ཁྲེང་ཏུའུ་ཐེན་ཧྥུའུ་རྒྱལ་སྤྱིའི་གནམ་ཐང་དངོས་སུ་སྤྱོད་འགོ་ཚུགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-30



     འདི་ག་ཚགས་པར་ཁང་དུ་ཁྲེང་ཏུའུ་ནས་ཟླ་6ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་27ཉིན་གྱི་སྔ་དྲོ། ཁྲེང་ཏུའུ་ཐེན་ཧྥུའུ་རྒྱལ་སྤྱིའི་གནམ་ཐང་སྤྱོད་འགོ་ཚུགས་པའི་མཛད་སྒོ་ཁྲེང་ཏུའུ་རུ་འཚོགས་པ་རེད།
     ཁྲེང་ཏུའུ་ཐེན་ཧྥུའུ་རྒྱལ་སྤྱིའི་གནམ་ཐང་ནི་རང་རྒྱལ་གྱིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་འཆར་འགོད་བྱས་ནས་གསར་སྐྲུན་བྱས་པའི་གཞི་ཁྱོན་ཆེ་ཤོས་ཀྱི་དམངས་སྤྱོད་སྐྱེལ་འདྲེན་གནམ་ཐང་གི་རྣམ་གྲངས་ཤིག་རེད། 2011ལོའི་ཟླ་5པར་ས་ཆ་འདེམས་པའི་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་དང་། 2013ལོའི་ཟླ་6པར་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་ས་ཆ་འདེམས་པའི་ལས་དོན་ལ་མཆན་འགོད་བཀའ་ལན་ཐོབ་ཡོད། 2015ལོའི་ཟླ་དང་པོར་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་དམག་ཨུད་ཀྱི་རྣམ་གྲངས་འཛུགས་པའི་མཆན་འགོད་བཀའ་ལན་ཐོབ་པ། ཟླ་6པར་གནམ་ཐང་འབབ་ཚུགས་ཐོག་ཁང་གི་ཇུས་གཞི་གཏན་འཁེལ་བྱས་པ་དང་། བཟོ་ལྟ་ནི་མཁའ་དབྱིངས་སུ་འཕུར་བའི་ལྷ་བྱའི་གཟུགས་སུ་བཀོད་པའི་གོ་དོན་མཚོན་ཡོད། ཟླ་9པར“ཁྲེང་ཏུའུ་ཐེན་ཧྥུའུ་རྒྱལ་སྤྱིའི་གནམ་ཐང”ལ་མིང་བཏགས་ནས་དམངས་སྤྱོད་མཁའ་འགྲུལ་ཅུས་སུ་ཐོ་འགོད་བྱས་པ། 2016ལོའི་ཟླ་4པར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཞིབ་འཇུག་ཆོག་པའི་མཆན་འགོད་བཀའ་ལན་ཐོབ་ཡོད། ཟླ་5ཚེས་27ཉིན་ལས་གྲྭ་དངོས་སུ་འཛུགས་སྐྲུན་བྱེད་འགོ་ཚུགས་ཡོད། ལས་འགོ་བཙུགས་ཚུན། སི་ཁྲོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཚན་གྱི་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་བརྒྱུད། ཕྱོགས་ཁག་གིས་ཕྱར་བ་གྲུ་འདེགས་དང་སྟོབས་ཤུགས་མཉམ་འདོན་གྱིས་ས་གཤིས་ཀྱི་གནས་ཚུལ་རྙོག་འཛིང་ཆེ་བ་དང་མཐོང་དཀོན་པའི་དྲག་ཆར་བབས་པ་དང་དེ་བཞིན་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་སོགས་ཀྱི་དཀའ་ངལ་སྣ་ཚོགས་ནུས་ཤུགས་ཡོད་རྒུས་ཁྱད་བསད་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་འཛུགས་སྐྲུན་ལས་འགན་ཁག་ལེགས་སྒྲུབ་བྱས་ཡོད། 2021ལོའི་ཟླ་6ཚེས་10ཉིན་ཐེན་ཧྥུའུ་རྒྱལ་སྤྱིའི་གནམ་ཐང་གིས“བཅོས་སྒྲིག་ཅི་ཡང་བྱེད་མི་དགོས་པའི”ཕུལ་བྱུང་གྲུབ་འབྲས་ཐོག་ནས་དམངས་སྤྱོད་མཁའ་འགྲུལ་གྱི་ཆེད་ལས་བཟོ་སྐྲུན་ལས་རིགས་ཀྱི་སྤྱིའི་ཞིབ་བཤེར་ཐོབ་ཡོད། འཁོར་སྐྱོད་མ་བྱས་གོང་ཐེན་ཧྥུའུ་རྒྱལ་སྤྱིའི་གནམ་ཐང་གིས་ཕྱོགས་རྐྱང་ནང་སྦྱོང་ཁག་196དང་། ས་ཁོངས་ནང་སྦྱོང་ཁག་28 ཕྱོགས་བསྡུས་ནང་སྦྱོང་ཐེངས་4 འཕྲལ་སྡོམ་ནང་སྦྱོང་ཐེངས་1བཅས་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་འཁོར་སྐྱོད་ཇུས་གཞི་རྒྱུན་ཆད་མེད་པར་ལེགས་སུ་བཏང་སྟེ་བདེ་བླག་ངང་འཁོར་སྐྱོད་ཐུབ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།
     ཁྲེང་ཏུའུ་ཐེན་ཧྥུའུ་རྒྱལ་སྤྱིའི་གནམ་ཐང་གིས“རྒྱལ་སྤྱིའི་རྩེར་སོན་དང་རྒྱལ་ནང་གི་སྔོན་ཐོན”གྱི་འཐབ་ཇུས་ངེས་གནས་གཞིར་བཟུང་། འགོ་འཛུགས་ས་མཐོ་པོའི་སྒོ་ནས་འཆར་འགོད་དང་། ཚད་གཞི་མཐོ་བའི་ཇུས་འགོད། སྤུས་ཚད་མཐོ་བའི་འཛུགས་སྐྲུན་བཅས་བྱས་ཏེ། “རྣམ་བཞིའི་གནམ་ཐང”གི་འདུ་ཤེས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས“རྣམ་བཞིའི་གནམ་ཐང”གི་ཚད་ཤིང་ཧུར་ཐག་བཏོད་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1