རི་ཆུའི་སྐོར་ལམ་བསྐོར་བ་ཡིས་ཉོ་མོངས་པའི་སྒྲིབ་པ་སྦྱངས་པ་ཡིན་ན།
མེས་པོ་ཚོའི་ཤུལ་ལམ་མཇལ་བ་ཡིས་ཤེས་བྱའི་སྒྲིབ་པ་འདག་རྒྱུ་རེད།
རོང་མི་དཔའ་བོ་ཚོའི་རྔུལ་ཆུ་དང་ཟུངས་ཁྲག་འདུས་ཡོད་པའི་གཡུང་དྲུང་ལྷ་སྟེང་དགོན་ཆེན་རིག་པས་མཇལ་རྗེས་ཆུ་ཆེན་རྫོང་དུ་སོང་། གནའ་དུས་ཡིན་ན་བོན་བསྟན་གྱི་མཁའ་དབུགས་ཁྱབ་ཅིང་། ཡུལ་སྲོལ་གྱི་རྣམ་པ་བཀྲ་ལ། མཁར་རྫོང་གི་ཟིལ་ཤུགས་ཆེ་བའི་ཡུལ་གྲུ་འདིར། དེང་སང་མཁར་ཤུལ་ཙམ་དང་ཟེར་སྒྲོས་ཙམ་ལས་ལྷག་མེད་པས། སྤྱིར་བཏང་གི་རྒྱ་གྲོང་ཞིག་དང་ཁྱད་པར་ཅི་ཡང་མི་འདུག །ཉིན་མོར་ལྷ་སྟེང་དགོན་ཆེན་མཇལ་དུས། སེམས་ནང་དུ་དགའ་སྐྱོ་གང་ཡིན་མི་ཤེས་པའི་ཚོར་བ་ཡ་མཚན་ཅན་ཞིག་སྐྱེས་པ་དེ་ད་དུང་ཡང་འཇགས་མེད་པ ས། ཕྱིའི་སྒོ་བྱང་ཐོག་གི་མིང་ནི་རྫིག་ཀྱང་། ནང་གི་སྒྲིག་ཆས་ནི་ཐབས་སྡུག་པོ་ཙམ་ལས་མེད་པའི་མགྲོན་ཁང་ཞིག་ཏུ་གཉིད་ཀྱི་བདེ་བ་བཙལ།
མགྲོན་ཁང་གི་སྐར་ཁུང་ལས་ཕྱི་རོལ་གྱི་རོ་དྲུག་ལྷན་དུ་འདུས་པའི་དྲི་མ་འཐུལ་ཞིང་། སྐད་རིགས་འདྲ་མིན་མཉམ་དུ་བསྲེས་པའི་འུར་ཟིང་ཁྱབ་ཡོང་ཡང་། ངས་དེ་དག་ལ་སྣོམ་ཁོམ་དང་ཉན་ལོང་མེད་པར། དྲན་པའི་ངོས་ཀྱི་ལོ་རྒྱུས་ཀྱི་ཡིག་འབྲུའི་བར་གསེང་ལས། ས་གནས་འདིར་འཁྲུངས་པའི་སྐྱེས་བུ་དམ་པ་དང་། རི་ཆུ་འདིར་ཞབས་ཀྱིས་བཅགས་མྱོང་བའི་རིག་པའི་ཕོ་ཉ་འགའ་འཚོལ་བཤེར་བྱས།
སྟོད་སྨད་བར་གསུམ་གྱི་ས་ཆ་སོ་སོར་འཁྲུངས་པའི་མཁས་མཛངས་གཉིས་ལྡན་གྱི་སྐྱེས་བུ་དམ་པ་དེ་ཚོ་ནི། ས་ཆ་དེའི་གྲུབ་མཐའ་ག་གེ་མོའི་དར་ཆ་ཡིན་པ་ལྟར། ཤར་རྒྱལ་མོ་རོང་གི་ས་ཆར་ཐབས་ཤེས་གཉིས་ལ་མ་རྨོངས་པའི་མཁས་པ་དང་དཔའ་བོ། མཛངས་མ་སོགས་འཁྲུངས་མྱོང་ཡང་། ཡུལ་དུས་ཀྱི་དབང་གིས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོས་རྒྱང་རིང་དུ་དེད་པས། རྗེས་རབས་པ་ཚོས་དེ་དག་གི་མིང་ཙམ་ཡང་མི་ཤེས་པའི་གནས་ཚུལ་འདི་ནི་སྐྱོ་དགོས་པ་ཞིག་སྟེ། ཕ་ཨ་ཁུ་ཙམ་ཡང་ངོ་མ་ཤེས་པར་འཇིག་རྟེན་འདི་རུ་འཚོ་སྡོད་བྱེད་དགོས་པ་ནི་ངོ་ཚ་ཆེན་པོ་ཞིག་རེད།
དམག་གི་རུ་དཔུང་ལ་ཁ་ཕྱོགས་གཅིག་ཏུ་སྐོར་ཞིང་བསམ་བློ་གཅིག་ཏུ་སྒྲིལ་བའི་དར་ཆ་ཞིག་དགོས་པ་ལྟར། ཆོས་སྲིད་གང་ཡང་རུང་བར་མཛད་རྗེས་བླ་ན་མེད་པ་བཞག་སྟེ། རྗེས་འབྲངས་པ་ཚོའི་སྣེ་ཁྲིད་མཁན་ལ་ཆེ་བསྟོད་ཀྱི་མཚན་སྙན་པོ་ཞིག་གསོལ་བ་ནི། བཀའ་གདམས་པའི་མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་། དགེ་ལུགས་པའི་མཉམ་མེད་རྒྱལ་བ་གཉིས་པ་ཙོང་ཁ་པ་བློ་བཟང་གྲགས་པ། བཀའ་བརྒྱུད་པའི་མཉམ་མེད་དྭགས་པོ་ལྷ་རྗེ་ལྟ་བུ་རེད། རེད་དེ། བོད་མི་ཚོ་ནམ་ཡང་གྲུབ་མཐའི་རིས་སུ་ཆད་པའི་ལྟ་བ་གུ་དོག་པོ་ལས་ཐར་དཀའ་བའི་རྐྱེན་གྱིས། ཤར་རྒྱལ་མོ་རོང་གི་ཕྱོགས་ལའང་རྒྱལ་བ་གཉིས་པ་ལྟ་བུའི་རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་ཞེས། མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་ཞིག་འཁྲུངས་མྱོང་བ་ཤེས་མཁན་ཉུང་ཉུང་རེད་ལ། ཁོང་གི་མི་ཚེ་གཅིག་གི་བརྒྱུད་རིམ་དང་མཛད་རྗེས་ནི་དེ་ལས་ཀྱང་བཤད་ཅི་དགོས། ངའང་ས་ཆ་མང་པོར་སོང་རྗེས་ལོ་རྒྱུས་རིག་གནས་ཀྱི་རྗེས་ཤུལ་དང་སྣང་ཚུལ་མང་པོ་ཞིག་གི་ཁུངས་ནི། བོན་བསྟན་ལས་མ་བཙལ་ན་འགྲེལ་ཐབས་མི་འདུག་པས། གཞི་ནས་གཡུང་དྲུང་བོན་གྱི་རིག་གཞུང་དང་དེའི་སྐོར་གྱི་སྔོན་བྱོན་མཁས་པ་རྣམས་ལ་དོ་སྣང་བྱས་རྗེས། བོན་བསྟན་གྱི་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་ཞེས་པ་ལགས་ནི། ཤར་རྒྱལ་མོ་རོང་གི་སྟེགས་ཅོག་ལུང་པར་འཁྲུངས་པ་ཤེས། དེ་ནས་བཟུང་། དམ་པ་ཁོང་གི་རྣམ་ཐར་ལག་ཏུ་ལོན་ཚད་ཡང་ཡང་མཇལ་བས་མ་ཚད། སྐལ་བ་བཟང་པོ་ཞིག་ལ་ཁོང་གི་འཁྲུངས་གཞིས་དང་བཅས་པ་ཐེངས་གཅིག་མཇལ་ཐུབ་པར་རེ་སྒུག་བྱས།
རྦབ་ཆུའི་འགྲམ་གྱི་མཆོད་རྟེན།
ཞོགས་པའི་ཆར་པ་ཟམ་ཟིམ་གྱི་ཁྲོད་དུ་སྔ་ཉིན་ཡར་འོངས་སའི་ཕྱོགས་སུ་ཕྱིར་ལོག་སྟེ། སྤྱི་ལེ་སུམ་ཅུ་ཙམ་སོང་རྗེས་གཡས་ཕྱོགས་ཀྱི་ལུང་པ་དེའི་ནང་དུ་ཕྱིན་པ་ཡིན། ལུང་པའི་ཁ་ནི་ཅུང་དོག་ཀྱང་རིམ་བཞིན་དུ་རྒྱ་ཇེ་ཆེ་དང་ཁོད་ཇེ་ཡངས་སུ་གྱུར་ཏེ་ས་གདན་གདན་ཞིག་ཡོད་པ་དང་། གཡས་གཡོན་དང་རྒྱབ་ལ་ཡོད་པའི་ནགས་རི་མཐོན་པོ་བཅས་ལ་བལྟས་ན། རྒྱབ་རྟེན་ཡོད་པའི་སྟེགས་བུའམ་ཅོག་ཙེ་དང་འདྲ་བས། ས་ཆ་དེའི་མིང་ལ་སྟེགས་ཅོག་ཅེས་པ་ནི་དོན་དང་ལྡན་པ་ཞིག་རེད། ས་དེ་གའི་ཡུལ་མི་རྣམས་ཀྱིས་ཀྱང་སེ་སྟེགས་ཅོག་ཅེས་རྒྱལ་རོང་གི་སྒྲ་སྦྱོར་ལྟར་འབོད་ཀྱིན་འདུག །ལ་ལས་སྟེགས་སྐྱོག་དང་སྟེགས་མཆོག་ཅེས་བྲིས་པ་ནི་སྔོན་མ་ལས་ཟུར་ཆག་པ་ཡིན་ངེས། ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི༼ ལེགས་བཤད་རིན་པོ་ཆེའི་གཏེར་མཛོད ༽ལས། འཁྲུངས་ཡུལ་ཤར་ཕྱོགས་རྒྱལ་མོ་རོང་། །
དམུ་རྡོ་ལྷ་གཉན་ཆེ་བའི་གནས། །གབ་ཏོ་ཤྭ་བ་རི་ཡི་འགྲམ། །ས་གནས་ཁྱད་འཕགས་སྟེགས་ཅོག་ཅེས། །ཞེས་གསུངས་པ་ལྟར། ས་གདན་གདན་ཐོག་གི་གྲོང་པ་དེའི་གཡས་ཕྱོགས་ཀྱི་གབ་ཏོ་ཤྭ་བ་རིའི་རི་རྒྱུད་ནི། བྱ་རྒྱལ་ཁྱུང་ཞིག་གིས་གཤོག་སྒྲོ་བཀྱགས་ཏེ་འཕུར་གྲབས་བྱེད་པ་དང་ཧ་ཅང་འདྲ་བས། ཚང་མས་དེ་ལ་ཁྱུང་རི་ཞེས་འབོད། གཡོན་ཕྱོགས་ཀྱི་རྒྱལ་མོ་རིའི་རི་རྒྱུད་ཅིག་གཡུ་འབྲུག་འཁྱུག་པ་ལྟར་ཐུར་དུ་རྒྱུགས་པ་དེའི་གདོང་མགོ་ནི། རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་ཀྱི་འཁྲུངས་གཞིས་རེད་འདུག ། རི་རྒྱུད་དེ་གཉིས་བར་གྱི་སྤང་ཐང་ལ་རྒྱ་སྐད་དུ་ཧྭ་ཤིས་པཱ་ཞེས་ཟེར་ཡང་། ཡུལ་མི་ཚོས་མཚམས་ལྡེམ་ཞེས་འབོད་ཀྱིན་འདུག །མཚམས་ལྡེམ་ཞེས་པ་ནི་རྒྱལ་རོང་གི་སྐད་དེ་ན་ཐང་ཞེས་པའི་དོན་རེད་ཟེར།
སྟེགས་ཅོག་ལུང་པའི་དཀྱིལ་ནས་བཞུར་བའི་ཆུ་ཆུང་ཆུང་དེའི་འགྲམ་ལ་ལངས་ཏེ་ལྟ་དུས། གཡུ་འབྲུག་འཁྱུག་པ་ལྟ་བུའི་རི་གདོང་གི་མགོ་ལ། རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་འཁྲུངས་གཞིས་སུ་བཞེངས་པའི་དྲན་རྟེན་ཁང་དང་། དེའི་རྒྱབ་ཀྱི་ལ་བཙས་མཐོན་པོ་བཅས་མཐོང་བྱུང་། དེ་ནི་གཡུང་དྲུང་ལྷ་སྟེང་དགོན་ཆེན་གྱི་ཁྲི་པ་དོན་བརྒྱད་པ་ཚུལ་ཁྲིམས་པད་མ་རིན་ཆེན་གྱིས། སྤྱི་ལོ༢༠༠༥ལོར་རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་འཁྲུངས་གཞིས་བཙལ་རྗེས་བཞེངས་པ་རེད་འདུག །ཕྱི་རྒྱལ་དང་རྒྱ་ནག་གི་ཡུལ་དུ་སྐྱེས་བུ་དམ་པ་རྣམས་ཀྱི་འཁྲུངས་གཞིས་ལ་སྲུང་སྐྱོབ་བྱས་པར་མ་ཟད། དེ་དག་གི་སྤྱོད་ཆས་དང་ཕྱག་ལས་མཛད་འཕྲིན་རྣམས་ཉར་ཚགས་ཡག་པོ་བྱས་པས། རྗེས་རབས་པ་ཚོ་ལ་ཁ་མིག་ཡར་ལྟ་དང་སེམས་ནང་སྒོམ་རྒྱུ་ཞིག་ཡོད་པ་ནི། མི་རིགས་གང་ཞིག་མདུན་དུ་སྐྱོད་པའི་སྒུལ་ཤུགས་མེད་དུ་མི་རུང་བ་ཞིག་རེད། ང་ཚོ་བོད་པ་རྣམས་ཀྱིས་ཀྱང་ཕྱིའི་ཚུལ་ཙམ་མ་ཡིན་པར་ལད་མོ་གང་མཁས་བྱས་ཏེ། འབྱུང་འགྱུར་ཐར་ལམ་ལ་ཕན་པའི་རྗེས་དྲན་བྱེད་ཤེས་དགོས་པ་ཞིག་རེད་འདོད།
མཚམས་ཁང་རྒྱབ་ལ་ཡོད་པའི་བྲག་ངོས་ཀྱི་ཡིག་རིས།
石刻上的“雍仲”图案
རྣམ་ཐར་ནང་དུ་ཡང་ཡང་མཇལ་བའི་ས་གནས་དང་བཅས་པ་ཡུལ་དངོས་སུ་མཐོང་དུས། སྐྱེས་ཆེན་ཞིག་གི་དྲུང་དུ་བཅར་བ་ལྟར་དད་གུས་སྨོན་གསུམ་ཅིག་ཅར་དུ་སྐྱེས་པས། དར་དཀར་རང་སེམས་མཚོན་པ་ཞིག་ལག་ཏུ་བཟུང་སྟེ་འཁྲུངས་གཞིས་མཇལ་དུ་སོང་འཁྲུངས་གཞིས་སུ་བཞེངས་པའི་དྲན་རྟེན་ཁང་གི་སྒོ་ཁའི་རྡོ་ངོས་སུ། རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་ཕྱག་རྗེས་ཤིག་དང་། ནང་ལ་ཞབས་རྗེས་ཤིག །དེ་མིན་རྗེ་མཉམ་མེད་ཡབ་སྲས་གསུམ་གྱི་སྐུ་འདྲ་བཅས་ཀྱང་མཇལ་རྒྱུ་འདུག །ངས་དར་དཀར་པོ་ཡབ་སྲས་གསུམ་གྱི་དྲུང་དུ་འབུལ་དུས། གློ་བུར་དུ་དྲན་རྟེན་ཁང་ནང་གི་སྐུ་འདྲ་དང་ཐང་ག་སོགས་དེ་སྔོན་མཇལ་མྱོང་བ་ལྟ་བུའི་སྣང་བ་ཞིག་ཡང་ནས་ཡང་དུ་སྐྱེས་བྱུང་། གཅིག་བྱས་ན་ཁོང་གི་རྣམ་ཐར་ཡང་ཡང་མཇལ་བའི་བག་ཆགས་སད་པ་ཡིན་སྲིད་ལ། དེ་མིན་ན་སྨོན་ལམ་ཡང་ཡང་བཏབ་སྟེ་བག་ལ་ཉལ་བའི་སེམས་ཁམས་ཤིག་གི་རྐྱེན་ཡིན་ནའང་ཐང་། གང་ལྟར། སླེབས་མ་མྱོང་བའི་ས་ཆ་འགའ་ལ་འགྲོ་དུས་དེ་སྔོན་མཇལ་མྱོང་བ་ལྟ་བུའི་སྣང་བ་ཤར་བ་ནི་འགྲེལ་བཤད་རྒྱག་དཀའ་བ་ཞིག་རེད།
རྗེ་མཉམ་མེད་ཡབ་སྲས་གསུམ་ཞེས་པ་ནི་མཉམ་མེད་ཤེས་རབ་རྒྱལ་མཚན་དང་། ཁོང་གི་སྲས་ཀྱི་ཐུ་བོར་གྱུར་པ་གཉིས་དང་བཅས་པ་ལ་ཟེར་བ་ཡིན་ཏེ། 《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད》ལས། དེའི་སློབ་མ་ལ་ཐུགས་སྲས་གཉིས་ནི། རྒྱལ་ཚབ་རིན་ཆེན་རྒྱལ་མཚན། མངའ་རིས་བསོད་ནམས་རྒྱལ་མཚན་ནོ། ། ཞེས་གསུངས་ཡོད་མོད། ལ་ལས་ཐུགས་ཀྱི་སྲས་པོ་རྒྱལ་ཚབ་རིན་ཆེན་རྒྱལ་མཚན་དང་མི་ཉག་བསོད་ནམས་རྒྱལ་མཚན་ཞེས་བཀོད་པ་ནི། མངའ་རིས་བསོད་ནམས་རྒྱལ་མཚན་དང་མི་ཉག་བསོད་ནམས་རྒྱལ་མཚན་གཉིས་ནོར་བ་འདྲ།
བོད་ཀྱི་ས་ཆ་སྟོད་སྨད་བར་གསུམ་ལ་ཕྱག་རྗེས་དང་ཞབས་རྗེས་མང་པོ་མཇལ་རྒྱུ་ཡོད་པ་དེ་ཚོ་ནི། མཁས་ཤིང་གྲུབ་པའི་དམ་པ་རྣམས་ཀྱི་རེད་ཅེས། མཆོད་མཇལ་པ་ཚོས་དད་བཀུར་ཚད་མེད་བྱས་ཀྱང་། ལ་ལ་ཡིས་དེ་ནི་དམ་པ་གང་གི་ཆེ་བ་འདོན་པའི་ཆེད་དུ་མི་ཡིས་བཟོས་པ་རེད་ཅེས་དོགས་པ་དང་ཐེ་ཚོམ་བྱེད་མཁན་ཡང་མང་པོ་འདུག །
མི་ཡིས་བཟོས་མིན་ཅི་ཡིན་ཡང་། དེ་ནི་དམ་པ་ཞིག་གིས་འགྲོ་བའི་དོན་དུ་ཕྱག་ལས་གནང་བའི་མཛད་འཕྲིན་དང་། གདུལ་བྱའི་ཆེད་དུ་ས་ཆ་སོ་སོར་ཞབས་སོར་བཀོད་པའི་ཤུལ་བཞག་རྣམས་རྗེས་སུ་དྲན་པའི་རྟེན་དུ་གོ་དགོས་པ་ནི། མེས་པོ་གོང་མ་རྣམས་ཀྱི་ཐབས་དང་ཤེས་རབ་ཡིན་པ་ལས། ཆེ་བ་འདོན་པའི་གཡོ་སྒྱུ་མགོ་སྐོར་ཡིན་མི་སྲིད། རེད་དེ། དེང་སང་མི་མང་པོ་ཞིག་གིས་སྲོལ་རྒྱུན་རིག་གནས་ལྟ་ཀློག་བྱེད་དུས། གུ་དོག་པོ་དང་ཨུ་ཚུགས་མཐར་སྐྱེལ་གྱིས་འགྲེལ་ལོག་བརྒྱབ་པ་ནི། འཇིག་རྟེན་དངོས་པོའི་མངོན་ལྐོག་གཉིས་ལ་སྦས་པའི་ཡོན་ཏན་གཏེར་དུ་འདོན་མ་ཤེས་པའི་གླེན་རྟགས་ཙམ་རེད། དེར་བརྟེན། ངས་དམ་པ་གང་ཞིག་གི་ཕྱག་རྗེས་མཇལ་དུས། དེའི་འཆད་རྩོད་རྩོམ་གསུམ་གྱི་འཕྲིན་ལས་ཏེ། ཕྱག་སོར་གྱིས་བརྩམས་པའི་གཞུང་པོ་ཏི་མིག་ལམ་དུ་ཤར་ཞིང་མན་ངག་ཡོད་ན་གང་དུའང་གདུལ་བྱ་ཡིན་ཞེས། ས་ཆ་མང་པོར་ཞབས་སོར་བཀོད་ཚུལ་ཡང་དྲན་ཡོང་གིན་འདུག །
དྲན་རྟེན་ཁང་ལས་ཕྱིར་བུད་དུས། ས་དེ་གའི་མཆོད་མཇལ་པ་ཞིག་གིས། མཚམས་ལྡེམ་ཞེས་པའི་ཐང་དུ་རྗེ་མཉམ་མེད་ཀྱི་དུས་སུ་རྟ་རྒྱུག་བྱེད་སྐབས་རྟ་འདོགས་སའི་རྡོ་རིང་ཞིག་ཡོད་པས་མ་ཚད། དུད་ཚང་ཞིག་གི་ཁང་རྒྱབ་ལ་རྗེ་མཉམ་མེད་ཀྱི་བཞུགས་སྟེགས་རྡོ་ཕ་བོང་ཞིག་ཀྱང་ཡོད་པ་རེད་ཟེར་བ་ལྟར། ང་རང་དྲན་རྟེན་ཁང་གི་གཡས་ཕྱོགས་ཀྱི་ཐང་དུ་ཕྱིན་པ་ཡིན། ཞིང་གི་དཀྱིལ་དུ་ཁ་བཏགས་མང་པོས་དཀྲིས་ཡོད་པའི་རྡོ་རིང་ཞིག་མཇལ་བྱུང་ལ། དེ་ནས་མར་ཡོང་སྟེ་དུད་ཚང་ཞིག་གི་རྒྱབ་ལ་སླེབས་དུས། དེ་ན་ཏག་ཏག་མི་གཅིག་བཞུགས་ཏེ་རྒྱབ་རྟེན་བྱེད་ཆོག་པའི་རྡོ་གཞོང་ཞིག་འདུག །
དུས་ཀྱི་འཕོ་འགྱུར་ཁྲོད་དུ་ཡུལ་མི་སྤུན་ཟླ་ཚོས་གཏིང་ཟབ་པའི་གཞུང་པོ་ཏི་མཇལ་མི་ཤེས་ལ། མ་འོངས་དུས་ཀྱི་འགྲོ་ཕྱོགས་ལ་ཚོད་དཔག་ཀྱང་བྱེད་མི་ཐུབ་མོད། རི་དང་རྡོ། ཆུ་དང་ཤིང་ལ་བརྟེན་ནས་མེས་པོ་ཚོའི་སྐུ་དྲིན་གཅིག་ལ་གཅིག་བརྒྱུད་དེ་ངག་རྒྱུན་དུ་སྤེལ་བ་ལ། ང་ཚོས་དམན་ས་བཟུང་སྟེ་གུས་བཀུར་དང་བཀའ་དྲིན་ཆེ་ཞུ་དགོས་པ་ཞིག་རེད།
རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་ནི། སྤྱི་ལོ་1356ལོར་སྟེགས་ཅོག་ལུང་པར་ཡབ་དབྲ་རིགས་ཀླུ་རྒྱལ་དང་ཡུམ་རིན་ཆེན་སྨན་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་ཆུང་དུས་ཀྱི་མཚན་ལ་གཡུང་རྒྱལ་ཞེས་གསོལ། ཆུང་དུས་ནས་ཡབ་ཀྱི་དྲུང་ནས་རྒྱུའི་བོན་རྣམས་ལ་སྦྱོང་བ་མཛད། དགུང་ལོ་བཅུའི་ཐོག་ཏུ་ཕྱ་བླ་གཡུང་དྲུང་རྒྱལ་མཚན་གྱི་དྲུང་དུ་གཙང་གཙུག་གི་སྡོམ་པ་བཞེས་ཏེ། མཚན་ལ་ཤེས་རབ་རྒྱལ་མཚན་ཞེས་གསོལ། ཆུང་དུས་སུ་ཤིང་གི་ཐུར་མ་སྤྱན་ལ་ཟུག་སྟེ་སྤྱན་གཅིག་གིས་མི་མཐོང་བར་གྱུར་པས། རྗེས་སུ་མཁས་པར་ཆགས་རྗེས་སློབ་དཔོན་སྤྱན་གཅིག་པ་ཆེན་པོ་ཞེས་གྲགས།
བོད་ཀྱི་ལོ་རྒྱུས་ནང་དུ་མཁས་གྲུབ་དམ་པ་རྣམས་རིག་པའི་ཁོ་ལག་མ་རྫོགས་གོང་། དབུས་གཙང་དུ་རིག་པ་དོན་དུ་གཉེར་བར་ཕེབས་སྲོལ་ཡོད་པ་ལྟར། མཉམ་མེད་ཤེས་རབ་རྒྱལ་མཚན་ཡང་དབུས་གཙང་ལ་གྲྭ་སྐོར་དུ་ཕེབས་པ་དང་། དེ་ནས་དབུས་ཀྱི་གསང་ཕུར་རོང་སྟོན་ཤེས་བྱ་ཀུན་རིག་གི་དྲུང་དུ། ཕར་ཚད་འདུལ་མངོན་དབུ་སྡོམ་སོགས་ལས་རྒྱ་ཆེན་ཐོས་པ་མང་དུ་བཙལ། དབུས་གཙང་དུ་ཐོག་མར་ཕེབས་དུས་ནམ་ཞིག་ཡིན་གསལ་པོར་མི་ཤེས་མོད། ༼ ལེགས་བཤད་རིན་པོ་ཆེའི་གཏེར་མཛོད༽ལས། དགུང་ལོ་སོ་གཅིག་སྟེང་གཡས་རུའི་དབེན་ས་ཁའི་སྒྲིག་ལམ་ལ་ཞུགས། ཞེས་པ་དང་། ལ་ལ་ཡིས་ཕ་ཡུལ་དུ་ལོ་བཅོ་བརྒྱད་ལ་བཞུགས་ཞེས་པར་བརྟག་ན། དགུང་ལོ་བཅོ་བརྒྱད་དང་སོ་གཅིག་བར་ཡིན་དགོས། དགུང་ལོ་སོ་གཅིག་སྟེང་གཙང་གི་གཡས་རུ་དབེན་ས་ཁར་ཕེབས་ཏེ། རིག་པའི་གནས་སོ་སོ་ལ་མཁས་པར་སྦྱངས་རྗེས་ཕྱིར་རྒྱལ་རོང་དུ་ལོག་པ་རེད།
ཕ་ཡུལ་ལ་རྒྱབ་གཏད་དེ་ས་མཐར་འགྲོ་མཁན་གྱི་མི་སུ་ཞིག་ཡིན་རུང་། ཕྱི་ལ་འགྲོ་བ་ནི་ཕྱིན་ཆད་ཕྱིར་ལ་ལོག་པའི་ཆེད་དུ་ཡིན་པ་ལྟར། ཐོག་མའི་དམིགས་ཡུལ་གྲུབ་སྟེ་མཁས་པའམ་དཔོན་པོ། ཚོང་པར་ཆགས་རྗེས་ཆེས་ཐོག་མར་དྲན་པ་ནི་ཕ་ཡུལ་དུ་ལོག་རྒྱུ་དེ་རེད། དེ་ནི་མི་སྒེར་གྱི་ལ་རྒྱ་དང་ཕ་ཡུལ་གྱི་གཟི་བརྗིད་ཡིན་པས། མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་གྲུབ་མཐའ་རིས་མེད་ཀྱི་སྒོ་ནས་མཁས་པ་མང་པོ་བསྟེན་རྗེས། དང་ཐོག་ཕ་ཡུལ་དང་ཁ་གྱེས་དུས། ཕྱིན་ཆད་ཕ་མ་དང་ལན་གཅིག་མཇལ་འཕྲད་དུ་ཡོང་རྒྱུ་ཁས་བླངས་པ་ལྟར། ཐུགས་སྲས་རིན་ཆེན་རྒྱལ་མཚན་ཁྲིད་དེ་རྒྱལ་རོང་སྟེགས་ཅོག་ལུང་པར་ལོག་པ་རེད།
ངག་རྒྱུན་དུ། རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་དཔོན་སློབ་གཉིས་རྣལ་འབྱོར་པའི་ཚུལ་དུ་ཕ་ཡུལ་ལ་སླེབས་དུས། ཕ་མས་ཁོང་གཉིས་ངོ་མ་ཤེས་ཀྱང་། གཙང་ནས་ཡོང་བ་ཡིན་པ་ཤེས་པས། ངེད་གཉིས་ཀྱི་བུ་ཤེས་རབ་རྒྱལ་མཚན་དབུས་གཙང་གི་དགོན་པར་སློབ་སྦྱོང་དུ་སོང་ཡང་། ད་བར་ཁོང་གི་གནས་ཚུལ་ཅི་ཡང་མ་གོ །ཁྱེད་གཉིས་ཀྱིས་ཁོང་ངོ་ཨེ་ཤེས་ཞེས་དྲིས་པར། མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་ཕ་མ་གཉིས་ཀར་སྦ་གསང་བྱས་ཏེ། ཤེབ་རབ་རྒྱལ་མཚན་ང་ཚོའི་གྲོགས་པོ་ཡིན། ཁོང་བདེ་མོ་རེད། སང་ལོར་ཕ་ཡུལ་ལ་འོང་རྒྱུ་རེད་ཅེས་ཞུས། དེ་ནས་ཡུལ་མི་རྣམས་ལ་ཆོས་གསུངས་ཏེ་སྨིན་གྲོལ་གྱི་ལམ་བསྟན་པས་མ་ཚད། ཡེ་ཤེས་ཚུལ་ཁྲིམས་དང་རིན་ཆེན་ཚུལ་ཁྲིམས་ཞེས་པའི་སློབ་བུ་གཉིས་བསྡུས། ཕ་ཡུལ་དུ་ཟླ་བ་འགའ་ཤས་ལ་བཞུགས་ཏེ་སླར་གཙང་ལ་ལོག་རན་པའི་སྐབས་སུ། མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་གབ་ཏོག་རི་ནས་མེ་ཏོག་འགའ་བཏོགས་ཏེ་ཡབ་ཡུམ་གཉིས་ལ་ཕུལ་ཏེ། ལས་འབྲེལ་གྱི་དབང་གིས་ཟླ་བ་འགའ་ཤས་ནང་དུ་ངས་ཁྱེད་ཚོར་ཆོས་བཤད་པའི་གོ་སྐབས་ཐོབ་པས་མ་ཚད། ཁྱེད་ཚོས་ཞབས་ཞུ་ཡག་པོ་བསྒྲུབས་པར་བཀའ་དྲིན་ཆེ་ཞུ། ང་སོང་རྗེས་ཉིན་བདུན་གྱི་རིང་ལ་ངས་ཆོས་བཤད་སའི་ཆོས་ཁྲི་དེ་བཤིག་མི་རུང་ཞེས་གསུངས། ཉིན་བདུན་གྱི་རྗེས་སུ་ཆོས་ཁྲིའི་འོག་ལ་དངུལ་སྲང་བརྒྱ་དང་འཕྲིན་ཡིག་ཅིག་ཡོད་པ་མཐོང་། འཕྲིན་ཡིག་གི་ནང་དུ་དྲིན་ཆེན་གྱི་ཡབ་ཡུམ་གཉིས་ལགས། ང་དང་ཐོག་ཕ་ཡུལ་དང་ཁ་བྲལ་ནས་འགྲོ་དུས། ཕྱིན་ཆད་ཁྱེད་མཇལ་སར་ཡོང་བ་ཁས་བླངས་པ་ནང་བཞིན་ད་ཐེངས་ངའི་རེ་འདུན་གྲུབ་སོང་།
ལྡེབས་རིས་རྙིང་པ།
རེད་དེ། ང་ཕྱིར་དགོན་པར་མ་ལོག་ན་རྩ་བའི་བླ་མའི་དགོངས་པ་དང་འགལ་བས། འདིར་དངུལ་སྲང་བརྒྱ་བཞག་ཡོད་པ་དེ་ཁྱེད་གཉིས་ཀྱིས་དགེ་སྦྱོར་ཚོགས་བསགས་ཀྱི་ལས་ལ་འགྲོ་སོང་དུ་གཏོང་བ་དང་། དེ་མིན་ངའི་སློབ་བུ་གཉིས་དང་མཉམ་དུ་ཕ་ཡུལ་གྱི་རི་མགོའི་དབེན་སར་ལྷ་ཁང་ཞིག་འཛུགས་ཐུབ་ན་དགེ་བ་དཔག་ཏུ་མེད་ཅེས་བྲིས་ཡོད་པར་གྲགས།
ངག་རྒྱུན་དེ་ཆ་ཚང་བདེན་པ་ཡིན་མིན་མི་ཤེས་ཀྱང་། རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་དང་ཐུགས་སྲས་རིན་ཆེན་རྒྱལ་མཚན་གཉིས། ཕྱིར་ཕ་ཡུལ་དུ་ཐེངས་གཅིག་ཕེབས་མྱོང་བ་རྣམ་ཐར་མང་པོའི་ནང་དུ་བྲིས་ཡོད་པས་བདེན་ངེས་རེད། གཅིག་བྱས་ན་རྗེ་ཙོང་ཁ་པ་མ་ཡུམ་དང་མཇལ་འདོད་ཆེ་མོད། རིག་པ་སློབ་པའི་དུས་ཚོད་ལ་བཀག་འགོག་བྱེད་པ་དང་། ཕ་ཡུལ་དུ་ལོག་རྗེས་ཕྱིར་ཡོང་ཐུབ་མིན་ཡང་ཆ་མ་འཚལ་བས། མ་ཡུམ་ལ་འཕྲིན་ཡིག་ཅིག་བསྐུར་ཏེ་ཡུལ་དུ་མ་ཕེབས་པ་ལྟར། རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་མ་ཡུམ་ལ་གསང་དགོས་པའི་གནད་དོན་དེ་འདྲ་ཞིག་ལ་དགོངས་པ་མིན་ནམ་སྙམ།
དཔོན་སློབ་གཉིས་ཕྱིར་གཙང་དུ་ཕེབས་རྗེས། དགུང་ལོ་ལྔ་བཅུའི་ཐོག་ཏུ་ཐོབ་རྒྱལ་ཤར་རི་ཕོ་བ་རི་ལ་བཀྲ་ཤིས་སྨན་རི་དགོན་པ་བཏབ་སྟེ། རྗེ་ཙོང་ཁ་པས་དགེ་ལུགས་པའི་འདུལ་ཁྲིམས་དང་བཅས་པ་ལ་དག་ཐེར་མཛད་པ་ལྟར། སྨན་རི་དགོན་པར་གཞུང་པོ་ཏི་ལྔའི་འཆད་ཉན་གྱི་སྲོལ་བཙུགས་པས་མ་ཚད། སྐྱ་བོ་དང་བུད་མེད་རྣམས་དགོན་པའི་ནང་དུ་འོང་མི་ཆོག་པ་དང་། སྡོམ་པ་མ་བླངས་པའམ་བླངས་ཀྱང་བླ་གོས་མ་གྱོན་ན་ཚོགས་གྲལ་དུ་བཞུགས་མི་ཆོག་པ་སོགས་འདུལ་ཁྲིམས་དམ་དུ་བསྡམས་པ་རེད།
མཚམས་ཁང་ནང་གི་ལྡེབས་རིས་རྙིང་པ།
རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་སྨན་རི་དགོན་པ་བཏབ་ཅིང་། བསླབ་པའི་རིམ་པ་དང་འདུལ་ཁྲིམས་གྱི་སྲོལ་བཙུགས་པའི་དགོངས་པ་ཇི་ལྟར་འཁྲུངས་པ་རེད་ཟེར་ན། ཁོང་དབུས་གཙང་དུ་གྲྭ་སྐོར་ལ་ཕེབས་རྗེས། མཁས་པ་མང་པོ་བསྟེན་ཏེ་དམ་པའི་ཆོས་མང་པོ་གསན་པས། བན་བོན་གཉིས་ཀའི་གཞུང་ལ་མཁས་པ་དང་། ཁོང་ནི་རྗེ་ཙོང་ཁ་པ་ལས་ལོ་གཅིག་ཆུང་ཞིང་། སྐབས་དེ་དུས་ཆོས་ལུགས་མི་སྣ་རྣམས་ཀྱི་སྤྱོད་པ་འཆལ་ཏེ་འདུལ་ཁྲིམས་ཉམས་པའི་གནས་ཚུལ་ལ་བརྟེན་ནས། རྗེ་ཙོང་ཁ་པས་ཆོས་ལུགས་ལ་བསྒྱུར་བཅོས་མཛད་པས། དགེ་ལུགས་པའི་དབང་ཐང་དར་བཞིན་པའི་སྒང་རེད། གལ་སྲིད་བོན་བསྟན་ལའང་མདུན་ལམ་ཞིག་ཡོད་དགོས་ན། གནའ་སྔོན་མ་ནས་བོད་བརྒྱུད་ནང་བསྟན་ཞེས་པ་ནི། བན་བོན་གཉིས་ཀ་བསྲེས་འདྲེས་བྱས་ཡོད་པ་ལྟར། རང་ཚུགས་མ་ཤོར་བར་གཞན་ལ་བསྟུན་མཁས་དགོས་པ་བཅས་ཀྱི་གནས་ལུགས་ལ་བརྟེན་ཏེ། རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་ཨུ་ཚུགས་མཐར་སྐྱེལ་མ་བྱས་པར་ཁོག་པ་ཡངས་མོ་དང་མིག་རྒྱང་རིང་པོས་དགེ་ལུགས་པ་ལ་ལད་མོ་གང་མཁས་གནང་སྟེ། སྨན་རི་དགོན་པའི་ལུགས་གསར་དུ་བཏོད་པ་ཞིག་རེད། དེས་མ་ཚད་བོན་པོའི་དེ་སྔོན་ཁྱིམ་རྒྱུད་ཀྱིས་དགོན་བདག་བྱེད་པའི་ལུགས་སྲོལ་ལ་བསྒྱུར་བཅོས་བྱས་ཏེ། ཐུགས་སྲས་རིན་ཆེན་རྒྱལ་མཚན་རྒྱལ་ཚབ་ཏུ་བསྐོས་པ་བཅས་དགོན་པའི་དོ་དམ་ལེགས་ལམ་དུ་བསྐོར་བ་དང་། འཆད་རྩོད་རྩོམ་གསུམ་གྱི་ཐོག་ནས་མཛད་འཕྲིན་བཞག་པས་བོན་གྱི་བསྟན་པ་དར་ཞིང་རྒྱས་པ་རེད།
དུས་རབས་ཀྱི་འཕོ་འགྱུར་ཁྲོད་དུ་རྒྱལ་ཁབ་དང་མི་རིགས་གང་འདྲ་ཞིག་ཡིན་རུང་། རིག་གནས་སོ་སོའི་བར་ཕན་ཚུན་སྤང་འགལ་མ་ཡིན་པར། སིམ་འདྲེས་ཀྱི་སྒོ་ནས་ངའི་ནང་དུ་ཁྱོད་ཡོད་ལ་ཁྱོད་ཀྱི་ནང་དུ་ང་ཡོད་པ་ནི། འཕེལ་རྒྱས་འགྲོ་བའི་ཆོས་ཉིད་ལྟ་བུ་ཡིན་མོད། རང་ལྟ་མཆོག་འཛིན་གྱི་བསམ་བློས་བཅིངས་པའི་མི་རྣམས་ཀྱིས་གཞན་ལ་བསྟུན་པ་ནི། མགོ་འདོགས་ལུས་འབུལ་བྱས་ཏེ་རང་ཚུགས་མ་ཟིན་པའི་རྟགས་སུ་བརྩིས། ལོ་རྒྱུས་ཀྱིས་འགྲིག་མིན་དང་བཟང་ངན་གསལ་ཞེས་པ་ལྟར། འདས་ཟིན་པའི་དུས་སུ་རིག་གནས་ཀྱི་ཆུ་རྒྱུན་མུ་ནས་མུ་རུ་འཁྲིད་ཐུབ་མཁན་ནི། མི་རྒྱུས་རང་རྒྱུས་ལོན་རྗེས་རང་གཞན་སུ་ལའང་ཕོག་ཐུག་མི་བཏང་བར། ཁོང་ཡངས་དཀྱེལ་ཆེ་ངང་བསྟུན་མཁས་མཐུན་སྦྱོར་གྱི་ལམ་ལ་འགྲོ་མཁན་ནི་བེེ་རོ་ཙ་ན་དང་། རྗེ་མཉམ་མེད་ཙོང་ཁ་པ་བློ་བཟང་གྲགས་པ། རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་ལྟ་བུ་ལས་གཞན་དག་ནི་མིན་ནོ། །
རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་དྲན་རྟེན་ཁང་ཡོད་ས་གཡུ་འབྲུག་འཁྱུག་པ་ལྟ་བུའི་རི་རྒྱུད་དང་། དེའི་ཁ་གཏད་ཀྱི་བྱ་རྒྱལ་ཁྱུང་འཕུར་གྲབས་མཛད་པ་ལྟ་བུའི་ཁྱུང་རིའི་བར་གྱི་མཚམས་ལྡེམ་ཞེས་པའི་ན་ཐང་གི་འགྲམ་ལ། སྤྲོ་གསེང་དུ་ཡོང་བའི་སྐྱ་སེར་མང་པོ་འཛོམས་ཤིང་། རྩྭ་ཆུ་ལ་མགོ་འཁོར་བའི་བ་གླང་ཕག་གསུམ་ཡང་མང་པོ་འདུག །ང་རང་སྟོད་ནས་བཞུར་བའི་ཆུ་ཆུང་ངུའི་འགྲམ་དུ་བསྡད་དེ། བྲག་ཐེམ་ལས་འཕུར་ཏེ་ཆོས་དབྱིངས་ནམ་མཁའི་དཀྱིལ་འཁོར་དུ་གཤོག་འགྱུར་བརྒྱབ་རྗེས། བྲག་སྒོར་བབས་ཏེ་འདབ་ཆགས་རིགས་སུ་གྱུར་པ་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད། སླར་ཡང་དེ་ལས་མཐོ་བའི་མཁའ་དབྱིངས་སུ་འཕུར་བའི་བྱ་རྒྱལ་ཁྱུང་ཆེན་ལྟ་བུའི་རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་བཞུད་ལམ་ལ་རྗེས་དྲན་བྱེད་དུས། རྫ་དཔལ་སྤྲུལ་རིན་པོ་ཆེ་ཡིས། སྣོད་ཀྱི་དགེ་མཚན་བཅུད་ཀྱི་གསོས་སུ་གྱུར། །བཅུད་ཀྱི་དགེ་ཚོགས་སྣོད་ཀྱི་གཡང་དུ་འཁྱིལ། །སྣོད་བཅུད་རྟེན་འབྲེལ་ལེགས་པའི་ཕྱོགས་སུ་འགྲིགས། །འཕྲལ་ཡུན་ཀུན་ཏུ་བཀྲ་ཤིས་དཔལ་འབར་ཤོག །ཅེས་གསུངས་པ་ལྟར། བོད་མི་ཚོས་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་ཞེས། སྣོད་བཅུད་བར་རྟེན་ཅིང་འབྲེལ་བས་སྣོད་གང་འདྲ་བ་ཞིག་གིས་བཅུད་དེ་འདྲ་བ་ཞིག་གསོས་ཤིང་། བཅུད་ཅི་འདྲ་བ་ཞིག་གིས་སྣོད་དེ་འདྲ་བ་ཞིག་བསྐྱངས་པ་རེད་ཨང་དྲན་བྱུང་། རེད་དེ། གོ་རྒྱུ་ཚོར་རྒྱུ་མང་ཡང་རང་ངོ་མི་ཤེས་པའི་ན་གཞོན་ཚོས། ཁྱེད་ནི་ཡིག་འབྲི་པ་རྨོངས་དད་ཅན་ཞིག་རེད་ཅེས་ཞྭ་མོ་ལུས་ཀྱིས་མི་ལྕོགས་པ་ཞིག་བསྐོན་སྲིད་མོད། སྒང་པ་བོད་ཀྱི་རི་ཆུའི་གསེང་དུ་སྦས་པའི་མི་མངོན་པའི་སྟོབས་ཤུགས་ཀྱིས། ང་ཚོའི་ལུས་སེམས་སུ་གཞན་དང་མ་འདྲ་བའི་ཁྱད་གཤིས་ཤིག་བག་ལ་བསྙལ་ཡོད་པ་ལ། དྲང་ལྡོག་གཉིས་ཀའི་ནུས་པ་ཡོད་པ་ནི་སུས་ཀྱང་བསྙོན་དུ་མེད་དོ། །
དེ་སྔོན་གྲོགས་པོ་ཞིག་གིས། སྟེགས་ཅོག་ལུང་པའི་རི་མགོར་བྲག་ཐོག་ཏུ་བཞེངས་པའི་ལྷ་ཁང་ཞིག་ཡོད་ཅེས་བཤད་མྱོང་བས། དེ་གའི་ཡུལ་མི་ཚོས་ལམ་བསྟན་པ་ལྟར། ལུང་པ་དེད་ནས་གབ་ཏོག་ཤྭ་བ་རིའི་ཕྱོགས་སུ་སོང་།
རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་ཕྱག་རྗེས།
༼ རྒྱལ་མོ་དམུ་རྡོ་རི་བོའི་དཀར་ཆག ༽ལས། དམུ་རྡོ་གཡུང་དྲུང་སྤུངས་རྩེའི་བྱང་ནུབ་ཀྱི། །གནས་ཆེན་གཉན་རྗེ་གབ་ཏོག་ཅེས་ཀྱང་བྱ། །རིན་ཆེན་སྤུངས་པའི་རི་བོ་ཞེས་ཀྱང་བྱ། །ཤྭ་བ་རི་མཆོག་རྒྱལ་པོ་ཞེས་ཀྱང་བྱ། །གནས་མཆོག་ཤེལ་དཀར་གཡུང་རོང་ཞེས་ཀྱང་བྱ། །འདི་འདྲའི་གནས་མཆོག་ཨེ་མ་ངོ་མཚར་ཆེ། །ཚིག་འདིའི་དོན་དུ་ཁྱོད་ཀྱིས་མ་ཤེས་ན། །གཉན་རྗེ་གབ་ཏོག་གྲགས་པའི་རྒྱུ་མཚན་ནི། ། གཉན་ནི་གནས་པ་དྲག་པོ་རྩུབ་པའི་གཉན། །རྗེ་ནི་གནས་ཕྲན་རྣམས་ཀྱི་གཙོ་བོ་རྗེ། །གབ་ནི་གཞན་གྱིས་མ་མཐོང་སྦས་པའི་གབ། ། ཏོག་ནི་ཁྱད་འཕགས་གནས་རི་ཀུན་གྱི་ཏོག །དེ་ཕྱིར་གཉན་རྗེ་གབ་ཏོག་ཅེས་ཀྱང་བྱ། །རིན་ཆེན་སྤུངས་པ་ཟེར་བའི་རྒྱུ་མཚན་ནི། །གནས་ཀྱི་ཕུ་མདའ་ཉིན་སྲིབ་གར་བལྟས་ཀྱང་། །གང་དང་མི་འདྲ་ཡ་མཚན་རྨད་དུ་བྱུང་། །རིན་ཆེན་གྲམ་པ་སྤུངས་པའི་ཚུལ་དུ་ཡོད། །དེ་ཕྱིར་རིན་ཆེན་སྤུངས་པ་ཞེས་ཀྱང་བྱ། །ཤྭ་བ་རི་ཞེས་བཏགས་པའི་རྒྱུ་མཚན་ནི། །སྔོན་ཚེ་འཆི་མེད་དྲན་པ་ཡབ་སྲས་གསུམ། བསམ་ཡས་མཆིམ་ཕུག་གསང་བའི་ཀེའུ་ཚང་ལ། །བཀའ་བརྒྱད་ཚོམ་བུ་དགུ་འདུས་དཀྱིལ་འཁོར་གྱི། །སྒྲུབ་པའི་ཞལ་ཕྱེས་གསང་དོན་སྦྱོར་བའི་ཚེ། །གནས་འདིའི་ཀླུ་བཙན་རྒྱལ་པོ་བྱ་བ་དེ། །ཉིན་པར་རི་དྭགས་ཤྭ་བའི་གཟུགས་སུ་སྟོན། །མཚན་མོར་མི་སྲུན་ལྷ་འདྲེའི་ཆས་སུ་ཞུགས། ། རོང་ཁམས་མི་ལ་སྡུག་བསྔལ་ནད་ཆར་ཕབ། །མི་ཕྱེད་ཁོ་ཡིས་ལྟོ་རུ་མིད་པ་བྱས། །དེ་ལ་བླ་ཆེན་དྲན་པ་ཡབ་སྲས་ཀྱིས། །ཏིང་འཛིན་འོད་གསལ་གཉུག་མའི་སྤྱན་གྱིས་གཟིགས། །སྐད་ཅིག་ཐོགས་མེད་རྫུ་འཕྲུལ་ཆེན་པོ་ཡིས། །འབྲུག་ཁྱུང་སེང་གསུམ་སྤྲུལ་ནས་གནས་འདིར་བྱོན། །ཤེལ་གྱི་རྡོ་རིང་དཀར་པོའི་རྩེ་རུ་འབབ། །འབྲུག་སྐད་ལྡིར་ལྡིར་ཁྱུང་སྐད་ཙེར་ཙེར་དང་། །སེང་སྐད་སེང་སེང་སྒྲ་དབྱངས་སྒྲོག་པའི་ཚེ། །ཀླུ་བཙན་རྒྱལ་པོ་ཤྭ་བར་སྤྲུལ་ནས་བྲོས། །བྲོས་ནས་དབང་མེད་ཐུགས་རྗེའི་སྟོབས་ཀྱིས་གཟིར། །རིག་མཆོག་དྲན་པ་ཡབ་སྲས་ལ་སོགས་ཏེ། །གྲུབ་ཐོབ་རིག་འཛིན་མཁའ་འགྲོ་མང་པོ་ཡིས། །ཞབས་བཅགས་སྨོན་ལམ་རྒྱ་ཆེན་བཏབ་ནས་བཞག །དེ་ཕྱིར་ཤྭ་བ་རི་ནི་ཞེས་ཀྱང་བྱ། །ཤེལ་དཀར་གཡུང་རོང་བྱ་བའི་རྒྱུ་མཚན་ནི། །ཤེལ་གྱི་རྡོ་རིང་དཀར་པོ་མངོན་པ་ནི། །རི་བྲག་གཞན་དང་མི་འདྲ་ཁྱད་པར་འཕགས། །ཤེལ་དཀར་མདངས་བཞིན་གསལ་ཕྱིར་ཤེལ་དཀར་བྱ། །གཡུང་ནི་གཡུང་དྲུང་བོན་གྱི་རྒྱུད་སྡེ་ཡི། །གཏེར་ཁ་ཟབ་མོ་ཡོད་པས་གཡུང་ཞེས་བྱ། །རོང་ནི་རི་བྲག་གཞན་ལས་རོང་བས་རོང་། དེ་ཕྱིར་ཤེལ་དཀར་གཡུང་རོང་ཞེས་ཀྱང་བྱ། །ཞེས་པ་ལྟར། རྒྱལ་མོ་དམུ་རྡོར་སྐུ་ལྷ་བཞི་དང་གཉན་ཆེན་བཞི་ཡོད་པ་ལས། གབ་ཏོག་ཤྭ་བ་རི་ནི་གཉན་ཆེན་བཞིའི་ཡ་གྱལ་ཞིག་ཡིན་པ་དང་། རིན་ཆེན་སྤུངས་པའི་རི་བོ་དང་ཤྭ་བ་རི་མཆོག་རྒྱལ་པོ། གནས་མཆོག་ཤེལ་དཀར་གཡུང་རོང་ཞེས་པ་ནི་མིང་གི་རྣམ་གྲངས་ཡིན་ལ། དེ་ལྟར་འབོད་པའི་རྒྱུ་མཚན་ཡང་གསལ་པོར་བཤད་ཡོད་པར་མ་ཟད། བེེ་རོ་ཙ་ན་སོགས་སྐྱེས་ཆེན་དམ་པ་རྣམས་རི་བོ་དེར་བྱོན་ཏེ་གཏེར་སྦས་ཚུལ་ཡང་བཀོད་འདུག །
རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་དུས་ཀྱི་རྟ་འདོགས་ས།
ཁྱུང་རི་དང་དྲན་རྟེན་ཁང་ཡོད་སའི་རི་གཉིས་བར་གྱི་ལུང་པ་བརྒྱུད་དེ་རི་སྐེད་ཙམ་ལ་སླེབས་རྗེས། དེའི་གཡས་ཕྱོགས་སུ་སྤྱི་ལེ་གསུམ་ཙམ་སོང་ཙ་ན། གབ་ཏོག་ཤྭ་བ་རིའི་རི་རྒྱུད་ཀྱི་ཉག་ག་ཞིག་ཏུ་སླེབས། དེ་ནས་རླངས་འཁོར་མི་ཐར་ཡང་རི་མགོར་ཡར་འགྲོ་ས་དང་། རི་གདོང་ལ་མར་འགྲོ་སའི་རྐང་ལམ་ཕྲ་མོ་རེ་སྣང་། བྲག་ཐོག་ཏུ་བཞེངས་པའི་ལྷ་ཁང་ཡོད་སའི་ཕྱོགས་གང་ཡིན་མ་ཤེས་ཏེ། ཅི་ལས་འདི་ལས་མེད་པར་ལྷག་དུས། གློ་བུར་དུ་ལམ་འགྲམ་གྱི་ཤིང་ཕུང་གི་ཡལ་གར་རླུང་རྟ་བཏགས་ཡོད་པ་མཐོང་མ་ཐག་དེའི་ཕྱོགས་སུ་སོང་། ནགས་ཚལ་དུ་རྐང་ལམ་ཕྲ་མོ་ཞིག་རོང་བྲག་རྫོང་གི་ཕྱོགས་སུ་བསྲིངས་འདུག་པ་དང་། གཡས་གཡོན་གཉིས་ཀར་རླུང་རྟ་དཀར་སེར་དམར་ལྗང་མང་པོ་བཏགས་ཡོད་པས། ལྷ་ཁང་མཇལ་དུ་འགྲོ་བའི་ལམ་དེ་ཡིན་པར་ཐག་བཅད་དེ་སོང་བ་ཡིན། རྒྱུས་མེད་དབེན་འཇགས་ཀྱི་ཡུལ་དུ་རླུང་རྟ་ནི་འགྲོ་ཕྱོགས་སྟོན་པའི་ལམ་ཡིག་ལྟ་བུ་ཞིག་རེད།
རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་ཞབས་རྗེས།
སྐབས་འགར་གྱེན་དུ་འཛེགས་ཤིང་མཚམས་རེར་ཐུར་དུ་བབ་ནས་འགྲོ་དགོས་པའི་ལམ་དེར། བར་བར་དུ་ཤིང་སྡོང་གཉིས་གསུམ་ཙམ་གྱི་ཟམ་པ་ཕྲ་མོ་ཡང་འདུག །ཆུང་དུས་སུ་ལ་བརྒྱབ་ཐུར་བབ་བྱས་མྱོང་བ་དང་ད་ལྟ་རི་ཆུ་མཇལ་བར་དགའ་བའི་ང་ལ་མཚོན་ན། འགྲོ་ལམ་ཀྱག་ཀྱོག་ཏུ་སྔོ་ལྗང་ལྗང་གི་རྩྭ་རྩི་ཤིང་དང་། ཁྲ་ཆེམ་ཆེམ་གྱི་མེ་ཏོག་སྣ་ཚོགས་མིག་ལམ་དུ་བཀྲ་བ་དང་། རླུང་བུ་བསིལ་བསིལ་དང་བྱིའུ་སྐད་ཀྱུར་ཀྱུར་རྣ་ལམ་དུ་གྲགས་པས། ལུས་ཀྱི་དཀའ་ངལ་བསལ་ཞིང་སེམས་ཀྱི་སྒྲིབ་པ་དག་སྣང་ཤར། མི་མང་འདུས་པའི་དབུས་སུ་ང་ཚོ་ནི་རང་གི་ལྟ་གྲུབ་ཀྱི་བཙོན་རར་ཚུད་དེ། ངའོ་སྙམ་པའི་ང་རྒྱལ་ལས་ཐར་མི་ཐུབ་མོད། རི་སྟོང་ལུང་སྟོང་དུ་སོང་ན་ད་གཟོད་མིང་དོན་གྱི་ཁུར་པོ་ཕབ་སྟེ། བསམ་བློ་རྒྱ་ཡན་དུ་གཏོང་ཆོག་པས་ལུས་བདེ་ལ་སེམས་སྐྱིད་པ་ཞིག་རེད། དེ་འདྲའི་སྣང་བ་སྐྱིད་པོས་ལུས་སེམས་དྲངས་ཏེ་ཆུ་ཚོད་ཕྱེད་ཀ་ལྷག་ཙམ་སོང་རྗེས་རི་གདོང་ཞིག་གི་རྩར་སླེབས། རི་གདོང་དེ་ནས་བྲག་རྫོང་ཆེན་པོ་ཞིག་མཐོང་བ་དང་དེའི་འོག་གི་གཡས་གཡོན་གཉིས་ལ་ལྷ་ཁང་རེ་ཡོད་པ་དངོས་སུ་མཇལ་དུས། ཀྱག་ཀྱོག་གི་འགྲོ་ལམ་དེའང་རྒྱ་ཆེ་ལ་འགྲོ་བདེ་བ་ལྟ་བུར་ཆགས་སོང་།
རླུང་བསེར་བུ་འགམ་ན་འདོད་ཆགས་ཉམས། ཆུ་ཆེན་པོ་མཐོང་ན་ཞེ་སྡང་ཞུམ། རྩྭ་རྩི་ཤིང་རིག་ན་གཏི་མུག་སངས། རི་མཐོན་པོ་མཇལ་ན་ང་རྒྱལ་ཞི། ཐང་ཡངས་མོར་སོང་ན་ཕྲག་དོག་ཉམས། ཕྱག་འཚལ་བཞིན་བསྐོར་ན་སྒྲིབ་པ་དག་ཅེས་པའི་ལྟ་བ་ནི་རང་བྱུང་ཁམས་ལས་གྲུབ་ཅིང་། རི་ཆུ་ཀླུང་གསུམ་གྱིས་གསེད་འགྲོལ་བྱེད་བཞིན་ཡོད་པ་ཚོར།
སྒང་པ་བོད་མི་ཚོའི་ལུགས་ལྟར་ན། དགོན་པའམ་གནས་རི་མཐོང་སར་རྡོ་ཡི་ལ་བཙས་དང་། ཡང་ན་རྡེའུ་ཡི་མཆོད་པ་ཡོད་སྲིད་མོད། རི་གདོང་དེ་ན་ཅི་ཡང་མི་འདུག་པས། ངས་ལམ་འགྲམ་གྱི་རྡེའུ་སྤར་བ་གང་བཏུས་ཏེ་ལམ་ལྟག་ཏུ་སྤུངས་རྗེས། དེའི་ཐོག་ལ་གསོམ་ཤིང་གི་ཡལ་ག་ཞིག་བཙུགས་ཏེ་མཆོད་པའི་དོད་དུ་ཕུལ་བ་ཡིན། གཅིག་བྱས་ན་ཕྱིན་ཆད་མི་རྣམས་ཀྱིས་དེའི་ཐོག་ལ་རྡེའུ་རེ་རེ་བཞག་སྟེ་ལ་བཙས་ཆེན་པོ་ཞིག་ལ་ཆགས་ནའང་ཐང་། བྲག་རྫོང་གི་ཞབས་ལ་བྲག་ཕུག་ཆེན་པོ་ཞིག་སྣང་། དེའི་གཡས་ཕྱོགས་ཀྱི་བྲག་རྡོ་ཆེན་པོ་ཞིག་གི་ཐོག་ལ་ལྷ་ཁང་ཞིག་བཞེངས་འདུག །དེ་ནི་བྲག་རྡོ་དང་ལྷན་གཅིག་ཏུ་འདྲེས་པ་ལྟ་བུ་ཞིག་རེད། ཤིང་སྐས་ཕྲ་མོ་ཞིག་ལ་འཛེགས་ཏེ་ནང་ལ་སོང་མ་ཐག ཕྱོགས་བཞིའི་གྱང་ངོས་སུ་སྟོན་པ་གཤེན་རབ་མི་བོ་ཆེ་གཙོ་བོར་བྱས་པའི་ལྡེབས་རིས་མང་པོ་མཇལ་རྒྱུ་སྣང་མོད། གྱང་ལ་གས་སྲུབས་སོང་བས་ལྡེབས་རིས་ལའང་སྐྱོན་ཕོག་འདུག །ལྷ་ཁང་དེའི་རྒྱབ་ལའང་བྲག་ཕུག་ཆེན་པོ་ཞིག་ཡོད་པ་དང་། བྲག་ངོས་སུ་མཚལ་དམར་པོས་གཡུང་དྲུང་བོན་ཞེས་པའི་ཡིག་འབྲུ་དང་། བོན་པོའི་སྐོར་གྱི་རི་མོ་འགའ་ཡང་སྣང་། དེ་ནས་ཕར་ཅུང་ཙམ་སོང་རྗེས་རི་གདོང་གི་བྲག་རིའི་ངོས་སུ་ཡང་ལྷ་ཁང་ཞིག་འདུག །
ཤིང་སྐས་ཕྲ་མོ་ཞིག་བཙུགས་ཡོད་པ་དེ་ལ་འཛེགས་ནས་ནང་ལ་སོང་ན། དེའི་ནང་དུ་ཡང་ལྡེབས་རིས་མང་པོ་འདུག །ཆེད་མཁས་པ་རྣམས་ཀྱིས་ལྡེབས་རིས་དེ་དག་ནི་མིང་རྒྱལ་རབས་དུས་ཀྱི་ཡིན་པར་བཤད།
ཚོན་མདོག་སྔོན་པོ་དང་ལྗང་ཁུ། དཀར་པོ། ནག་པོ་གཙོ་བོར་བྱས་པའི་ལྡེབས་རིས་ཀྱི་ངོས་སུ་མི་སྣ་སོ་སོས་ཕྱག་རྒྱ་འདྲ་མིན་སྣ་ཚོགས་བཅས་པ་དང་། ལ་ལ་ཞི་ཞིང་དུལ་ལ། འགའ་ཞིག་ཁྲོ་ཞིང་སྡང་བ་བཅས་གསོན་ཉམས་དོད་པ་ཞིག་རེད། ལྡེབས་རིས་ཀྱི་ཕྱོགས་བཞིར་གླང་པོ་ཆེ་དང་སེང་གེ། འབྲུག །སྤྲུལ། མེ་ཏོག་སོགས་ཀྱི་རི་མོ་རྣམ་པར་བཀྲ་བ་ཡིས། བྲེལ་བྲེལ་གྱིས་འོངས་ཤིང་འཚབ་འཚུབ་ཀྱིས་འགྲོ་བའི་མི་རྣམས་ལ་བསུ་སྐྱེལ་བྱེད་བཞིན་ཡོད་པ་དང་འདྲ། རྒྱ་ཡིག་གི་ནང་དུ་དེ་གཉིས་ལ་བར་སྣང་དུ་དཔྱངས་པའི་དགོན་རྙིང་ཞེས་བྲིས་འདུག་པས། ངས་ཀྱང་དགོན་པ་ཞིག་ཡིན་རྒྱུ་རེད་བསམས་མོད། དོན་དུ་བོན་པོ་རྣམས་ཀྱི་མཚམས་སྒྲུབ་སའི་མཚམས་ཁང་རེད་འདུག་ལ། ལོ་རྒྱུས་དང་སྒྱུ་རྩལ་གྱི་རིན་ཐང་ཡོད་མེད་ནི་བཤད་མ་དགོས་པ་ཞིག་རེད།
ང་མཚམས་ཁང་གི་ཕྱི་ལ་བུད་དེ་བྲག་ཁར་ལངས་དུས། གཡས་གཡོན་གྱི་ནགས་ཚལ་ནི་གོས་སྐུ་བཤམས་སྟོན་བྱེད་པ་ཞིག་དང་འདྲ་ལ། ལུང་པ་ནས་ལྡང་བའི་བསིལ་རླུང་འཇམ་པོ་ནི་གླུ་ཚིག་མེད་པའི་གླུ་དབྱངས་ཤིག་དང་མཚུངས། བན་བོན་གྱི་ལོ་རྒྱུས་དང་སྐྱེས་ཆེན་ཚོའི་རྣམ་ཐར། རང་རིགས་ཀྱི་དར་རྒུད་ཤེས་མཁན་ཞིག་ཡིན་ན། གླུ་དབྱངས་དེར་ཉན་ཤེས་པ་ལས། དེ་མིན་ཚོ་ལ་རང་བྱུང་ཁམས་ཀྱི་གང་སར་རྒྱུ་བའི་རླུང་བུ་ཙམ་རེད།
མི་མང་ཤོས་ཀྱི་མི་ཚེ་ནི་ས་ཁུག་ལུང་ཁུག་ཏུ་ཕྲག་དོག་དང་ཞེ་སྡང་གིས་རྫོགས་ཀྱང་། མཁས་གྲུབ་དམ་པ་རྣམས་འཇིག་རྟེན་འཁོར་བའི་འདུ་འཛི་ལ་སྐྱོ་ཤས་སྐྱེས་པས་ཡོད་ཚད་བློས་བཏང་སྟེ། འདི་ལྟ་བུའི་དབེན་སའི་མཚམས་ཁང་དུ་སྒོམ་སྒྲུབ་ལ་ཞུགས་པ་ཡིས། མི་རིགས་ཀྱི་ལོ་རྒྱུས་མདུན་དུ་སྐྱོད་པ་ལ་ཕན་མི་ཐོགས་ཞེས་པ་བདེན་དུ་སྲིད་མོད། མིའི་རིགས་ཀྱི་ལོ་རྒྱུས་རིག་གནས་ཁྲོད་དུ་ཚང་མ་ལ་མཐོ་ལྟ་བྱེད་ས་ཞིག་མེད་ན། དེའང་ཉེན་ཁ་ཞིག་རེད་འདོད།
ཕྱི་ནས་བལྟས་ན་བཤད་རིན་མེད་ཀྱང་། ནང་ལ་མཇལ་ན་བཤད་ཐབས་མེད་པའི་མཚམས་ཁང་ཆུང་ངུ་དེ་གཉིས། ལ་ལ་ཡིས་རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་ཕ་ཡུལ་དུ་ལོག་རྗེས་བསྡུས་པའི་སློབ་མ་ཡེ་ཤེས་ཚུལ་ཁྲིམས་དང་། རིན་ཆེན་ཚུལ་ཁྲིམས་གཉིས་ཀྱིས་ཐོག་མར་བཞེངས་པ་རེད་ཟེར། འགའ་ཤས་ཀྱིས་གཡུང་དྲུང་ལྷ་སྟེང་དགོན་ཆེན་གྱི་དུས་སུ་བོན་པོའི་བླ་མ་ཞིག་གི་མཚམས་ཁང་རེད་ཟེར།
རྗེ་མཉམ་མེད་ཤེས་རབ་རྒྱལ་མཚན་ཕ་ཡུལ་དུ་ལོག་ནས་ཟླ་བ་འགའ་ཤས་བཞུགས་རྗེས་ཕྱིར་ཕེབས་རན་དུས་འཕྲིན་ཡིག་ཅིག་བཞག་ཡོད་པ་དང་། དེའི་ནང་ལ་ཁོང་གི་སློབ་མ་གཉིས་དང་མཉམ་དུ་གྲོང་པའི་རི་མགོའི་དབེན་སར་ལྷ་ཁང་ཞིག་བཞེངས་དགོས་ཚུལ་གསུངས་ཡོད་པ་ལྟར་ན། རྒྱལ་རོང་གི་སློབ་མ་གཉིས་ཀྱིས་བཞེངས་པ་ཡིན་སྲིད། ལར་གབ་ཏོག་ཤྭ་བ་རི་ལ་མཚམས་ཁང་མང་པོ་ཡོད་མྱོང་ཚུལ་ལ་བལྟས་ན། མཚམས་ཁང་དེ་གཉིས་ནི་གཡུང་དྲུང་ལྷ་སྟེང་དགོན་ཆེན་གྱི་གདམས་ངག་ལ་ཉམས་ལེན་ཡོད་པ། སེམས་ཅན་ལ་སྙིང་རྗེ་ལྡན་པ། སྒྲུབ་པ་ལ་བརྩོན་འགྲུས་ཆེ་བ། སྒོམ་པ་ལ་སྙིང་རུས་མཆིས་པའི་བོན་པོའི་སྐྱེས་ཆེན་མང་པོའི་སྐུ་མཚམས་གཅོད་སའང་ཡིན་ངེས།
རི་ཡག་མོ་མཆོད་པ་ཕུལ་བ་འདྲ་བའི་དབེན་གནས་སུ། བྲག་ཡག་མོ་པོ་ཏི་བརྩིགས་པ་འདྲ་བ་དང་ལྷན་དུ། ལོ་རྒྱུས་ཀྱི་གསང་བ་སྦས་ཤིང་བོན་པོ་ཡི་དར་རྒུད་རུམ་པའི་ལྷ་ཁང་དེ་གཉིས་ད་བར་ཡིག་འབྲུའི་ཕྲེང་བར་བསྒྲིགས་ཏེ། འཇིག་རྟེན་མི་རྣམས་ཀྱི་མིག་ལམ་དུ་བཀྲམ་པ་ཉུང་བས། ངས་ད་ཐེངས་ལུས་ཀྱིས་མཇལ།
སེམས་ཀྱིས་བཀླགས་རྗེས་མེ་ཏོག་ཆུང་ཡང་མཆོད་རྫས་སུ་རུང་བ་ཞིག་བན་བོན་གཉིས་ཀྱི་དྲུང་དུ་འབུལ་དགོས་བསམས་ཏེ་ཕྱིར་ལོག་དུས། སྟེགས་ཅོག་ལུང་པའི་ཁ་ལ་རི་མགོ་ནས་ཤག་ཤག་ཏུ་འབབ་པའི་རྦབ་ཆུ་ཞིག་ཡོད་པ་མཐོང་། རྦབ་ཆུའི་ཕྱོགས་གཉིས་ལས་གཅིག་ནི་གཡུ་འབྲུག་འཁྱུག་པ་དང་། གཅིག་ནི་རུས་སྦལ་ནུར་བ་དང་འདྲ་བས་འབྲུག་དང་རུས་སྦལ་རྦབ་ཆུ་ཞེས་མིང་ཐོགས་པ་རེད་ཟེར་ཡང་། ངས་ཅི་འདྲ་བལྟས་ཀྱང་རྦབ་ཆུ་ལྷུང་སའི་བྲག་རྡོ་དེ་ནི། རུས་སྦལ་ཆེན་པོ་ཞིག་གིས་ནུར་འགྲོས་བྱེད་པ་དང་ཧ་ཅང་འདྲ་བ་ལས། གཡུ་འབྲུག་དང་འདྲ་བ་ཞིག་མཐོང་མ་བྱུང་། སྐབས་དེར་གློ་བུར་དུ། ཨེ་མ། དེ་ལས་ཀྱང་ཉམས་དགའ་བ་ནི། མདུན་ཕྱོགས་ཀྱི་བྲག་ངོས་གཟར་བོ་ན། ཆིལ་ཆིལ་དུ་འབབ་པའི་རྦབ་ཆུ་རེད་ཅེས་པའི་ཚིག་དེ་དྲན་བྱུང་། རྒྱབ་ལ་རི་བོ་མཐོན་པོ་ཞིག་དང་། མདུན་ལ་བྲག་ངོས་གཟར་མོ་ཞིག །ཞབས་ལ་ལུང་པ་རིང་མོ་ཞིག་ཡོད་པས་རྦབ་ཆུ་ལ་གཞི་ནས་ལང་ཚོ་རྒྱས་ཤིང་བཞུར་ལམ་རིང་བ་ལྟར། ང་ཚོ་ལའང་ཕུ་ན་ཆུ་འགོ་ཡོད་ཀྱང་མདའ་ལ་ཆུ་རྐ་མེད་ན། ཆུ་བརྒྱ་མ་ལུས་མཉམ་དུ་ཇི་ལྟར་འདུས་ཨང་བསམས་ཏེ། བྱ་རྒྱལ་ཁྱུང་ཆེན་ཞིག་གིས་གཤོག་འགྱུར་རྩེན་མྱོང་བའི་ནམ་མཁའ་ལ་ལྟ་བཞིན་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འགྲམ་དུ་ལོག་གོ །