སྤྱི་ཟླ་7པའི་ཚེས་2ཉིན། སི་ཁྲོན་ཞིང་ཆེན་གྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་ཚོགས་འདུར་ཕེབས་པར་མ་ཟད་གསུང་བཤད་གནང་བ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཞིང་དཔོན་ཧོང་ཆང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཁོ་ཙུན་ཕིང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཏེང་ཞའོ་ཀང་། ནུབ་རྒྱུད་འཐབ་ཁུལ་གྱི་དམག་སྤྱི་གཞོན་པ་དང་འཐབ་ཁུལ་མཁའ་དམག་གི་དམག་སྤྱིའི་འགན་གཅིག་ལྕོགས་པ་ཝང་ཆང་། ནུབ་རྒྱུད་འཐབ་ཁུལ་གྱི་ཆབ་སྲིད་ཨུ་ཡོན། ཆབ་སྲིད་ལས་དོན་པུའུ་ཡི་ཀྲུའུ་རེན་ཀྲའོ་རུའེ་པའོ་བཅས་ཚོགས་འདུར་ཞུགས།
ཕེང་ཆིང་ཧྭ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་བརྒྱའི་ལོ་རྒྱུས་ལ་ཕྱོགས་བསྡོམས་གནང་སྐབས། ཚན་རིག་དང་མཐུན་པའི་བདེན་དོན་མཐའ་འཁྱོངས་དང་། ཕུགས་བསམ་བརྟན་སྲུང་། དམ་བཅའ་ཡིད་ལ་འཛིན་ཞིང་འགན་འཁྲི་ཕྲག་ཏུ་ཁུར་བ། གཏོང་ཕོད་ཆེན་པོ། དཔའ་མཛངས་རྟུལ་ཕོད། ཏང་ལ་བློ་སེམས་དཀར་ཞིང་མི་དམངས་ཀྱི་རེ་བ་མི་བརླག་པ་བཅས་ཀྱི་རླབས་ཆེའི་ཏང་འཛུགས་སྐྱོང་གི་སྙིང་སྟོབས་ཕྱོགས་བསྡུས་གནང་ཞིང་། ལོ་རྒྱུས་མེ་ལོང་དུ་བཟུང་ནས་མ་འོངས་གསར་འབྱེད་བྱེད་པར་ངེས་པར་དུ་བསྒྲུབ་དགོས་པ་དགུ་ལ་མ་ལག་རང་བཞིན་གྱི་གསལ་བཤད་གནང་བ་རེད། ལོ་རྒྱུས་ཀྱི་ཉམས་མྱོང་རྩ་ཆེན་ཡིན་ལ་རླབས་ཆེའི་སྙིང་སྟོབས་ཀྱིས་མདུན་སྐྱོད་ལ་སྐུལ་ལྕག་ཐེབས། ང་ཚོས་གོ་བ་ཟབ་མོ་ལེན་པ་དང་ཁོང་དུ་ཆུད་པར་བྱས་ཏེ་མུ་མཐུད་དུ་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་དང་གསར་བརྗེའི་སྙིང་སྟོབས་རྒྱུད་འཛིན་བྱས་ཏེ། དུས་རྟག་ཏུ་ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་ཞེས་གསུངས།
ཕེང་ཆིང་ཧྭ་ཡིས། དུས་ད་ལྟར། སི་ཁྲོན་ནི་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པ་ཞིག་ཏུ་སླེབས་ཡོད་ལ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་པར་སྐྱོད་བཞིན་ཡོད་ཅིང་། མདུན་སྐྱོད་ལམ་བུའི་ཐོག་དཀའ་ངལ་དང་འགྲན་སློང་མང་པོ་ཞིག་གིས་ང་ཚོར་བསྒུག་ཡོད་པས། ངེས་པར་དུ་དཀའ་སེལ་འགག་སྒྲོལ་བྱེད་པ་དང་སྤོབས་པ་ཡར་བརྩོན་གྱི་བློ་སྟོབས་གསར་འབྱེད་བྱས་ཏེ། ལོ་རྒྱུས་ཀྱི་རྨང་གཞི་བརྟན་པོའི་ཐོག་དེ་བས་བརྟན་པོའི་ངང་མ་འོངས་ལམ་ལ་ཆས་དགོས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་དང་། དཔའ་ངར་དང་བློ་སྟོབས་ཆེན་པོས་བགྲོད་ལམ་གསར་པར་བསྐྱོད་དེ་ལེའུ་གསར་པ་བརྩམས་ནས། དཔའ་ངར་ཆེན་པོས་གོམ་པ་རེ་རེ་བཞིན་བརྒྱ་ལོ་གཉིས་པའི་འབད་བརྩོན་དམིགས་འབེན་མངོན་འགྱུར་ཕྱོགས་སུ་མདུན་སྐྱོད་བྱེད་དགོས། འགྲུལ་བཞུད་གསར་པར་སྐྱོད། ལེའུ་གསར་པ་རྩོམ། ང་ཚོས་ཐོག་མཐའ་བར་གསུམ་དུ་ཏང་དང་སྲིད་གཞུང་། དམག་དཔུང་། མང་ཚོགས་དང་སློབ་མ། ཤར་ལྷོ་ནུབ་བྱང་དབུས་ཕྱོགས་གང་ཡིན་ཡང་ཏང་ནི་ནམ་ཡང་ཐམས་ཅད་ལ་དབུ་ཁྲིད་མཁན་ཡིན་པ་བློ་ལ་བརྟན་པོར་བཅངས་ནས། ཚད་མཐོའི་ཆབ་སྲིད་རང་རྟོགས་ལ་བརྟེན་ནས་སྲུང་སྐྱོང་གཉིས་བྱེད་ཐུབ་པ་དང་། དུས་རྟག་ཏུ་ཁ་ཕྱོགས་ཀྱིས་བགྲོད་ལམ་གཏན་འཁེལ་བྱེད་པ་དང་། བགྲོད་ལམ་གྱིས་ལས་དབང་གཏན་འཁེལ་བྱེད་པ་ཡིད་ལ་བཟུང་ནས་ཕུགས་བསམ་དང་བགྲོད་ལམ་མི་འགྱུར་བའི་བློ་སྤོབས་བསྐྲུན་དགོས། ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་ཀྱི་འདུ་ཤེས་ནི་འཕེལ་རྒྱས་ཀྱི་སྣེ་ཁྲིད་ཡིན་པ་བློ་ལ་བརྟན་པོར་ངེས་ནས་རྒྱུན་མཐུད་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་དང་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ཐོག་མཐའ་བར་གསུམ་དུ་རྒྱལ་སྲིད་ནི་མི་དམངས་ལ་བརྟེན་པ་དང་། མི་དམངས་ནི་རྒྱལ་སྲིད་ཀྱི་རྩ་བ་ཡིན་པ་ཡིད་ལ་བརྟན་པོར་བཅངས་ནས་བློ་བརྟན་འགྱུར་མེད་ཀྱིས་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་དང་། སྲུང་སྐྱོང་ཡག་པོ་བྱེད་དགོས། ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་རིང་ལུགས་ནི་ལག་ལེན་ཁྲོད་ནས་ཐོབ་པ་དང་།
དུས་རབས་གསར་པ་ནི་འབད་བརྩོན་བྱས་ན་འབྱུང་ཐུབ་པ་ཡིད་ལ་བརྟན་པོར་བཅངས་ནས་ཉེན་ཁར་མི་སྐྲག་པ་དང་། འཐབ་རྩོད་བྱེད་ཕོད་པ། རྒྱལ་ཁ་ལེན་མཁས་པའི་ཀུན་སྤྱོད་དང་གཤིས་རྒྱུད་བསྐྱེད་སྲིང་བྱེད་དགོས། ཐོག་མཐའ་བར་གསུམ་དུ་རང་གཅུན་ནན་མོ་བྱས་ཏེ་གཡོ་འགུལ་སྤུ་ཙམ་མེད་པར་ཏང་འཛུགས་སྐྱོང་བྱེད་པའི་ལས་གཞི་རླབས་པོ་ཆེ་གསར་པར་སྐུལ་འདེད་བྱེད་དགོས། གཞོན་ནུ་ནི་མེས་རྒྱལ་གྱི་མ་འོངས་དང་མི་རིགས་ཀྱི་རེ་བ་ཡིན། ཏང་འཛུགས་སྐྱོང་གིས་གུང་གཞོན་ཚོགས་པའི་འཛུགས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། སློབ་གསོ་ཁྲིད་སྟོན་ལ་བརྟེན་ནས་རྒྱ་ཆེ་བའི་གཞོན་ནུ་ཚོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་ཀྱི་རེ་བ་ཆུད་ཟོས་སུ་མི་གཏོང་བ་དང་། དར་ལ་བབས་པའི་ལང་ཚོ་ཆུད་ཟོས་སུ་མི་གཏོང་བ། ཏང་དང་མི་དམངས་ཀྱི་རེ་བ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་སུ་བཅུག་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་བྱ་རྒྱུ་དེ་རང་ཉིད་ཀྱི་འགན་འཁྲིར་བརྩི་བ་དང་། ཏང་དང་མི་དམངས་ཀྱི་བྱ་བཞག་ལ་ཧུར་ཐག་འབད་བརྩོན་བྱས་ཏེ། མེས་རྒྱལ་དང་མི་རིགས། མི་དམངས་བཅས་ཀྱི་ཆེད་དུ་འབད་བརྩོན་ལྷོད་མེད་བྱས་ཏེ་མཛེས་སྡུག་མ་འོངས་བསྐྲུན་དགོས་ཞེས་གསུངས་པ་རེད། །