༄༅།།བོད་ཡུལ་གྱི་རྡོ་རྐོས་ཡིག་གཟུགས་བྱུང་ཚུལ་ལ་ཅུང་ཟད་དཔྱད་པ།

རྩོམ་པ་པོ། རིག་བརྟན། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། 06-22


བོད་ཡུལ་གྱི་རྡོ་རྐོས་ཡིག་གཟུགས་བྱུང་ཚུལ་ལ་ཅུང་ཟད་དཔྱད་པ།

    དེ་ཡང་ལྷ་སའི་དེང་གི་རྩ་མདའ་རྫོང་ས་ཆའི་བྲག་ངོས་ཤིག་ན་རི་མོ་སྣ་ཚོགས་དང་སྨར་ཡིག་གི་ཡིག་གཟུགས་རྙེད་པར་གནའ་བྱུང་ཚུལ་ལ་ཅུང་ཟད་དཔྱད་ན་ལོ་ངོ3000ལྷག་ཙམ་སོང་འདུག་པར་སྙམ།ལྷ་སའི་རྡོ་རིང་གི་ཡི་གེ་དང་བསམ་ཡས་ཀྱི་རྡོ་རིང་ཡི་གེ་དེ་མིན་བཙན་པོ་སྐུ་རིང་གི་རྡོ་རིང་ཡི་གེ་དང་ལྷ་སའི་སྐུ་མཁར་མ་རུ་རྩེའི་རྡོ་ཕ་བོང་ལ་བརྐོས་ཡོད་པའི་ཐོན་མིའི་ཕྱག་བྲིས་ཏེ་མ་ཎི་འབྲུ་དྲུགཐོན་མིས་སྲོང་བཙན་སྒམ་པོར་བསྟོད་ཚིག་ཕུལ་བ་ལྷ་སའི་མལ་གྲོ་གངས་དཀར་བཙུན་མོ་ཚལ་དགོན་པའི་འཇན་ཁོག་ལྷ་ཁང་གི་བྲག་ངོས་སུ་བརྐོས་ཡོད་པའི་སྒྱོགས་དཀར་མོ་གནམ་ལ་མཆོང་འདྲ་ཞེས་པ་ད་ལྟ་ཡང་དངོས་སུ་མཐོང་རྒྱུ་ཡོད།དེ་མིན་གྱི་རྡོ་འབུམ་ཁ་ཤས་ཀྱི་ངོ་སྤོད་རྣམས་གཤམ་གསལ།
      དཔལ་དགེ་མ་ཎི་རྡོ་འབུམ་མམ་རྡོ་རྩིག་གི་ལོ་རྒྱུས་མདོར་བསྡུས།དཔེར་བརྗོད་དང་པོ།སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སེར་ཤུལ་རྫོང་གི་ནུབ་བྱང་མཚམས་སུ་ཡོད།ལམ་ཐག་སྦྱི་ལེ50ལྷག་ཙམ་ཡོད།རྡོ་འབུམ་བཞེངས་སའི་ས་ཆ་ནི་རྫ་མ་མོ་ཐང་ཞེས་པ་དེ་ཡིན།དཔལ་དགེ་བླ་མ་བསམ་གཏན་ཕུན་ཚོགས་ཀྱིས་རབ་བྱུང་བཅུ་གཅིག་པའི་ལྕགས་འབྲུག་ལོ་སྟེ་སྤྱི་ལོ1640ལོར་རྡོ་འབུམ་དེ་ཐོག་མར་གསར་བཞེངས་བྱས།རྗེས་སུ་དེའི་ཡང་སྲིད་དཔལ་སྦྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་བོས་དགུང་ལོའི་སུམ་ཅུའི་ཐོག་ལོ་ལྔ་ཙམ་གྱི་རིང་ལ་དད་འབུལ་བ་ཆེ་ཕྲ་གང་བྱུང་རྣམས་བསྡུས་ཏེ་སླར་ཡང་རྡོ་རྐོ་དུ་མ་བསྡུས་ནས་མ་ཎི་བཀའ་ཆེན་དང་བཅུ་འགྱུར་སོགས་རྡོ་ལ་བརྐོས་རྗེས་རྡོ་ངོ་ལེན་སྐབས་རྩིས་ལེན་ཞིབ་གཟུགས་ནན་ཏན་མཛད་དེ་རྡོ་འབུམ་རྒྱ་ཇེ་ཆེ་དང་དཔངས་ཐེ་མཐོར་བཏང་ལ་ཁ་སྣོན་ཞིག་གསོས་ལེགས་པོ་བྱས།བཞེངས་བསྐྲུན་མཛད་པ་དང་དུས་མཚུངས་སུ་བླ་སྤྲུལ་མང་པོ་གདན་དྲངས་ནས་རྡོ་འབུམ་ལ་རབ་གནས་ཀྱང་རྒྱ་ཆེན་པོ་བྱས།དེ་རྗེས་བསྟན་པ་ལ་དར་རྒུད་ཆེན་པོ་བྱུང་ནས་རྡོ་རྩིག་དེ་ཞིག་རལ་དུ་གྱུར་ན་ཡང་།བསྟན་པ་ཕྱི་དར་གྱི་སྐབས་སུ་མཆོག་སྤྲུལ་རྒྱལ་མཚན་རབ་ཡངས་ཀྱིས་གཙོ་འགན་བཞེས་ནས་མི་དམངས་ཤོག་སྒོར་ཁྲི17ཙམ་འགྲོ་སོང་བཏང་ནས་ཡུལ་སྡེ་དེའི་བླ་སྤྲུལ་དང་མགོ་ཁྲིད་མི་སེར་སོགས་ཀྱིས་ཉམས་གསོ་ཕུན་སུམ་ཚོགས་པ་བྱས་ཡོད།དཔལ་དགེའི་རྡོ་རྩིག་གི་རིང་ཐུང་གི་ཚད་ནི་སྤྱི་ལེ1.7ཡོད་ལ།ཞེང་ལ་མུས1ནས3བར་དང་།མཐོ་ཚད་ནི་མུས2.5ནས3.5ཡོད།རྡོ་འབུམ་རིང་པོ་འདིའི་ཐོག་གི་སོ་སོའི་བར་དུ་མུས3ནས4བར་དུ་རྡོ་རྩིག་གྲུ་བཞི་དང་ནར་མོ་བཅས་རྩིག་ཡོད།ས་ཆ་དེའི་གྲྭ་བ་དང་བཙུན་པའི་ཞལ་རྒྱུན་ལྟར་ན་རྡོ་འབུམ་དེའི་ནང་དོན་ནི་མ་ཎི་ཡིག་དྲུག་གཙོ་བོ་བྱས་པའི་སྟེང་དུ་བཀའ་བསྟན་འགྱུར་དང་ཐར་མདོ་ཚར500སོགས་ཡོད།རྡོ་ལ་བརྐོས་པའི་ལྷ་སྐུ་ཆེ་ཆུང3000ལྷག་ཡོད་པར་བཤད།ས་ཆ་འདིའི་ལོ་རྒྱུས་ཀྱི་དུས་ཡུན་ལོ360ཡོད།རྡོ་འབུམ་འདི་ནི་དེང་སེང་འཛམ་གླིང་སྟེང་ཆེས་རིང་བའི་མ་ཎི་རྡོ་རྩིག་ཅིག་ཡིན།།       དཔེར་བརྗོད་གཉིས་པ།སྤྱི་ལོ1980ལོར་བོད་ཀྱི་ཤར་སྟོད་བཞད་བྲ་དཀར་པོའི་མདུན་ཤོལ་ཁམས་མི་ཉག་ལྷ་སྒང་ཞང་གི་གསེར་རྒྱ་སྒོ་ནང་དུ་ཤར་གྲོང་བླ་མ་ཚེ་འཕེལ་གྱི་སློབ་མ་གོ་རོ་མ་ཨ་རྒྱར་ཚང་གི་བསྟན་འཛིན་རྒྱ་མཚོ་ལ་རྡོ་རྐོ་བའི་ཆེད་དུ་ཁྱོད་ཀྱིས་བྱུ་རུ་ཆེན་པོ་ཆ་གཅིག་ཕུལ་དང་རྟེན་འབྲེལ་བཟང་བོ་ཡོད་ཅེས་བཀའ་གནང་བ་བཞིན་དུ་ཕུལ་ནས་ཤར་གྲོང་བླ་མས་མ་ཎི་རྡོ་མཁར་གྱི་རྒྱུ་རྩ་ཐོག་མར་བྱུ་རུ་ཆེན་པོ་ཆ་གཅིག་བྱས་ནས་མ་ཎི་རྡོ་མཁར་མཐོན་པོ་ཞིག་བཞེངས་པ་དེ་ད་ལྟ་རི་མགོ་ཆུང་ཆུང་ཞིག་དང་མཉམ་ཡོད།    དཔེར་བརྗོད་གསུམ་པ།སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལྕགས་ཟམ་རྫོང་འབོ་ཆས〔磨西〕གྲོང་རྡལ་གཡས་ཟུར་དུང་དཀར་ལུང་བའི〔海螺沟〕སྒྲུབ་ཕུག་གི་གནས་རྡོའི་ཕ་བོང་ཆེན་པོའི་ཐོག་ཏུ་མི་ཉག་མགར་ཐུར་གྱི་ཚོང་དཔོན་ཆེན་པོ་ཚེ་རིང་བསྟན་འཕེལ་ལགས་ཀྱིས་ལོ3ཙམ་གྱི་རིང་ལ་འབད་བརྩོན་བྱས་ནས་བོད་ཀྱི་ལྕགས་ཟམ་པ་ཆེན་པོ་ཐང་སྟོང་རྒྱལ་བོའི་སྐུ་འདྲ་མཐོ་ཚད་མུས9དང་ཞེང་ཚད་མུས6ཅན་ཞིག་བརྐོས་ཡོད་པར་མ་ཟད།མ་ཎི་བཀའ་ཆེན་དང་།གུ་རུ་སིད་དྷི་མཐོ་ཚད་མུས་2.5དང་ཞེང་ཚད་མུས7.2ཡོད་པ་གཏིང་ཟབ་མོ་ཞིག་རྡོ་བར་བརྐོས་ཡོད།དེ་དག་ལ་འགྲོ་སོང་མི་དམངས་ཤོག་སྐོར་ཁྲི50ལྷག་ཙམ་བཏང་ནས་མཆོད་རྟེན་དང་ལྷ་ཁང་ཆུང་ཆུང་བཅས་སྤྱི་ལོ2005ལོའི་ཟླ5བའི་ཚེས1ཉིན་ལ་བྱ་བ་ཚང་མ་ལེགས་པར་འགྲུབ་ནས་རབ་གནས་ཀྱི་མཛད་སྒོ་དགའ་སྟོན་རྒྱ་ཆེན་པོ་བྱས།བོད་ཀྱི་མི་ཉག་སྐད་ཀྱི་གནའི་བརྡ་སྙིང་ཞེས་པ་འདི་ནི་རྡོ་བརྐོས་ཀྱི་ཡི་གེ་བྱུང་ཚུལ་གྱི་དཔེར་བརྗོད་མཚོན་ཙམ་ཞིག་བྲིས་པ་ལས་ཚང་མ་བོད་གངས་ཅན་གྱི་ལྗོངས་ལ་མ་ཎི་རྡོ་འབུམ་མང་པོ་ཡོད་པས་རེ་རེ་ནས་འབྲི་མ་ཐུབ།དེང་སང་ལས་ཁུངས་སོགས་ཀྱི་སྒོ་བྱང་ཨར་འདམ་དང་ལྕགས།ཟངས།ཁྲོ།ཞ་ཉེ།གསེར་དངུལ་བཅས་ཀྱི་བླུགས་ཡོད་པ་དང་།མགར་བ།རྡོ་སོགས་ལ་བརྐོས་པ་བཅས་རིགས་མང་པོ་ཡོད།སྤྱིར་རྡོ་ལ་བརྐོས་པའི་རི་མོ་ལ་ཡོན་ཏན་མང་པོ་ཡོད་དེ།མེས་མི་ཚིག་པ་དང་།ཆུས་མི་ཁྱེར།རླུང་གིས་མི་གནོད།སས་མི་རུལ།རྐུན་མ་ཇག་པས་མི་ཁྱེར།བྱི་བ་དང་ཨ་བྲ་སོགས་ཀྱིས་མི་ཟ།རྡོ་ལ་བརྐོས་པའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་བྱ་བ་རྣམས་ལས་སླ་མོ་ཞིག་གི་སྒོ་ནས་གཏོར་བརླག་བྱེད་མི་ཐུབ་པ་དང་།མ་འོངས་པའི་རྗེས་རབས་པ་རྣམས་ཀྱི་མིག་ལམ་དུ་ཡི་གེ་དང་དངོས་པོའི་བདེན་དཔང་དངོས་སུ་སྟོན་རྒྱུ་ཡོད་པའི་བྱ་བ་བཟང་པོ་ཞིག་རེད་ཅེས་རྒྱབ་ཁབ་ཕྱི་ནང་གི་ཆེད་མཁས་པ་ཚོས་བསྔགས་བརྗོད་ཀྱི་མེ་ཏོག་རྒྱ་ཆེན་པོ་འཐོར་བཞིན་ཡོད་དོ།།   


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1