྱི་དཔོན་རིགས་རྣམས་ཀྱིས་བཅིངས་འགྲོལ་དམག་ལ་འཇབ་དམག་ལོ་མང་བརྒྱབ།   1954ལོར་རྒྱལ་པཎ་གཉིས་སོགས་བོད་ཀྱི་བླ་ཆེན་དང་དཔོན་རིགས་ཁག་གཅིག་པེ་ཅིང་དུ་ཕེབས་ནས།  མའོ་ཀྲུ ་ཞི་སོགས་ཀྲུང་དབྱང་གི་འགོ་ཁྲིད་རྣམས་དང་མཇལ།  1955ལོར་ཁོང་རྣམས་ཕྱིར་བོད་དུ་ཕེབས།   1956ལོ་ཙམ་ན་ཁམས་ཕྱོགས་ཀྱི་དཔོན་རིགས་རྣམས་ས་ཤོར་ནས་རིམ་བཞིན་ལྷ་སར་བྲོས།  1958ལོའི་ཟླ་6ཚེས་16ཉིན་ལི་ཐང་ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱིས་འགོ་གཙོ་བྱས་པའི་འོག་ མདོ་ཁམས་ཆུ་བཞི་སྒང་དྲུག་གི་བསྟན་སྲུང་དམག་སྒར་ ཞེས་པ་ལྷོ་ཁར་བཙུགས།  1959ལོའི་ཟླ་3ཚེས་10ཉིན་ལྷ་སར་ཟིང་འཁྲུག་ལངས་སྟབས་ཏཱ་ལའི་བླ་མ་སྐུ་འཁོར་ཧྲག་བསྡུས་རྒྱ་གར་དུ་བྲོས།  ཤུལ་གྱི་བོད་ལྗོངས་མི་དམངས་ཚང་མ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ཕྱོགས་སུ་མདུན་སྐྱོད་བྱས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1