༄༅། །ཁོར་ཡུག་སྲུང་སྐྱོབ་ཀྱི་གལ་ཆེན་རང་བཞིན་གླེང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 07-05


        དེ་ཡང་ང་ཚོ་འགྲོ་བ་མིའི་རིགས་ཀྱིས་འདས་ཟིན་པའི་ལོ་ཟླའི་ནང་སྨྱོ་ཧམ་ཆེན་པོས་རང་བྱུང་ཁམས་ལ་འཐབ་རྩོད་བྱས་ནས། རང་བྱུང་ཁམས་ལས་རྣམ་པར་རྒྱལ་དགོས་ཞེས་དང་། ཡང་རང་བྱུང་ཁམས་དང་འཐབ་རྩོད་བྱས་ཏེ། གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་གཏོང་དགོས་ཞེས་པ་སོགས་འབོད་ཚིག་སྣ་ཚོགས་ཤིག་བཏོན་ནས། རང་ཉིད་འཚོ་གནས་བྱེད་སའི་རང་བྱུང་ཁམས་འདིར་ཚད་ལས་འདས་པའི་གནོད་འཚེ་བཏང་བའི་དབང་གིས། རང་བྱུང་ཁམས་ཀྱིས་ང་ཚོར་འཁོན་ལན་སློག་པ་ལྟར་ས་ཡོམ་འབྱུང་བ་དང་། རི་ཉིལ་བ། རྒྱ་མཚོའི་རྦ་རླབས་འཁྲུག་པ། དེ་བཞིན་ཡུལ་ཁག་ཅིག་ལ་དྲག་ཆར་བབས་ཏེ་ཆུ་ལོག་གི་གནོད་འཚེ་ཐེབས་པ། ཡང་ཡུལ་ཁག་གཅིག་ལ་ཆར་ཆུ་མ་བབས་པར་ཐན་པ་བྱུང་བ་སོགས་ཀྱི་གནོད་འཚེ་མང་པོ་བཟོས་ནས། མིའི་རིགས་གཙོ་བོར་གྱུར་པའི་སྲོག་ཆགས་ཚང་མར་དཀའ་ངལ་ཧ་ཅང་ཆེན་པོ་བཟོ་བཞིན་ཡོད། དེས་ན་ང་ཚོས་འདས་པའི་ཉམས་མྱོང་ལས་བསླབ་བྱ་བླངས་ཏེ་གནས་སྐབས་ཀྱི་ཁེ་ཕན་ཁོ་ནར་བལྟས་ནས་མི་འདུག་པར།མིག་རྒྱང་རིང་པོས་ང་ཚོ་དང་ང་ཚོའི་མི་རབས་རྗེས་མ་རྣམས་ཀྱི་འཚོ་གནས་དང་། བདེ་སྐྱིད་ཀྱི་ཆེད་དུ་ཁོར་ཡུག་སྲུང་སྐྱོབ་བྱ་དགོས་པ་ནི་ཁ་ཚ་དགོས་གཏུགས་ཤིག་ཆགས་ཡོད། དེ་ཡང་ཁོར་ཡུག་ཅེས་པ་ནི་རང་གི་ཉེ་འཁོར་ན་ཡོད་པའི་སྲོག་ཡོད་དང་སྲོག་མེད་ཀྱི་དངོས་པོ་མཐའ་དག་ལ་བརྗོད་པ་དང་། སྲོག་ཡོད་དང་སྲོག་མེད་ཀྱི་དངོས་པོ་དེ་དག་ལ་སྲུང་སྐྱོབ་བྱེད་པ་ལ་ཁོར་ཡུག་སྲུང་སྐྱོབ་ཅེེས་བརྗོད་དོ། །དེ་ལྟ་བུའི་ཕྱིའི་ཁོར་ཡུག་གམ་རང་བྱུང་ཁམས་ཆེན་པོ་འདི་ཐོག་མར་ཆགས་དུས་སྲོག་ཡོད་དང་སྲོག་མེད་ཀྱི་དངོས་པོ་མཉམ་དུ་འཚོ་གནས་བྱེད་སའི་ཆེད་དུ་ཆགས་པ་ལས། འགྲོ་བ་མི་གཅིག་པུ་འཚོ་གནས་བྱེད་སའི་ཆེད་དུ་ཆགས་པ་ཞིག་གཏན་ནས་མ་ཡིན། འོན་ཀྱང་ད་ལྟ་ང་ཚོའི་སྤྱི་ཚོགས་ཐོག་མི་མི་ཉུང་བ་ཞིག་གིས་རང་བྱུང་ཁམས་ཆེན་པོ་འདི་འགྲོ་བ་མི་གཅིག་པུ་ལ་དབང་བའི་འདུ་ཤེས་ཀྱི་ཐོག་ནས། མི་ཁོ་ནའི་ཁེ་ཕན་དང་བདེ་སྐྱིད་ཀྱི་ཆེད་དུ་རང་བྱུང་ཁམས་ཀྱི་སྲོག་ཆགས་གཞན་དང་། སྐྱེ་དངོས་སྣ་ཚོགས། དེ་བཞིན་ས་རྡོ་ཆུ་གསུམ་སོགས་ཚང་མར་གནོད་འཚེ་ཆེན་པོ་བཟོས་པའི་དབང་གིས། འབྱུང་ཁམས་དོ་མཉམ་པར་གནས་རྒྱུར་ཤུགས་རྐྱེན་ངན་པ་བཟོས་ནས་གནོད་འཚེ་སྣ་ཚོགས་ཤིག་ཡོང་གིན་ཡོད་པ་ནི། སྲོག་ཆགས་ཀུན་གྱི་ལུས་ལ་མཚོན་ན་ས་ཆུ་མེ་རླུང་སྟེ་འབྱུང་བཞི་ལས་གྲུབ་པ་ཞིག་ཡིན་པས། འབྱུང་བ་བཞི་པོ་ཕན་ཚུན་འཁྲུག་པའི་དབང་གིས་ལུས་ལ་ནད་སྣ་ཚོགས་ཤིག་ཡོང་གིན་ཡོད་པ་ལྟར། རང་བྱུང་ཁམས་ཆེན་པོ་འདི་ཡང་འབྱུང་བ་བཞི་ལས་གྲུབ་པས་འབྱུང་བ་བཞི་པོ་དོ་མཉམ་པར་གནས་མ་ཐུབ་ཚེ། རང་བྱུང་གི་གནོད་འཚེ་སྣ་ཚོགས་ཤིག་ཡོང་རྒྱུར་ཐེ་ཚོམ་མེད། དེས་ན་ང་ཚོས་འབྱུང་བ་བཞི་ཕན་ཚུན་དོ་མཉམ་པར་གནས་ཐུབ་རྒྱུའི་ཆེད་དུ་རང་བྱུང་ཁམས་ལ་གནས་པའི་བདག་མེད་རི་དྭགས་དང་། སྒོ་ཕྱུགས་རིགས་སྣ་ཚོགས། དེ་བཞིན་སྲོག་ཆགས་གྲོག་མ་འབུ་སྲིན་ཚུན་ཆད་དང་། སྲོག་མེད་ཀྱི་དངོས་པོ་མཐའ་དག་ལ་སྲུང་སྐྱོང་ནན་ཏན་གྱིས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་ཀ་དེར་རང་གི་ཚེ་སྲོག་ལ་སྲུང་སྐྱོབ་བྱེད་པ་ལྟ་བུའི་འདུ་ཤེས་ཤིག་འཇོག་དགོས་སོ། །དེ་ལྟ་བུའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་གལ་ཆེན་དེ་རིགས་ལེགས་གྲུབ་བྱེད་པར་གཞུང་སྒེར་ཚང་མས་འབད་བརྩོན་གནང་དགོས་པས།ང་ཚོ་མི་སྒེར་སོ་སོས་ཀྱང་རྒྱུན་གཏན་འཚོ་བའི་ཁྲོད་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་གོམས་གཤིས་བཟང་པོ་ཞིག་བཙུགས་ནས་རང་གིས་བྱེད་ཐུབ་པ་དང་། བྱེད་འོས་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་ཀ་རྣམས་ངེས་པར་དུ་བསྒྲུབ་དགོས་པ་ནི།

1.གད་སྙིགས་གང་བྱུང་དུ་མི་གཡུག་པ་དང་། གཅིན་སྐྱག་གང་བྱུང་དུ་མི་གཏོང་བ། ཁ་ལུད་སྣ་ལུད་གང་བྱུང་དུ་མི་གཡུག་པ་སོགས་བྱ་རྒྱུ་ནི་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བ་གལ་ཆེན་ཞིག་ཡིན་པས་དུས་རྒྱུན་ང་ཚོ་གླིང་ག་དང་། ཞིང་ནང་། རྩྭ་ཐང་སོགས་སུ་སྐྱོད་སྐབས་ཉིན་དེའི་གད་སྙིགས་རྣམས་གཅིག་ཀྱང་མ་ལུས་པར་གཙང་ཕྱགས་ཀྱིས་སྤྱི་པའི་གད་སྙིགས་བླུག་སའི་ནང་བསྐྱལ་རྒྱུ་རྒྱུན་འཁྱོངས་བྱས་ནས། གད་སྙིགས་ཀྱིས་ཁོར་ཡུག་ལ་བཟོས་པའི་གནོད་འཚེ་ཉུང་དུ་གཏོང་བ་དང་། ད་དུང་འགྱིག་ཤོག་དང་། ཤེལ་དམ། ལྕགས་ཀྲིན་ལ་སོགས་པའི་གད་སྙིགས་དེ་ཚོ་ནི། སྐྱེ་དངོས་མཐའ་དག་གི་སྐྱེ་འཚར་ལ་གནོད་པ་ཤིན་ཏུ་ཆེ་བའི་སྙིགས་རོ་ཤ་སྟག་ཡིན་པས་གད་སྙིགས་དེའི་རིགས་ཞིང་ནང་དང་། རྩྭ་ཐང་། གླིང་ག་སོགས་སུ་མ་བཀྲམ་པ་ཞིག་ངེས་པར་དུ་བྱ་དགོས་སོ། །

2.ཤིང་ནགས་གང་བྱུང་དུ་གཅོད་པ་ལ་ཚོད་འཛིན་ནན་པོ་བྱེད་དགོས་པ་དེ་ཡང་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བ་གལ་ཆེན་ཞིག་ཡིན་ཞིང་། ཤིང་ནགས་ནི་མིའི་རིགས་གཙོ་བོར་གྱུར་པའི་སྲོག་ཆགས་ཀྱི་ལུས་པོའི་བདེ་ཐང་ལ་ཕན་པ་ཤིན་ཏུ་ཆེ་བའི་སྐྱེ་དངོས་ཤིག་ཡིན་པས། ང་ཚོས་ཤིང་ནགས་མང་པོ་འདེབས་འཛུགས་ཀྱིས་དེ་དག་ལ་སྲུང་སྐྱོང་ནན་ཏན་བྱས་ནས་ཁོར་ཡུག་སྔོ་ལྗང་ཅན་དུ་གྱུར་ན། ཤིང་ནགས་དེ་དག་གིས་ཡུལ་ལྗོངས་མཛེས་སྡུག་ལྡན་པ་ཞིག་ཆགས་པར་མ་ཟད། མི་དང་སྲོག་ཆགས་ཀུན་ལ་གསོ་རླུང་མང་པོ་ཞིག་མཁོ་འདོན་བྱས་ཏེ་ལུས་པོ་བདེ་ཐང་དུ་གནས་རྒྱུ་དང་། མི་ཚེ་རིང་དུ་འགྲོ་བ་སོགས་ལ་ཕན་པ་ཆེན་པོ་བསྐྲུན་ཐུབ་པས། ང་ཚོས་ཤིང་ནགས་འཛུགས་སྐྱོང་བྱེད་པ་ལས་ཤིང་ནགས་རང་དགར་རྩ་བཀོག་གཏོང་བ་དང་། གཅོད་འབྲེག་བྱེད་པའི་བྱེད་སྟངས་ངན་པ་དེ་ཚོར་བཀག་འགོག་ནན་ཏན་བྱ་དགོས་སོ། །

3.ཆུ་ལ་བཙོག་སྐྱོན་མི་གཏོང་བ་དང་། ཆུ་གྲོན་ཆུང་བྱ་དགོས་པ་དེ་ཡང་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བ་གལ་ཆེན་ཞིག་ཡིན་ཞིང་། བོད་ཀྱི་གཏམ་དཔེར།ཆུ་མེ་ཤིང་མུ་གེའི་བླ་རུས་ཡིན།ཞེས་པ་ལྟར།ཆུ་ནི་མིའི་རིགས་གཙོ་བོར་གྱུར་པའི་སྲོག་ཆགས་དང་།སྐྱེ་དངོས་ཐམས་ཅད་འཚོ་གནས་བྱེད་པར་མེད་དུ་མི་རུང་བའི་དངོས་པོ་སྨན་མཆོག་རིན་ཆེན་བདུད་རྩི་ལས་ཀྱང་ལྷག་པ་ཡིན་ཞིང་། དེ་ལྟ་བུའི་རྩ་ཆེའི་དངོས་པོ་ཆུ་དེ་ནམ་ཞིག་རྫོགས་རྒྱུ་ཡིན་པ་ནི་འདུས་བྱས་ཐམས་ཅད་མི་རྟག་པ་ཞེས་དངོས་པོའི་ཆོས་ཉིད་དུ་གྲུབ་ཟིན་ཏོ། །དེས་ན་ང་ཚོས་རང་ཉིད་ས་ཆ་གང་ཞིག་ཏུ་གཞིས་ཆགས་ཀྱང་དེ་གའི་ཆུ་བོ་ཆེ་ཆུང་ཚང་མར་བཙོག་སྐྱོན་མི་བཟོ་བ་དང་། གང་བྱུང་དུ་ཆུ་འཕྲོ་བརླག་མི་གཏོང་བ་སོགས་བྱ་རྒྱུ་ནི།རང་དང་རང་ཉིད་ཀྱི་མི་རབས་རྗེས་མ་རྣམས་ཀྱི་འཚོ་གནས་ཀྱི་ཆེད་དུ་ལེགས་སྐྱེས་ཆེན་པོ་ཞིག་ཕུལ་བ་ཡིན་པས། ང་ཚོས་ཆུ་ལ་བཙོག་སྐྱོན་མི་གཏོང་བ་དང་།ཆུ་གྲོན་ཆུང་བྱ་དགོས་པ་ནི་ཤིན་ཏུ་གལ་ཆེའོ། །

4.གཏེར་ཁའི་རིགས་ལ་སྲུང་སྐྱོང་བྱ་དགོས་པ་དེ་ཡང་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བ་གལ་ཆེན་ཞིག་ཡིན་པ་ནི། ས་ཡི་སྙིང་པོ་གཅིག་ཏུ་བསྡུས་པའི་རིན་ཆེན་གཏེར་ཁའི་རིགས་དེ་དག་གིས་རང་བྱུང་ཁམས་ཀྱི་ས་བཅུད་ཡུལ་བཅུད་རྣམས་སྲུང་བར་བྱེད་ཅིང་། ས་བཅུད་ཡུལ་བཅུད་དེ་དག་ལ་བརྟེན་ནས་ས་ཡོམ་འབྱུང་བ་དང་རི་ཉིལ་བ། དེ་བཞིན་ཆུ་སྐྱོན་དང་ཐན་སྐྱོན་སོགས་རང་བྱུང་གི་གནོད་འཚེ་རྣམས་མི་ཡོང་སྔོན་འགོག་བྱ་རྒྱུར་ཕན་པ་ཤིན་ཏུ་ཆེ་བས།ང་ཚོས་མིག་མདུན་གྱི་ཁེ་ཕན་ཁོ་ནར་མ་བལྟས་པར་མིག་རྒྱང་རིང་པོས་འགྲོ་བ་སེམས་ཅན་སྤྱི་དང་།ལྷག་པར་དུ་མི་རབས་རྗེས་མ་རྣམས་ཀྱི་འཚོ་གནས་ཀྱི་ཆེད་དུ་གཏེར་ཁའི་རིགས་སྔོག་འདོན་བྱེད་པར་ཚོད་འཛིན་དང་བཀག་འགོག་ནན་ཏན་བྱ་དགོས་སོ། །

5.ད་ལྟ་སྤྱི་ཚོགས་ཐོག་ཡོད་པའི་བཟོ་གྲྭ་དེ་དག་ཁོར་ཡུག་ལ་གནོད་འཚེ་ཤུགས་ཆེ་ཤོས་བསྐྱལ་མཁན་ཞིག་ཡིན་པ་ནི།བཟོ་གྲྭ་དང་བཟོ་གྲྭ་དེ་དག་ལས་ཐོན་པའི་རླངས་འཁོར་གྱི་དུ་ངན་དང་། རྫས་ངན་གྱི་སྙིགས་རོ་མང་པོ་ཞིག་རང་བྱུང་ཁམས་ལ་བསྐྱལ་བའི་དབང་གིས་འབྱུང་བཞིའི་བྱེད་ནུས་ལ་གནོད་འཚེ་བཟོས་ཏེ་འབྱུང་བ་འཁྲུག་པས་འཛམ་གླིང་ཧྲིལ་པོར་ཚ་དྲོད་འཕེལ་བ་དང་། དུས་བཞིའི་འགྱུར་བ་མི་སྙོམས་པ་སོགས་ཀྱི་དཀའ་ལས་སྣ་ཚོགས་ཤིག་བཟོ་བཞིན་ཡོད། དེས་ན་སླད་ང་ཚོས་ཁོར་ཡུག་ལ་གནོད་འཚེ་མེད་པའི་ལག་ཤེས་ཀྱི་ཐོན་རྫས་རྣམས་བེད་སྤྱོད་མང་ཙམ་བཏང་སྟེ།བཟོ་གྲྭ་ནས་ཐོན་པའི་ཐོན་རྫས་རྣམས་བེད་སྤྱོད་ཉུང་ཙམ་དང་། དེ་བཞིན་རླངས་འཁོར་སོགས་འཕྲུལ་རིགས་རྣམས་བེད་སྤྱོད་ཉུང་ཙམ་བཏང་ནས།ཁ་ཡོད་ལག་ཡོད་ཀྱིས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་དགོས་སོ། །
        མདོར་ན་ད་ལྟ་ང་ཚོ་གནས་སའི་ཁོར་ཡུག་འདིར་རང་བྱུང་གི་གནོད་འཚེ་ལོ་རེ་ནས་ལོ་རེར་ཇེ་མང་དུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ནི།མིག་ན་དགོས་ལག་པས་བཟོས། །ཞེས་པའི་དཔེ་ལྟར།ང་ཚོ་རང་ཉིད་ནས་ཁོར་ཡུག་ལ་གནོད་འཚེ་བཏང་བ་ལས་བྱུང་བ་ཞིག་ཡིན་པས་ན། ང་ཚོ་ཚང་མས་ལམ་ནོར་ལྡོག་ཤེས་ཀྱིས་རང་ཉིད་གནས་སའི་ཁོར་ཡུག་འདིར་གཅེས་སྐྱོང་དང་། སྲུང་སྐྱོབ་ནན་ཏན་བྱ་དགོས་པ་ནི་མི་སུས་ཀྱང་ལྷོད་གཡེང་སྤུ་ཙམ་ཡང་བྱེད་མི་རུང་བའི་བྱ་བ་གལ་ཆེན་ཞིག་ཏུ་ཆགས་ཡོད་དོ། །

      ཡོང་ཁུངས། བསོད་ནམས་ཆོས་དར་གྱིས་བརྩམས་པའི《སྲོལ་རྒྱུན་དང་དེང་རབས་ཟུང་དུ་འབྲེལ་བའི་བསམ་བློ་ཀུན་སྤྱོད་ཀྱི་བསླབ་དེབ་བླང་དོར་གསལ་བའི་མེ་ལོང》ལས་བཏུས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1