《མཁའ་ལམ》ཞེས་པའི་གླུ་དབྱངས་དེ2001ལོ་ནས་ལེན་མགོ་ཚུགས་པ་ནས་བཟུང་དུས་ནམ་ཡང་མིའི་སེམས་ལ་སྤྲོ་བ་ཚད་མེད་བྱིན་དང་སྦྱིན་བཞིན་ཡོད། གླུ་དེ་ལས་མཐོ་སྒང་གི་གྲང་ས་དེ་འཛུགས་སྐྲུན་གྱི་དྲོན་སར་འགྱུར་བ་དང་མཚོ་བོད་དང་ཁྲོན་བོད་ལམ་གཉིས་སྐྲུན་པའི་སྙིང་སྟོབས་ཀྱིས་མཚོ་བོད་མཐོ་སྒང་གི་ངོ་མཚར་ལེའུ་གཏོད་པའི་ཚུལ་མངོན་པར་རྟོགས་ཐུབ། ད་ལྟར་དེ་ནང་བཞིན་གྱི་འཛུགས་སྐྲུན་སྙན་ངག་རིང་མོ་ཡང་སྤྱི་ལེ་ཁྲི13ལྷག་ཡོད་པའི་དཀར་མཛེས་ཁུལ་གྱི་ས་གཞི་ཆེན་མོར་བྲིས་དང་འབྲི་བཞིན་ཡོད་པ་སྟེ། དཔེར་ན། འཛམ་གླིང་ན་ས་བབ་ཆེས་མཐོ་བའི་ཁྲོ་ལའི་གཞུང་ལམ་ཕུག་ལམ་དང་། ལྷོ་ནུབ་ས་ཁུལ་གྱི་ཆེས་རིང་བའི་ཕུག་ལམ་སྟེ་གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཕུག་ལམ། སི་ཁྲོན་ས་ཁུལ་གྱི་ཆེས་ཆེ་བའི་ཟམ་པ་སྟེ་ལྕགས་ཟམ་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན། དེ་བཞིན་རང་ཁུལ་དུ་རྒྱལ་ཡོངས་སུ་མཚོ་འཕགས་སྨི4000ཡན་གྱི་ཡན་ལག་གནམ་ཐང3བསྐྲུན་ཡོད་པ་སོགས་སོ།།
གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་དུ་རླངས་འཁོར་ཤར་བགྲོད་ཐུབ་ཡོད་ཁར་དར་མདོ་བརྒལ་མཚམས་ཀྱི་མྱུར་བགྲོད་གཞུང་ལམ་སྐྲུན་བཞིན་པའི་སྒང་ཡིན་ལ།ལྕགས་ཟམ་ཁ་ནས་ཧྲེ་མེན་བར་གྱི་མྱུར་བགྲོད་གཞུང་ལམ་སྐྲུན་མགོ་ཚུགས་ཡོད། དེ་བཞིན་ཁྲོན་བོད་ལྕགས་ལམ་དཀར་མཛེས་ཁུལ་བརྒྱུད་མཚམས་ཏེ་ཟམ་པ་གཅིག་དང་ཕུག་ལམ་གཅིག་གི་དཀའ་ཚེགས་ཆེ་བའི་ཨར་ལས་ཀྱང་ཕྱོགས་ཡོངས་ནས་སྐྲུན་མགོ་ཚུགས་ཡོད།
ཁྲོན་བོད་བར་ལེ་དབར་སྟོང་གི་ལམ་ཐག་ལྕགས་ལམ་གཅིག་གིས་སྦྲེལ་བའི་མཁའ་ལམ་དེ་ཡིན་ནའང་འདྲ། ཕུག་ལམ་གྱིས་ཤར་ནུབ་དང་ཟམ་པས་ལྷོ་བྱང་སྦྲེལ་བའི་གཞུང་ལམ་གྱི་མཁའ་ལམ་དེ་ཡིན་ནའང་འདྲ། ཡང་མིན་ན་མཚམས་སྤྲིན་གྱི་འོད་མདངས་གོས་སུ་བཀླུབས་པའི་ལྷ་གྲུ་འཕུར་སའི་མཁའ་ལམ་བཅས་གང་ཡིན་ཡང་། འཛུགས་སྐྲུན་གྱི་མཁའ་རླབས་འཕྱོར་བའི་ཁྲོད་དུ། དཀར་མཛེས་ཁུལ་གྱིས་གཞུང་ལམ་དང་ལྕགས་ལམ། མཁའ་ལམ་བཅས་གསུམ་པོ་མཉམ་སྐྲུན་སྒོས་ལངས་གཟུགས་ཅན་གྱི་འགྲིམ་འགྲུལ་དྲ་བ་ཞིག་བཙུགས་ཏེ། དུས་རབས་གསར་པའི་མཁའ་ལམ་གྱི་ལེའུ་ངོ་མཚར་ཅན་འབད་པས་འབྲི་བཞིན་མཆིས་སོ།།
གླུ་ཡི་མིང་།
《མཁའ་ལམ།》
གླུ་ཚིག།
ཞོགས་པར་ང་སྔོ་ལྗང་འབྲོག་ར་ལ་ཡོད་དུས།
ལྷ་གྲུས་མཚམས་སྤྲིན་གྱི་འོད་མདངས་གོས་སུ་གྱོན་བཞིན།
སྤྲིན་འདབ་འདྲ་བོ་མཁའ་དབྱིངས་སུ་འཕུར།
བོད་མི་ཡོངས་ལ་བཀྲ་ཤིས་དགེ་ལེགས་སྩོལ།
ས་སྲོས་ལ་ང་རི་སྒང་མཐོན་པོར་ལངས་ནས།
ལྕགས་ལམ་ངའི་ཕ་ཡུལ་ལ་བསྐྲུན་པའི་རེ་བ་བཅོལ།
འབྲུག་ཆེན་རེ་རེ་ལ་དང་ལུང་པ་བརྒལ།
མཐོ་གངས་ཅན་ཡུལ་ལ་ཕན་བདེ་སྩོལ།
དེ་ནི་མཁའ་ལམ་ངོ་མཚར་ཅན་ཞིག་རེད།
མེས་རྒྱལ་གྱི་སེམས་ཁུར་མཐའ་མཚམས་ལ་བསྐྱལ།
དེ་ནས་བཟུང་རི་བོར་མཐོ་རྒྱུ་མེད་ལམ་ཐག་རིང་རྒྱུ་མེད།
མི་རིགས་སོ་སོའི་བུ་རྒྱུད་ལྷན་དུ་འཛོམས།
ས་སྲོས་ལ་ང་རི་སྒང་མཐོན་པོར་ལངས་ནས།
ལྕགས་ལམ་ངའི་ཕ་ཡུལ་ལ་བསྐྲུན་པ་རིག།
འབྲུག་ཆེན་རེ་རེ་ལ་དང་ལུང་པ་བརྒལ།
མཐོ་གངས་ཅན་ཡུལ་ལ་ཕན་བདེ་སྩོལ།
དེ་ནི་མཁའ་ལམ་ངོ་མཚར་ཅན་ཞིག་རེད།
ང་ཚོ་མི་ཡུལ་གྱི་ཞིང་ཁམས་ལ་ཁྲིད།
ནས་ཆང་དང་བསྲུབས་ཇའི་ཞིམ་མངར་དེ་བས་ཆེ།
བདེ་སྐྱིད་གླུ་དབྱངས་ཕྱོགས་བཞིར་མཆེད།
དེ་ནི་མཁའ་ལམ་ངོ་མཚར་ཅན་ཞིག་རེད།
ང་ཚོ་མི་ཡུལ་གྱི་ཞིང་ཁམས་ལ་ཁྲིད།
ནས་ཆང་དང་བསྲུབས་ཇའི་ཞིམ་མངར་དེ་བས་ཆེ།
བདེ་སྐྱིད་གླུ་དབྱངས་ཕྱོགས་བཞིར་མཆེད།
བདེ་སྐྱིད་གླུ་དབྱངས་ཕྱོགས་བཞིར་མཆེད།
གླུ་ཚིག་གསར་རྩོམ་གྱི་ལོ་རྒྱུས།
《མཁའ་ལམ》ཞེས་པའི་གླུ་འདི་གསར་རྩོམ་བྱས་པའི་བརྒྱུད་རིམ་བཤད་པར2001ལོའི་ལོ་སྟོད་བར་ཕུགས་འདེད་བྱས་ཆོག་པ་རེད། བཅིངས་འགྲོལ་དམག་གི་སྤྱི་ཁྱབ་ཆབ་སྲིད་པུའུ་ཡི་མགོ་ཁྲིད་ཆུས་ཡོན་དང་དབྱིན་ཆིང་རྣམ་གཉིས་ཀྱིས་བོད་ལྗོངས་དམག་ཁུལ་གྱི་གླུ་གར་ཚོགས་པའི་གླུ་མ་པ་སངས་ལ་གླུ་གསར་པ་ཞིག་བྲིས་ནས་ལོ་དེའི་བརྒྱད་གཅིག་དམག་འཛུགས་དུས་ཆེན་གྱི་དགོང་ཚོགས་སུ་འཁྲབ་སྟོན་ནང་ཞུགས་ཡོད་པ་རེད། ཆུས་ཡོན་དང་དབྱིན་ཆིང་རྣམ་གཉིས་ནི1999ལོར་མཉམ་ལས་བྱེད་མགོ་བཙུགས་པའི་ལས་གྲོགས་རྩེ་གྲ་
ཅན་ཞིག་ཡིན། དུས་རྒྱུན་གྱི་གླུ་གཞས་གསར་རྩོམ་ཐད་མ་གྲོས་མོས་མཐུན་དང་བསྟན་པ་ཙམ་གྱི་ཤེས་ཚོར་ཐུབ། སྐབས་ཤིག་ལ་ཆུས་ཡོན་དང་དབྱིན་ཆིང་རྣམ་གཉིས་ཀྱིས་གླུ་གཞས་གསར་རྩོམ་ཅི་འདྲ་བྱ་དགོས་པ་མི་ཤེས་ནས་ཅི་བྱ་གཏོལ་མེད་གྱུར་པའི་སྐབས་སུ། ཉིན་ཞིག་ལ་ཆུས་ཡོན་གྱིས་ཚགས་པར་ཐོག《མཚོ་བོད་ལྕགས་ལམ་གྱི་གསང་དོན》ཞེས་པའི་རྒྱས་འཕྲིན་གསར་འགྱུར་འདི་རིག་མ་ཐག། ཁོ་ལ་རིག་པ་ཐོལ་སྐྱེས་བྱུང་ནས་མ་ཡིག་དང་པོའི་གླུ་མིང་ལ《མཐོ་སྒང་གི་བདེ་སྐྱིད་ལམ་བུ》ཞེས་བཏགས། བཟོ་བཅོས་བྱས་པའི་བརྒྱུད་རིམ་ནང་ཆུས་ཡོན་གྱིས《མཁའ་ལམ》ཟེར་བའི་ཐ་སྙད་འདི་མཚོ་བོད་མཐོ་སྒང་དུ་ལྕགས་ལམ་བསྐྲུན་པའི་བརྗོད་དོན་དང་ཆེས་མཐུན་པར་འདོད་པར་བརྟེན། གླུ་གཞས་འདིའི་མིང་ལ《མཁའ་ལམ》ཞེས་པར་གཏན་འཁེལ་བྱས། ཆེད་དོན་དུ་མཚོ་བོད་ལྕགས་ལམ་ལ་བྲིས་པའི་གླུ་གཞས་འདི་ཆེས་ཐོག་མར2001ལོའི་བརྒྱད་གཅིག་དམག་འཛུགས་དུས་ཆེན་གྱི《མཐའ་མཚམས་ལ་བསྟོད་པ》ཞེས་པའི་རིག་རྩལ་དགོང་ཚོགས་ཐོག་བླངས་པ་རེད།
རྩོམ་པ་པོ་དང་གླུ་ཐོག་མ་ལེན་མཁན་གྱི་ངོ་སྤྲོད་མདོར་བསྡུས།
《མཁའ་ལམ》གྱི་གླུ་ཚིག་རྩོམ་པ་པོ་ཆུས་ཡོན་ནི1959ལོའི་སྤྱི་ཟླ10པར་སྐྱེས། ཧྲན་ཞི་ཞིང་ཆེན་ཆོན་རྫོང་གི་མི་ཡིན་ཞིང་། གླུ་ཚིག་རྩོམ་པ་པོ་དང་། སྙན་ངག་པ། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་གཞུང་རྩོམ་པ་པོ་ཡིན་པ་རེད། 2007ལོར་མེ་སྒྱོགས་དམག་དཔུང་གཉིས་པའི་ཆབ་སྲིད་པུའུ་ཡི་རིག་རྩལ་ཚོགས་པའི་མགོ་འཛིན་གྱི་ལས་འགན་གསར་དུ་ཁུར་དུ་བཅུག། དམག་གི་ཐོབ་ཐང་གོ་རྟགས་ཏ་ཞའོ་ཡིན་པ་རེད།
གཞས་གདངས་རྩོམ་པ་པོ་དབྱིན་ཆིང་ནི1954ལོའི་སྤྱི་ཟླ5པར་སྐྱེས། ཅང་སུའུ་ཞིང་ཆེན་ནན་ཅིང་གི་མི་ཡིན་ཞིང་།སྙན་གྲགས་ཡོད་པའི་གཞས་གདངས་རྩོམ་མཁན་དང་། སྤྱི་ཁྱབ་ཆབ་སྲིད་པུའུ་ཡི་གླུ་གར་ཚོགས་པའི་རིམ་པ་དང་པོའི་གཞས་གདངས་རྩོམ་པ་པོ་དང་ཀྲུང་གོའི་རོལ་དབྱངས་པ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། དམག་ཡོངས་ཀྱི་སྒྱུ་རྩལ་ཁྲིད་སྟོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཞོར་ཕོགས་ལོངས་སུ་སྤྱོད་མཁན་གྱི་ཆེད་རམས་པ། སྔོན་ཆད་སྤྱི་ཁྱབ་ཆབ་སྲིད་པུའུ་ཡི་གླུ་གར་ཚོགས་པའི་མགོ་གཙོ་བཅས་ཡིན་པ་རེད། 2005ལོའི་ཀྲུང་དབྱང་བརྙན་འཕྲིན་ཁང་གི་དཔྱིད་གསར་དུས་ཆེན་གྱི་དགོང་ཚོགས་ཐོག་ཧན་ཧུང་གིས་བླངས་པར་བརྟེན་གླུ་འདི་སྐད་གྲགས་ཁྱབ་ཡོད། དེ་ནས《མཁའ་ལམ》ཞེས་པའི་གླུ་འདི་ཞག་གཅིག་གི་ནང་མི་ཚང་མས་ཤེས་ཤིང་ཉན་དགའ་ཡོད་པའི་གླུ་རུ་གྱུར་པ་རེད།
ལྕགས་ལམ་གཅིག་གིས་ལེ་དབར་སྟོང་ལྡན་ཁྲོན་བོད་སྦྲེལ།
2020ལོའི་ཟླ་བ9པའི་ཚེས30ཉིན། ཁྲོན་བོད་ལྕགས་ལམ་གྱི་ཆེས་དཀའ་ཚེགས་ཆེ་བའི་ས་མཚམས་ཏེ་གཡག་རྔ་ནས་ཉིང་ཁྲི་བར་གྱི་ཞིབ་འཇུག་སྙན་སེང་ཆོག་འཐུས་ཅན་ལ་ཆོག་མཆན་ཐོབ་རྗེས། ཟླ་བ11པའི་ཚེས8ཉིན་ལ། ཁྲོན་བོད་ལྕགས་ལམ་དཀར་མཛེས་ཁུལ་བརྒྱུད་མཚམས་ཀྱི་དུས་རིམ་སྔོན་མའི་ཨར་ལས་ཏེ་ཕུག་ལམ་གཅིག་དང་ཟམ་པ་གཅིག་དེ་སྐྲུན་མགོ་ཚུགས་ཡོད།
དུས་རབས་ཀྱི་ཨར་ལས་ཞེས་པའི་མཚན་སྙན་ཐོགས་པའི་ཁྲོན་བོད་ལྕགས་ལམ་ནི་སི་ཁྲོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་བར་སྦྲེལ་བའི་མྱུར་བགྲོད་ལྕགས་ལམ་ཞིག་ཡིན་ལ། མཚོ་བོད་ལྕགས་ལམ་རྗེས་ཀྱི་བོད་ཞུགས་མཁའ་ལམ་གཉིས་པ་དེ་ཡིན་ཞིང་། དེ་སྔོན་ཀུན་གྱིས་སྐྲུན་ཐུབ་ཡས་མེད་པར་འདོད་ཀྱི་ཡོད་མོད། འོན་ཀྱང་ད་ལྟར་ཏང་ཨུ་དང་སྲིད་གཞུང་གིས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་ལ་སེམས་ཁུར་ཆེན་པོ་གནང་བའི་འོག་ཏུ་མིག་མཐོང་ལག་ཟིན་ཐུབ་པའི་ལས་གཞིར་འགྱུར་བཞིན་ཡོད། དཀར་མཛེས་ཁུལ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ལྷན་གྱི་འབྲེལ་ཡོད་འགན་ཁུར་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཆ་ཁྲོན་བོད་ལྕགས་ལམ་དཀར་མཛེས་ཁུལ་བརྒྱུད་མཚམས་ཀྱི་ཕུག་གཅིག་ལམ་གཅིག་གི་ཨར་ལས་དཀར་ཚེགས་ཆེ་བ་སྐྲུན་མགོ་ཚུགས་པར་མ་ཟད། ད་དུང་དེར་བསྟུན་གྱི་ལེ་ལག་ཆ་འགྲིག་ཏུ་གྱུར་པའི་གཞུང་ལམ་འཛུགས་སྐྲུན་ཀྱང་ཁྱོན་ཡོངས་ནས་སྐྲུན་མགོ་ཚུགས་ཡོད་པ་རེད།
ཤེས་རྟོགས་བྱུང་བ་ལྟར་ན། ཁྲོན་བོད་ལྕགས་ལམ་དཀར་མཛེས་ཁུལ་བརྒྱུད་མཚམས་ཀྱི་ས་གཤིས་ཆ་རྐྱེན་རྙོག་དྲ་ཧ་ཅང་ཆེ་ཞིང་དཀའ་ཉེན་ཤིན་ཏུ་ཆེ་བས། སྔར་མེད་ཀྱི་འགྲན་སློང་དྲག་པོ་དང་འཕྲད་ཀྱི་ཡོད། ཁྲོན་བོད་ལྕགས་ལམ་ལྕགས་ཟམ་ཟམ་ཆེན་ཨར་ལས་ལ་ཆ་མཚོན་ན། དེའི་ཟམ་གདན་ཡོད་ས་ནི་མཐོ་སྒང་གི་དམིགས་བསལ་གྲོག་རོང་དུ་གནས་ཤིང་། ཟབ་ཅིང་གཟར་ལ་རླུང་ཆེ་བ་དང་། ཉི་མའི་ཚ་ཟེར་ཆེ་ཞིང་དྲོ་གྲང་གི་ཧེ་བག་ཆེ་ལ། ས་རིམ་སྙི་བ་དང་ས་འགུལ་གྱི་གས་ཚད་ཆེ་བ་སོགས་ཀྱི་ཁྱད་ཆོས་ཡོད་ཅིང་། ཟམ་ངོས་ནས་གྲོང་རོང་གི་མཐིལ་བར་ལ་སྨི385ཡོད་པ་རེད།
ཀྲུང་གོ་ལྕགས་ལམ་ཟམ་ཆེན་ཅུས་ཚོགས་པ་ཚད་ཡོད་སྤྱི་གཉེར་ཁང་གི་ཡུལ་དངོས་འགན་འཁུར་བས་ཁྲོན་བོད་ལྕགས་ལམ་ལྕགས་ཟམ་ཟམ་ཆེན་ལ་ཐེངས་དང་པོར་ཞེང་ཚད་སྨི་སྟོང་བརྒལ་ཐུབ་ལ་ཏུན850ཅན་གྱི་འཕྱང་འབྲེང་འཕྲུལ་ཆས་གསར་པ་དང་འཛམ་གླིང་ན་ཆེས་ཆེ་བའི་ཕུག་ལམ་རྐོ་འཕྲུལ་སྤྱད་ཡོད། ཟམ་པ་ཡོངས་ལ་ཨར་འདམ་ལྷམ་པ་གྲུ་བཞི་ཁྲི28དང་ལྕགས་ཆས་ཏུན་ཁྲི10སྤྱད་དགོས་པ་དང་། ལས་ཡུན་འཆར་གཞི་ཟླ་བ74ཡིན་ཞེས་བཤད་པ་རེད།
ཁྲོན་བོད་ལྕགས་ལམ་དཀར་མཛེས་ཁུལ་བརྒྱུད་མཚམས་ནི་འུ་ལག་རི་བོའི་ཕུག་ལམ་ནས་ནུབ་ཏུ་དཀར་མཛེས་ཁུལ་གྱི་ལྕགས་ཟམ་དང་དར་མདོ། ཉག་ཆུ། ལི་ཐང་། འབའ་ཐང་། དཔལ་ཡུལ་བཅས་རྫོང་དང་གྲོང་ཁྱེར6བརྒྱུད་ཡོད། སྤྱིའི་རིང་ཚད་ལ་ཧ་ལམ་སྤྱི་ལེ396ཡོད་ཅིང་། ཟམ་པ་དང་ཕུག་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ357ཡོད་པས་བརྒྱ་ཆ90.2ལ་ཟིན་ཡོད། ཁུལ་ནང་ཁོངས་སུ་མེ་འཁོར་ས་ཚུགས་གསར་པ10བསྐྲུན་དགོས་ཀྱི་ཡོད། ས་བབ་མཐོ་དམའི་ཧེ་བག་ཆེ་བ་དང་ས་གཞི་འགུལ་སྐྱོད་དྲག་པ། རྨང་གཞིའི་སྒྲིག་ཆས་ཞན་པ། གནམ་གཤིས་ངན་པ། ས་གཤིས་གནོད་འཚེ་མང་བ། སྐྱེ་ཁམས་ཁོར་ཡུག་ལ་ཕོག་སྐྱེན་ཆེ་བ་བཅས་ཀྱི་ཁྱད་ཆོས་དྲུག་པོ་དེ་ཁྲོན་བོད་ལྕགས་ལམ་དཀར་མཛེས་ཁུལ་བརྒྱུད་མཚམས་སུ་དེ་བས་མངོན་གསལ་ཆེ་ཞིང་། ལྷག་པར་དར་མདོའི་ཕུག་ལམ་དང་པོ་ནི་ལྕགས་ཟམ་འཛུགས་སྐྲུན་གྱི་ལོ་རྒྱུས་ཐོག་ས་གཤིས་ཆ་རྐྱེན་ཆེས་རྙོག་དྲ་ཆེ་ཤོས་ཡིན་པ་དང་། ལི་ཐང་འབུམ་ཡག་རྩྭ་ཐང་གི་མཛེས་ལྗོངས་ལྟ་ལམ་དུ་ཡོད་པའི་ཟམ་ཆེན་ནི་ཁྲོན་བོད་ལྕགས་ལམ་ཡོངས་ལས་མཚོ་འཕགས་མཐོ་བའི་ས་ཁུལ་གྱི་ཟམ་པ་ཆེས་རིང་བ་དེ་ཡིན་པར་མ་ཟད། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ངང་ཚུལ་མཚོན་པའི་འཛུགས་སྐྲུན་ས་ཚུགས་ཀྱང་ཡིན་ནོ།།
ཁྲོད་བོད་ལྕགས་ལམ་འདི་བོད་ལྗོངས་དང་སི་ཁྲོན་སྦྲེལ་བའི་ཚེ་སྲོག་གི་འགྲོ་ལམ་དང་འགྲིམ་འགྲུལ་གྱི་འགྲོ་ལམ་ཡིན་ལ། དཀར་མཛེས་ཁུལ་རྒྱུད་ངོགས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་འབྱོར་ཕྱུག་ལམ་བུ་དང་དར་རྒྱས་ལམ་བུ་ཡང་ཡིན་ནོ།།
ཕུག་ལམ་གྱིས་ཤར་ནུབ་མཐུད་ཅིང་ཟམ་པས་ལྷོ་བྱང་སྦྲེལ།།
སྤྱི་ལོ1950ལོའི་ཟླ་བ12པའི་ཚེས25ཉིན་ལ། དཀར་མཛེས་ཁུལ་གྱི་མཁའ་ལམ་དང་པོ་སྟེ་དར་མདོ་ནས་བོད་ལྗོངས་བར་གྱི་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་ཡོད།
དེ་སྔོན་ང་རང་ཕ་ཡུལ་སྡེ་དགེ་ཡིད་ལྷུང་ནས་རྟར་ཞོན་ཏེ་དར་མདོར་འགྲོ་དུས་ཉིན22འགོར་གྱི་ཡོད། ད་ལྟར་ང་རང་ལྗིབ་འཁོར་དུ་བསྡད་ན་ཉིན་གཉིས་ལ་སླེབས་ཐུབ་ཅེས་པ་ནི1954ལོའི་ཟླ་བ12པའི་ཚེས26ཉིན་ལ་དེ་སྔོན་ཞི་ཁམས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་བྱ་རྒོད་སྟོབས་ལྡན་གྱིས《དར་མདོའི་ཚགས་པར》དུ་མིང་སྦྱར་རྩོམ་ཡིག་བཀོད་དུས་སུ་བཤད་པའི་སྐད་ཆ་སྟེ། དར་མདོ་ནས་བོད་ལྗོངས་བར་གྱི་གཞུང་ལམ་བསྐྲུན་ཐུབ་རྗེས་ཀྱི་དགའ་སྤྲོའི་སེམས་པ་མངོན་པར་མཚོན་ཡོད།
2001ལོའི་ཟླ་བ12པར། ལས་ཡུན་ལོ་བཞི་དང་རིང་ཚད་སྤྱི་ལེ4.176ཡིན་པའི་རྒྱལ་སྲུང་གཞུང་ལམ318པའི་འུ་ལག་རི་བོའི་ཕུག་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་ཡོད། དཀར་མཛེས་ཁུལ་གྱི་མང་ཚོགས་ཀྱིས་ཚུལ་དེ་ལ་བཅིངས་འགྲོལ་ཐེངས་གཉིས་པ་ཐོབ་སོང་ཞེས་བསྟོད་པའི་མཐེ་བོང་བསྒྲེངས། དེ་ནི་སྐབས་དེ་དུས་སུ་རང་རྒྱལ་གྱི་ཆེས་རིང་ཞིང་ཟབ་ལ། མཚོ་འཕགས་ཆེས་མཐོ་བ་དང་། སའི་ཐེག་ཤུགས་ཆེས་ཆེ་བ། ས་གཤིས་ཆ་རྐྱེན་ཆེས་རྙོག་དྲ་ཆེ་བ་བཅས་ཀྱི་རི་ཀླུང་གཞུང་ལམ་གྱི་ཕུག་ལམ་ཡིན་པ་རེད།
དུས་རབས་ཉེར་གཅིག་པར་བསླེབས་རྗེས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སེམས་ཁུར་འོག་ཏུ་དཀར་མཛེས་ཁུལ་གྱིས་འགྲིམ་འགྲུལ་འགག་སྒྲོལ་ཆེན་པོ་བྱས་ཏེ། རྫོང་དུ་འགྲོ་སའི་སྣུམ་ལམ་དང་གྲོང་སྡེར་འགྲོ་སའི་ཨར་འདམ་ལམ་བསྐྲུན་ཞིང་། རྒྱལ་སྲུང་གཞུང་ལམ་དང་ཞིང་ཆེན་རིམ་པའི་གཞུང་ལམ་གྱི་སྤུས་ཚད་ཇེ་ཡག་ཏུ་བཏང་སྟེ། ཕྱོགས་བཞིར་འབྲེལ་བའི་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་ཅིག་བསྐྲུན་པར་བརྟེན། འགྲིམ་འགྲུལ་གྱི་གཅུ་འགག་ལས་གྲོལ་ནས་དེ་སྔོན་ཀྲུང་གོའི་ཆེས་ཉེན་ཁ་ཆེ་བའི་ལམ་དེ་ད་ལྟར་ཀྲུང་གོའི་ཆེས་མཛེས་པའི་ལྗོངས་ལམ་དུ་བསྒྱུར་ཡོད་ལ། དཀར་མཛེས་ཁུལ་གྱི་བུ་རྒྱུད་བྱེ་བ་གཅིག་ལྷག་བདེ་སྐྱིད་ཀྱི་འགྲོ་ལམ་དུ་སྐྱོད་མགོ་ཚུགས་ཀྱང་ཡོད།
2018ལོའི་ཟླ་བ12པའི་ཚེས31ཉིན་ལ། སྤྱི་ལེ135ཡོད་པའི་གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་སྟེ། དཀར་མཛེས་ཁུལ་ལ་མྱུར་བགྲོད་གཞུང་ལམ་མེད་པའི་ལོ་རྒྱུས་ཀྱི་མཇུག་གྲིལ་ཡོད། དེ་ནི་དཀར་མཛེས་ཁུལ་གྱི་དཔལ་འབྱོར་གོང་འཕེལ་ཡོང་བར་སྐུལ་ཁྲིད་ཆེན་པོ་ཐེབས་པ་དང་ཐོན་ལས་འཕེལ་རྒྱས་གོང་དུ་འཕེལ་བར་ཕན་འབྲས་ཆེ་བའི་བགྲོད་ལམ་གལ་ཆེན་ཞིག་ཏུ་གྱུར།
ལི་ཐང་རྫོང་ཚོ་གསུམ་ཡུལ་ཤོག་གི་མཐོ་གྲང་སིལ་ཚོད་རྟེན་གཞིའི་ཐོན་ལས་བདག་གཉེར་བ་ཏེང་ཧྥང་ལི་ཡིས་སེམས་འགུལ་ཐེབས་པའི་ངང་དེ་སྔོན་འགྲིམ་འགྲུལ་མི་བདེ་བའི་རྐྱེན་གྱིས་རླངས་འཁོར་ལ་བསྡད་དེ་ལི་ཐང་ནས་ཁྲེང་ཏུའུ་བར་ལ་ཉིན་གཉིས་འགྲོ་དགོས། གསར་ཕྲུམ་ཕྲུམ་ཡིན་པའི་སྔོ་ཚོད་ཁྲེང་ཏུའུ་ལ་སླེབས་དུས་རྙིང་ཚར་བ་རེད། ཞང་ཀང་དང་ཨའོ་མེན་ལ་འདྲེན་རྒྱུ་དྲན་ཡང་ག་ལ་ཕོད། ད་ལྟར་ལི་ཐང་གི་ལབ་དཀར་ཞོགས་པར་ས་ནང་ཡོད་ཀྱང་། དགོང་མོར་ཞང་ཀང་དང་ཨའོ་མེན་གྱི་གསོལ་ཅོག་སྟེང་ལ་སླེབས་ཟིན་པ་རེད། འདི་ནི་འགྲིམ་འགྲུལ་ལས་བྱུང་བའི་འཕོ་འགྱུར་ངོ་མཚར་ཆེན་པོ་ཞིག་རེད་ཅེས་བཤད།
2018ལོའི་ཟླ་བ4པར་ཉག་རོང་རྫོང་ར་སྤེལ་གྲོང་སྡེའི་བྲག་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པ་དང་། 2019ལོའི་ཟླ་བ9པར་སྡེ་རོང་རྫོང་གི་ཕུག་ལམ་དང་པོ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་ཡོད། 2019ལོའི་ཟླ་བ12པར་ཉག་ཆུ་རྫོང་མི་བཟང་ཡུལ་ཤོག་གི་ཨར་འདམ་གཞུང་ལམ་བསྐྲུན་ཐུབ་ཡོད། 2021ལོའི་ཟླ་བ་དང་པོའི་ཚེས26ཉིན་ལ། སི་ཁྲོན་གྱི་མཚོ་འཕགས་ཆེས་མཐོ་བའི་གཞུང་ལམ་ཕུག་ལམ་ཏེ་འདབ་པ་རྫོང་ཁོངས་ཀྱི་རྒྱལ་སྲུང་གཞུང་ལམ549ཡི་མིང་མེད་རིའི་ཕུག་ལམ་གྱི་ཁོག་གཞི་བསྐྲུན་ཚར་ཡོད།
ཕུག་ལམ་གྱིས་ཤར་ནུབ་མཐུད་ཅིང་ཟམ་པས་ལྷོ་བྱང་སྦྲེལ་བར་བརྟེན། དཀར་མཛེས་ཁུལ་ནི་འགྲིམ་འགྲུལ་གྱི་འགག་མདོ་ས་ཁུལ་ཞིག་ཏུ་ཆགས་ཡོད་དོ།།
མཁའ་ལམ་གསུམ་གྱིས་ཕྱོགས་བཞིའི་འགྲུལ་བ་བཀུགས།
2019ལོའི་ཟླ་བ9པའི་ཚེས16ཉིན་གྱི་སྔ་དྲོའི་ཆུ་ཚོད9དང་སྐར་མ26ལ། འཕུར་རེས3U8013གནམ་གྲུ་དལ་གྱིས་བབས་པ་དང་བསྟུན་ནས་དཀར་མཛེས་གེ་སར་གནམ་ཐང་དུ་གནམ་གྲུ་ཤར་གཏོང་ཐུབ་པ་བྱུང་ཞིང་། ཁྲེང་ཏུའུ་དང་ཁྲུང་ཆིང་ནས་དཀར་མཛེས་ཁུལ་གྱི་བྱང་རྒྱུད་ཀྱི་མཐིལ་ལ་འགྲོ་ན་ཆུ་ཚོད་གཅིག་ལས་མི་འགོར་བ་རེད།
བྱང་དཀར་མཛེས་གེ་སར་གནམ་ཐང་བསྐྲུན་རྗེས། དེའི་ཐོག་ལ་ཤར་དར་རྩེ་མདོའི་གནམ་ཐང་དང་ལྷོ་འདབ་པའི་ཉི་སྟེན་གནམ་ཐང་བསྣན་ན་དཀར་མཛེས་ཁུལ་གྱི་བར་སྣང་འགྲིམ་འགྲུལ་གྱི་རྣམ་པ་ཟུར་གསུམ་ཅན་དུ་གྲུབ་སྟེ། རྒྱལ་ཡོངས་སུ་མཚོ་འཕགས་སྨི4000ཡན་གྱི་ཡན་ལག་གནམ་ཐང3ཡོད་པའི་གྲོང་ཁྱེར་དང་ཁུལ་ཁོ་ནར་གྱུར་པ་དང་། དཀར་མཛེས་ཀྱི་མི་དམངས་ལ་སྟབས་བདེ་ཆེན་པོ་བསྐྲུན་པ་དང་ཆབས་ཅིག། དཀར་མཛེས་ཁུལ་གྱི་ཡུལ་ཐོན་ཁྱད་ཆོས་དངོས་རྫས་དུས་ཚོད་ཐུང་ངུའི་ནང་དུ་ཕྱིར་ཕྱོགས་སུ་བསྐྱལ་ཐུབ་ལ། ཕྱོགས་བཞི་མཚམས་བརྒྱད་ཀྱི་འགྲུལ་པ་དང་དངོས་ཟོག་མཁོ་གལ་ཆེ་བ་དག་ཀྱང་དེ་མུར་དཀར་མཛེས་ཁུལ་དུ་འདྲེན་ཐུབ་ཀྱི་ཡོད།
དཀར་མཛེས་གེ་སར་གནམ་ཐང་བསྐྲུན་པར་བརྟེན། ལོ་ན82སོན་པའི་དམག་མི་རྒན་གྲས་རྡོ་རྒྱ་ཡིས་རང་ཉིད་གནམ་གྲུར་བསྡད་དེ་ནམ་ཡང་བརྗེད་ཐབས་མེད་པའི་གསར་བརྗེའི་གནས་མཆོག་ཡན་ཨན་དུ་བསྐྱོད་ཐུབ་པ་བྱུང་བ་རྨི་ལམ་ན་ཡང་དྲན་གྱི་མེད་ཀྱང་ད་ལྟ་ཁོང་གི་བསམ་དོན་ཡིད་བཞིན་དུ་གྲུབ་ཡོད། དཀར་མཛེས་གེ་སར་གནམ་ཐང་བསྐྲུན་པར་བརྟེན། ཁྲོ་ལའི་འདབས་སུ་གནས་ཤིང་རྒྱལ་ལམ317པའི་ལམ་རྒྱུད་དུ་ཡོད་ལ། གངས་རི་རྩྭ་ཐང་དང་ནགས་ཚལ་འབྲོག་ར་སོགས་མཛེས་ལྗོངས་ཁྱད་དུ་འཕགས་པ་འཛོམས་པའི་སྡེ་དགེ་རྫོང་འཁོར་ལོ་མདོ་ཡུལ་ཤོག་རྡོ་མང་སྟེང་གྲོང་སྡེར་དེ་ནས་བཟུང་ཡུལ་སྐོར་བ་རྒྱུན་ཆད་ཀྱི་མེད་ལ། གསར་དུ་བཙུགས་པའི་གླིང་གེ་སར་ཇོ་རུའི་འབྲོག་ར་དེ་ལ་ཁམས་ཀྱི་སི་ཝེས་ཙེར་ཆུང་ཆུང་ཞེས་པའི་མཚན་སྙན་ཞིག་ཀྱང་ཐོབ་ཡོད།
རྡོ་མང་སྟེང་གྲོང་སྡེའི་འབྲོག་སྲོལ་རིག་གནས་མྱོང་རོལ་གླིང་གི་སྤྱི་ཁྱབ་གཉེར་དཔོན་དབང་ལྡན་གྱིས་ཡིད་ཆེས་དང་སྤོབས་པས་ཁེངས་ནས་གེ་སར་གནམ་ཐང་ལས་གཉེར་ཐུབ་པ་བྱུང་རྗེས་གེ་སར་རིག་གནས་ཀྱི་ས་ཁུལ་གཙོ་བོའི་འགྲུལ་བ་དང་དངོས་ཟོག་སྐྱེལ་འདྲེན་གྱི་ནུས་པ་ཆེས་ཆེར་སོང་ཡོད། སྡེ་དགེའི་ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས་ལ་ཆར་བ་ཆུ་གྲོགས་སུ་གྱུར་ཡོད། གླིང་གེ་སར་ཇོ་རུའི་འབྲོག་ར་དང་གླིང་གེ་སར་གྱི་ཆུ་མིག་གྲོང་རྡལ་ནི་རྒྱལ་ལམ317པ་རྒྱུད་ཡུལ་ལྗོངས་ཁུལ་མུ་ཏིག་བསྟར་ལ་བརྒྱུས་པ་ལྟ་བུའི་ཕྲེང་རྡོག་རེ་གཉིས་ལྟ་བུ་རེད་ཅེས་བཤད།
སྤྱི་ཟླ8པར་སྡེ་དགེའི་ཁམས་པ་རིག་གནས་དངོས་མང་བཤམ་སྟོན་གླིང་གི་སྒོ་དབྱེ་རྒྱུ་ཡིན་ལ། སྔོན་དཔག་བྱས་ན་ལོ་རེར་མི་ཁྲི70ལ་སྣེ་ལེན་བྱེད་ཐུབ་ཀྱི་ཡོད།
དཀར་མཛེས་རྫོང་དང་སྡེ་དགེ་རྫོང་ལ་མཁའ་བསྐྱོད་དྲ་བའི་བཀོད་བབ་ཅིག་ཆགས་ཟིན་ཞིང་། མི་ཐམས་ཅད་ཀྱིས་མ་བགྲོས་རང་མཐུན་ངང་ཡུལ་སྐོར་ལམ་གར་ཉེན་ཁ་མེད་ལ་མགྱོགས་པ་ཡིན་པ་དང་། ཡུལ་སྐོར་སྤྲོ་གསེང་དུས་སུ་དལ་ཞིང་བག་ཕེབས་པོ་ཡིན་པར་དང་དོད་བྱེད་བཞིན་ཡོད་པའི་དེང་དུས་ཡུལ་སྐོར་གྱི་ལེགས་ཆ་ཚང་མ་དཀར་མཛེས་ཁུལ་གྱི་བྱང་རྒྱུད་ལྟེ་གནས་དང་ཁམས་པའི་རིག་གནས་འབྱུང་ཡུལ་གཉིས་ལ་འཛོམས་ཡོད་པས་ཐག་རིང་མགྲོན་པོ་བུང་བའི་ཚོགས་བཞིན་འཁོར་བར་འགན་སྲུང་ཐུབ་ཡོད།
འབྱུང་འགྱུར་དཀར་མཛེས་ཁུལ་གྱིས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་བྱ་རྒྱུས་གཙོ་རྐང་དུ་འཛིན་པ་དང་། འཕྲེད་ནས་ཁྲོན་བོད་འཐབ་ཇུས་བགྲོད་ལམ་ཆེན་པོ་ཇེ་མགྱོགས་སུ་བསྐྲུན་རྒྱུ་དང་། གཞུང་ནས་སི་ཁྲོན་དང་ཡུན་ནན། མཚོ་སྔོན་བཅས་སུ་བསྐྱོད་པའི་བགྲོད་ལམ་ཆེན་པོ་བསྐྲུན་པ་དང་། དེར་མཚུངས་མཁའ་བསྐྱོད་འཕེལ་རྒྱས་དང་ཁྲོན་བོད་ལྕགས་ལམ་གྱི་ལེ་ལག་འབྲེལ་མཐུད་གང་ལེགས་བྱེད་ཅིང་། གནམ་ཐང་བཞི་པ་འཛུགས་སྐྲུན་བྱེད་པར་ཇུས་འགོད་ཧུར་ཐག་བྱེད་པ། སི་ཁྲོན་ནུབ་བྱང་ས་ཁོངས་རང་བཞིན་དང་སི་ཁྲོན་དང་ཡུན་ནན། མཚོ་སྔོན་བཅས་འདྲེས་མཚམས་ཀྱི་འགྲིམ་འགྲུལ་འགག་རྩ་བསྐྲུན་གང་ཐུབ་བྱ་རྒྱུ་དང་། ལྕགས་ལམ་དང་གཞུང་ལམ། མཁའ་ལམ་བཅས་ཡོངས་སུ་འདྲེས་པའི་ལངས་གཟུགས་ཅན་གྱི་འགྲིམ་འགྲུལ་དྲ་བ་བསྐྲུན་ཏེ། དུས་རབས་གསར་པའི་མཁའ་ལམ་གྱི་ངོ་མཚར་ལེའུ་མུ་ནས་བྲི་བར་འབད་བཞིན་ཡོད་དོ།།