དར་རྒྱས་ཡར་འཕེལ་གྱི་འཆར་འགོད་བཟོས་ནས་ཕྱུག་པོར་ཆགས་པའི་ཡུལ་སྡེ་འཛུགས་སྐྱོང་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 08-05



དར་རྒྱས་ཡར་འཕེལ་གྱི་འཆར་འགོད་བཟོས་ནས་ཕྱུག་པོར་ཆགས་པའི་ཡུལ་སྡེ་འཛུགས་སྐྱོང་བྱས།
གྲོང་ཞིང་སྡེ་བའི་གནས་སྤོ་ས་ཚུགས།


དཔལ་ཡུལ་རྫོང་གྲོང་ཁུལ་ནས་རྒྱལ་སྲུང་གཞུང་ལམ215པ་བརྒྱུད་དེ་སྤྱི་ལེ7ཙམ་སོང་ན་འབྲི་ཆུ་ཡུལ་ཤོག་གྲོང་ཞིང་གྲོང་སྡེའི་གཅིག་སྡུད་གནས་སྤོ་བྱ་ཡུལ་དུ་སླེབས་ཤིང་།

མཛེས་སྡུག་ཞི་མཐུན་དང་བདེ་སྐྱིད་བདེ་སྡོད་ཀྱི་ཞིང་སྡེ་གསར་པའི་རྣམ་པ་ཡག་པོ་ཞིག་གསར་འགོད་པའི་མིག་ལམ་དུ་ཤར་བ་སྟེ། བོད་ཀྱི་ཁྱད་ཆོས་ལྡན་པའི་ཁང་གསར་གྲལ་སྟར་འགྲིག་པ་དང་ཁོད་སྙོམས་ཨར་འདམ་ལམ་བུ་རྒྱལ་སྲུང་གཞུང་ལམ210པ་ལ་སྦྲེལ་མཐུད་བྱས་ཤིང་། དུད་ཚང་སོ་སོའི་ཁང་པའི་མདུན་རྒྱབ་ཀུན་ཏུ་ལྗོན་ཤིང་དང་མེ་ཏོག་སྣ་ཚོགས་ཀྱིས་ཁེངས། ནང་དུ་ཁྱིམ་སྤྱོད་གློག་ཆས་འདྲ་མིན་བསྒྲིགས་འདུག་པས་ཡུལ་མིའི་གདོང་ལས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར།

ཉེ་བའི་ལོ་ཤས་རིང་།གྲོང་ཞིང་སྡེ་བས་སྲིད་སྐྱོང་དང་ཁྲིམས་སྐྱོང་། སྤྱོད་སྐྱོང་།རང་སྐྱོང་བཅས་ནི་ལས་དོན་གྱི་ཤུགས་རྒྱག་སར་བཟུང་ནས་ཏང་འཛུགས་སྐྱོང་དང་མཛེས་སྡུག་གི་ཡུལ་སྡེ་ཟུང་དུ་འབྲེལ་བའི་དཔེ་སྟོན་འཛུགས་སྐྱོང་བྱེད་སྟངས་ལ་དམིགས་ཏེ་ཏང་ཀྲི་པུའུ་ཡིས་སྣེ་ཁྲིད་བྱས་པ་དང་།མང་ཚོགས་ཀྱིས་བྱ་བ་བསྒྲུབས་པ།ཁྲིམས་སྐྱོང་འཛུགས་པ།ཁོར་ཡུག་མཛེས་པོ་བྱས་པ། སྤྱོད་ཚུལ་བཟང་པོ་སྤེལ་བ། འཚོ་བ་ལེགས་བཅོས་བཅས་བྱས་ནས་མང་ཚོགས་ཀྱིས་མཛེས་སྡུག་ཞི་མཐུན་དང་བདེ་སྐྱིད་བདེ་སྡོད་བཅས་ཀྱི་ཞིང་སྡེ་གསར་པ་འཛུགས་སྐྱོང་བྱས་པའི་ནང་ཞུགས་རྒྱུར་སྐུལ་སློང་བྱས་ཏེ་མི་དམངས་བདེ་སྡོད་ལས་བརྩོན་དང་སྤྱི་ཚོགས་བརྟན་ལྷིང་།གོ་རིམ་ལྡན་པ་བཅས་ཀྱི་གྲོང་སྡེ་བཅོས་སྐྱོང་གི་རྣམ་པ་གསར་པ་ཞིག་ཆགས་ཡོད་པ་རེད།

ཆབ་སྲིད་ཀྱིས་སྣེ་ཁྲིད་དེ་ཡུལ་སྡེ་དར་རྒྱས་གཏོང་རོགས་བྱས།

འབྲི་ཆུ་ཡུལ་ཤོག་གྲོང་ཞིང་སྡེ་བ་ནི་རི་མཐོན་གྲོག་རོང་ཁུལ་དུ་གནས་ཡོད་ཅིང་།འབྲི་ཆུ་ཡུལ་ཤོག་སྲིད་གཞུང་དང་སྤྱི་ལེ53རྒྱང་བ་དང་། གྲོང་སྡེ་ཡོངས་ལ་དུད་ཚང13གྱི་མི60ཡོད་པའི་ནང་ནས་དུད་ཚང་དབུལ་ཕོངས4ཡི་མི་འབོར་དབུལ་ཕོངས20ཡོད། དཔལ་འབྱོར་ཡོང་འབབ་གཙོ་བོ་ནི་དབྱར་རྩྭ་དགུན་འབུ་དང་།ཤ་མོའི་རིགས།ནས་དང་ཉུང་མ། གྲོ་བཅས་སྔོག་འཐུ་བྱ་རྒྱུར་བརྟེན་དགོས་ཀྱི་ཡོད། ས་བབ་ཀྱི་གནས་ཡུལ་ཐག་རིང་ལུང་ཁུག་དང་རང་བྱུང་ཆ་རྐྱེན་ཞན་པ།ས་གཤིས་ཀྱི་གནོད་འཚེ་ཐོན་མང་བ།རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཡིན་པ་བཅས་ཀྱི་དབང་གིས་ཕྱོགས་གཅིག་གི་ས་ཆུས་ཕྱོགས་དེའི་མི་གསོ་མི་ཐུབ་པ་དང་།གནམ་ལ་བརྟེན་ནས་འཚོ་བ་སྐྱེལ་བ་ནི་གྲོང་ཞིང་སྡེ་བས་འཚོ་བ་སྐྱེལ་སྟངས་སུ་གྱུར་ཡོད། 2018ལོར་དཔལ་ཡུལ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་བརྟག་ཞིབ་ཐེངས་མང་བྱས་པར་མ་ཟད།ཞིང་འབྲོག་མང་ཚོགས་ཀྱི་བསམ་འཆར་བསྡུ་ལེན་བྱས་ཏེ་ཡུལ་གཞན་དུ་གནས་སྤོས་དང་གཅིག་གྱུར་འཆར་འགོད་ཀྱིས་བཀོད་སྒྲིག་བྱ་རྒྱུའི་གཏན་འབེབས་བྱས།2019ལོའི་སྤྱི་ཟླ10པར་གྲོང་སྡེ་ཡོངས་གཞན་ཡུལ་དུ་གནས་སྤོ་མངོན་འགྱུར་བྱུང་ཡོད།

གནས་སྤོ་བྱས་རྗེས། གྲོང་ཞིང་སྡེ་བས་མང་ཚོགས་གང་དུ་སྤོས་ན་ཏང་འཛུགས་སྐྱོང་གིས་དེར་སྣེ་ཁྲིད་བྱེད་པའི་རྩ་དོན་ལྟར། མང་ཚོགས་ཀྱིས་འོས་སྦྱོར་དང་ཏང་ཀྲི་པུའུ་འདེམས་སྒྲུག རྫོང་གིས་དོ་དམ་ཟུང་དུ་འབྲེལ་བའི་བྱེད་ཐབས་སྤྱད་དེ་ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང“གཉིས་ཁྲིད”ཀྱི་འཇོན་ནུས་ཡོད་པའི་ཏང་ཡོན་ལས་བྱེད་པ་ཁག་གཅིག་གྲོང་སྡེའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་ནང་འདེམས་སྒྲུག་བྱས་ནས་གྲོང་སྡེ་རིམ་པའི་ཏང་རྩ་འཛུགས་དང་གྲོང་མིའི་ཨུ་ལྷན།གྲོང་སྡེའི་སྡེ་ཚོགས་ཀྲི་པུའུ།གྲོང་སྡེའི་བུད་མེད་འཐུས་མི་ཚོགས་པ།“གསར་པ་གཉིས”ཀྱི་རྩ་འཛུགས་སོགས་ལ་གཅིག་ཅར་དུ་སྐུལ་འདེད་བཏང་སྟེ་གནས་སྤོས་བཀོད་སྒྲིག་བྱ་ཡུལ་གྱི་དོ་དམ་མ་ལག་འཐུས་ཚང་དུ་བཏང་ནས་འ།འཛུགས་སྐྱོང་བྱེད་དགོས་རིགས་ཚང་མ་འཛུགས་སྐྱོང་བྱས་ཡོད། ད་སྔའི་བར་གནས་སྤོས་བཀོད་སྒྲིག་ཁུལ་དུ་ཏང་ཀྲི་པུའུ1དང་གྲོང་སྡེའི“ཨུ་ལྷན་གཉིས”ཀྱི་ལས་བྱེད་པ7དང་།གྲོང་སྡེར་བཅའ་སྡོད་ལས་དོན་རུ་ཁག་གི་མི3 ཏང་ཡོན12 ཧུར་བརྩོན་པ2 རྗེས་གྲབས་ལས་བྱེད་པ9བཅས་བཙུགས་ནས་བཀོད་སྒྲིག་ཁུལ་དུ་དོན་ཆེན་མཉམ་སྒྲུབ་དང་ལེགས་ཉེས་ཚང་མས་ཁྲུན་ཐག་གཅོད་པ།བྱ་བ་ཚང་མར་དོ་དམ་བྱེད་མཁན་ཡོད་པའི་ལས་ཀའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།

དེ་དང་ཆབས་ཅིག གྲོང་སྡེའི“ཨུ་ལྷན་གཉིས”ཀྱིས་མང་ཚོགས་ཀྱི་དགོས་མཁོ་ལ་དམིགས་ནས། “ཐོན་ཁུངས་སྡེབ་སྒྲིག་དང་མཉམ་སྐྲུན་སྤྱི་སྤྱོད”ཀྱི་རྩ་དོན་ལྟར།གྲོང་སྡེའི་ཞབས་ཞུ་ལྟེ་གནས་དང་སྨན་བཅོས་ཞབས་ཞུ་ལྟེ་གནས།ཉེན་རྟོག་ལས་སྒྲུབ་ཁང་།ཞིང་པའི་དཔེ་མཛོད་ཁང་སོགས་སྡེབ་སྒྲིག་བྱས་ཏེ།ཏང་དོན་དང་སྲིད་དོན།དམངས་སྲིད།སྨན་བཅོས།ལས་ཞུགས།གཞིས་ལས་སོགས་གཞི་གཅིག་ཅན་གྱི་གྲོང་ཞིང་སྡེའི་དམངས་བདེ་ཞབས་ཞུའི་ལྟེ་གནས་བསྐྲུན་ནས་འཛུགས་དགོས་རིགས་ཚང་མ་བཙུགས་ནས་མཉམ་འགུལ་ཞབས་ཞུ་བསྒྲུབས་ཡོད། དེ་དང་ཆབས་ཅིག“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་ཏང་ཡོན་གྱི་བརྗོད་དོན་གཙོ་བོའི་བྱེད་སྒོའི་ཉིན་མོར་ཏང་ཡོན་སྒྲིག་འཛུགས་བྱས་ནས་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་།གཞི་རྩའི་ལམ་ཕྱོགས།གཞི་རྩའི་ཇུས་གཞི་བཅས་སློབ་སྦྱོང་དང་དྲིལ་བསྒྲགས་བཅས་བྱས་ཏེ་ཏང་ཡོན་གྱི་སྣེ་ཁྲིད་དཔེ་སྟོན་གྱི་ནུས་པར་ཤུགས་སྣོན་རྒྱག་པ་དང་།ཏང་ཡོན་གྱིས་བྱ་བ་ཚང་མར་མིག་དཔེ་སྟོན་རྒྱུར་སྐུལ་མ་གཏོང་བ།ཞིང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བའི་སྒུལ་ཤུགས་འཕེལ་བ་བཅས་བྱས་ཡོད།

ཁྲིམས་སྐྱོང་འགན་སྲུང་ལ་བརྟེན་ནས་སྤྱི་ཚོགས་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་བཏང་།

གྲོང་ཞིང་གྲོང་སྡེའི་སྲིད་སྐྱོང་དང་ཁྲིམས་སྐྱོང་། སྤྱོད་སྐྱོང་། རང་སྐྱོང་མཉམ་འདྲེས་བཅས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་།སྤྱི་ཚོགས་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ།གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པར་སྐུལ་འདེད་མགྱོགས་མྱུར་གཏོང་བ་བཅས་བྱས་ནས་མི་སེར་ལ་བདེ་སྐྱིད་ཚོར་སེམས་དང་ཐོབ་སེམས་ཚོར་དུ་བཅུག་ཆེད།གྲོང་སྲོལ་དམངས་ཆིངས་བཟོས་ནས་ཁྲིམས་སྐྱོང་རིག་གནས་ཀྱི་བར་ཁྱམས་དང་ཁྲིམས་སྐྱོང་གླིང་གའི་ཐང་ཆེན་བསྐྲུན་ནས་ཁྲིམས་སྐྱོང་གི་གཞི་རྒྱུ་དང་གྲོང་སྡེའི་རྣམ་པ་ཕན་ཚུན་སྤེལ་རེས་ཐུབ་པར་བྱས་ཡོད།

གྲོང་སྡེའི་ཏང་ཀྲི་པུའི་ཧྲུའུ་ཅི་བཀྲ་ཤིས་དོན་གྲུབ་ཀྱིས་སྤོབས་པ་ཆེན་པོས“སྔོན་ཆད་ང་ཚོ་རྫོང་གི་གྲོང་ཁུལ་དང་སྤྱི་ལེ50ལྷག་ཙམ་རྒྱང་བའི་རི་མགོར་འཚོ་གནས་བྱས་ནས་ཡོད།ཁ་བ་བབས་དུས་བགྲོད་ལམ་བཀག་པ་དང་།འགྲིམ་འགྲུལ་སྟབས་མི་བདེ་བ།སྡོད་གནས་ཁ་ཐོར་བཅས་ཡིན། རྫོང་དང་ཡུལ་ཤོག།གྲོང་སྡེ་བཅས་རིམ་པ་གསུམ་གྱི་རྩ་འཛུགས་ཀྱི་ཁྲིམས་སྐྱོང་སྒྲོག་འགྲེལ་ཚོགས་ཆུང་དུད་ཚང་དུ་བཅའ་ཁྲིམས་དང་ཁྲིམས་སྲོལ་སྒྲོག་འགྲེལ་བྱེད་པར་སླེབས་ཡོད་མོད།འོན་ཀྱང་ཕན་འབྲས་ཆེན་པོ་ཐོབ་མེད་པ་དང་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་དེ་ཙམ་ཡག་པོ་མེད་པས་དུས་རྒྱུན་འཛིང་རེས་རྒྱག་རེས་བྱས་པའི་གནས་ཚུལ་མང་པོ་བྱུང་། ད་ལྟ་ང་ཚོ་འདིར་གནས་སྤོས་བྱས་རྗེས་ཞིབ་མོ་བློ་ཡིས་བསྐྲུན་པའི་གྲོང་སྡེའི་ཁྲིམས་སྐྱོང་རིག་གནས་ཀྱི་ཁྱམས་རིང་དང་།ཁྲིམས་སྐྱོང་རིག་གནས་ཐང་ཆེན།ཁྲིམས་སྐྱོང་རིག་གནས་གྱང་བཅས་ཀྱིས་ཞིང་འབྲོག་མང་ཚོགས་ཀྱི་ལས་ཞོར་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་ལ་སྤྲོ་གསེང་དུས་སུ་བཅའ་ཁྲིམས་དང་ཁྲིམས་སྲོལ།སྒྲིག་སྲོལ་ལམ་ལུགས།དེ་བཞིན་ལས་དོན་སྒྲུབ་རིམ་བཅས་ཀྱང་སློབ་སྦྱོང་བྱས་ཆོག་པས་ཞིང་འབྲོག་མང་ཚོགས་ཀྱི་ཁྲིམས་སྦྱོང་ཁྲིམས་སྲུང་ཁྲིམས་སྤྱོད་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་ནས་གྲོང་སྡེ་བཅོས་སྐྱོང་ལ་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།མང་ཚོགས་ཀྱི་ཁྲིམས་སྐྱོང་སློབ་གསོར་སྔར་བས་ཤུགས་སྣོན་རྒྱག་ཆེད།གྲོང་ཞིང་གྲོང་སྡེས་ད་དུང་རྫོང་ཡོངས་སུ་སྤེལ་བཞིན་པའི“མེ་མདའ་བཟུང་ནས་འབར་གཏོར་བྱེད་པ་དང་།མི་བསད་གྱོད་གཞི་བཅོས་སྐྱོང་བྱེད་པ།ནག་ཚོགས་གཤེད་འཇོམ”སོགས་ཀྱི་ཆེད་དོན་བཅོས་སྒྲིག་བྱེད་སྒོ་དང་དེ་བཞིན་གྲོང་སྡེར་བཅའ་ཁྲིམས་ཁྱབ་གདལ་གཏོང་བ། ཞིང་དུད་ལ་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་གྲོང་སྡེ་བཅོས་སྐྱོང་བྱེད་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས་ཡ་རབས་ཚུལ་ལྡན་གྱི་གྲོང་སྡེའི་སྤྱོད་ཚུལ་ལེགས་སུ་བཏང་བ་དང་བཅོས་སྐྱོང་ཆུ་ཚད་མཐོ་རུ་བཏང་སྟེ་སྤྱི་ཚོགས་བཅོས་སྐྱོང་གི་ཐབས་ལམ་གསར་པར་བསྐྱོད་ཡོད། ཞིང་འབྲོག་མང་ཚོགས་ཀྱིས་ནག་ཚོགས་མི་ངན་དང་འབྲེལ་བ་མེད་པ་དང་།ལོག་ཆོས་རྨོངས་དད་ལ་ཡིད་ཆེས་མི་བྱེད་པ།“འཆལ་རྒྱན་དུག་གསུམ”དང་མི་འདྲེས་པ།གྲོང་སྡེ་ཡོངས་ལ་ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་དང་ཁྲིམས་ལྟར་བྱ་བ་སྒྲུབ་པའི་ཁྲིད་སྟོན་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་བཏང་ཡོད། ད་ལོའི་སྤྱི་ཟླ་དང་པོ་ནས་བཞི་པའི་བར་དཔེ་མཚོན་གྱོད་དཔེ་ཆེད་དོན་པར་གཞི་ཐེངས8བསྟན་པ་དང་།ཁྲིམས་སྐྱོང་སྒྲོག་འགྲེལ་ཐེངས16བྱས་པ།བཅའ་ཁྲིམས་གསལ་པོ་ཤེས་མཁན་གསོ་སྦྱོང་ཐེངས6བྱས་ཡོད།

ཡུལ་སྡེ་བཅོས་སྐྱོང་ཡག་པོ་བྱས་པའི་གསོན་ཤུགས་ངར་སློང་བྱས།

གྲོང་ཞིང་གྲོང་སྡེའི “རང་སྐྱོང་གཞི་མ”དང“ཁྲིམས་སྐྱོང་རྩ་བ” “སྤྱོད་སྐྱོང་སྔོན་འགྲོ”བཅས་རྒྱུན་འཁྱོངས་བྱས་ནས་ཚད་མཐོན་པོའི་སྤྱོད་ཚུལ་བཅོས་སྐྱོང་གི་སློབ་གསོས་བློ་འགུག་པའི་ནུས་པ་གཙིགས་སུ་བཟུང་ནས། “བཞི་སྐྱོང་སློབ་ཐུན”སྐྱེད་སྲིང་དང་།ཤུགས་ཆེན་པོས“བཞི་སྐྱོང”མཉམ་འདྲེས་སྐུལ་སྤེལ་བཏང་། གྲོང་སྡེའི་དངོས་ཡོད་གནས་ཚུལ་གཞིར་བཟུང་ནས། རྒྱལ་གཅེས་ཁྲིམས་སྲུང་དང་གཞུང་དྲང་དོན་ལྡན། ཡུལ་སྲོལ་སྒྱུར་བ། ཁྱིམ་སྲོལ་སློབ་གསོ། ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་དཔྱད་བསྡུར་དམིགས་ཡུལ་ཞིབ་ཕྲ་བྱས་པ་དང་། “སྐར་དམར་ལས་འཛིན་གྲོས་ཚོགས”“ཀུན་སྤྱོད་དཔྱད་བསྡུར་གྲོས་ཚོགས” “གྲོང་མིའི་གྲོས་དོན་གྲོས་ཚོགས” “དུག་དང་རྒྱན་འཇོག་འགོག་པའི་གྲོས་ཚོགས”“གྲོས་ཚོགས་བཞི”བཅས་ལེགས་སྒྲིག་དང་ཕུན་སུམ་ཇེ་ཚོགས་སུ་བཏང་། 《གྲོང་སྡེའི་སྒྲིག་སྲོལ》འཐུས་ཚང་དང་། གྲོང་མིའི་རང་སྐྱོང་དང་ཀུན་སྤྱོད་འཛུགས་སྐྲུན་ལ་ཤུགས་བསྣན་ནས་ཡུལ་སྲོལ་ལེགས་སྒྱུར་བྱས་པའི་ལས་དོན་ཏན་ཏིག་བསྒྲུབས་པར་བརྟེན། ཕྱོགས་ཡོངས་དང་རིམ་པ་མང་བའི་གཞི་རིམ་སྤྱི་ཚོགས་ཀྱི་བདག་སྐྱོང་རྣམ་པ་ཆགས་ཡོད།

ཚེ་དབང་སྒྲོལ་མས་གྲོང་སྡེའི་འགྱུར་ལྡོག་གླེང་སྐབས།མོས་སྤོབས་པ་ཆེན་པོས་སྔོན་ཆད་རི་མགོར་འཚོ་སྡོད་བྱེད་སྐབས་སྙིགས་སྒམ་མེད་པ་དང་གྲོང་མིའི་ཐོན་སྐྱེད་དང་འཚོ་བའི་གད་སྙིགས་གང་སར་གཏོར་ཡོད་པས།ཁོར་ཡུག་འབག་བཙོག་བྱས་པར་མ་ཟད་འཕྲོད་བསྟེན་ལ་ཡང་གནོད་པ་བྱུང་། ད་ལྟ་ང་ཚོ་ཁང་པ་གསར་བའི་ནང་དུ་གནས་སྤོ་བྱས་པ་ནས་བཟུང་གྲོང་སྡེ་ནང་གི་ཁྱིམ་ཚང་རེ་རེར་ར་སྐོར་མདུན་གྱི་འགན་ལེན་གསུམ་ལག་བསྟར་བྱས་པས། རང་ཉིད་ཀྱི་ཁང་པའི་ཕྱི་ནང་ཐམས་ཅད་གཙང་ཞིང་གྲ་འགྲིག་ལ་ཁམས་དྭངས་པ་དང་གྲོང་པ་ཡང་མཛེས་སྡུག་ལྡན་པར་གྱུར་ཡོད།

ཞིང་འབྲོག་མང་ཚོགས་ཀྱི་ལོ་མང་པོའི་རིང་གི་གོམས་གཤིས་ངན་པ་ལེགས་སྒྱུར་གཏོང་ཆེད། གྲོང་ཞིང་གྲོང་སྡེའི་ཐོན་སྐྱེད་དང་འཚོ་བའི་གད་སྙིགས་སྒྱུར་བཀོད།འཚོ་བའི་ཆུ་བཙོག་བཅོས་སྐྱོང་། གྲོང་སྡེའི་རྣམ་པ་ཇེ་ཡག་གཏོང་བའི་བཅོས་སྐྱོང་གི་ཁ་ཕྱོགས་གཏན་ཁེལ་བྱས་ནས། གྲོང་སྡེའི་སྒྲིག་སྲོལ་དང་གྲོང་མིའི་ཚོགས་ཆེན།འདུ་ཚོགས་ཀྱིས་གཙོ་བོ་བྱས་པའི་ཆིངས་གཅིག་ཚོགས་འདུ་གཉིས་ཀྱི་ལམ་ལུགས་བཙུགས། གྲོང་མི་ཚོར་བདག་པོའི་ཐོབ་ཐང་སྟེང་ནས་གྲོང་སྡེའི་ལས་དོན་མཐའ་དག་ལ་ཞུགས་སུ་བཅུག་པ་དང་། རང་གིས་རང་ལ་སློབ་གསོ་གཏོང་བ་དང་རང་གིས་རང་ལ་བདག་གཉེར་བྱེད་པ། རང་གིས་རང་ལ་ཞབས་འདེགས་བྱེད་པ་བཅས་བརྒྱུད་ནས་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་གོམས་གཤིས་སྐྱེད་སྲིང་ཡག་པོ་བྱེད་པར་སྣེ་ཁྲིད་བྱས།

འབྲི་ཆུ་ཡུལ་ཤོག་གྲོང་ཞིང་གྲོང་སྡེའི་གྲོང་མི་རྒན་པ་ཨ་དགའ་ལགས་ཀྱིས་བཤད་དོན། སྔོན་ཆད་རི་མགོར་སྡོད་སྐབས་གློག་མེད་ལ་གཞུང་ལམ་མི་ཐར་བ།འཐུང་ཆུ་ཡང་ལུང་ཁུག་ཏུ་ལེན་སར་འགྲོ་དགོས་པར་བརྟེན།འཚོ་བ་ལ་དཀའ་ངལ་ཆེ་བར་མ་ཟད་ག་ས་གང་དུ་བཙོག་ཟིང་ཞན་གསུམ་གྱི་རྣམ་པ་རེད།ད་ལྟ་ཏང་དང་སྲིད་གཞུང་གིས་འཛུགས་སྐྲུན་བྱས་པའི་ཁང་པ་གསར་པའི་ནང་དུ་སྤོ་སྡོད་བྱས་པས། རང་འབབ་ཆུ་དང་གློག་ཁྱིམ་དུ་ཁྲིད་པ་དང་། ཁྱིམ་སྤྱོད་གློག་ཆས། རླངས་འཁོར་བཅས་ཉོས་པས་གྲོང་པ་ཇེ་ཡག་དང་འཚོ་བ་ཡར་རྒྱས་སུ་སོང་།ང་ཚོའི་མི་རབས་འདི་ལ་འདི་ལྟ་བུའི་འཚོ་བ་རོལ་ཐུབ་པ་ནི་བསམ་ཡུལ་ལས་འདས་ཤིང་། ཏང་དང་སྲིད་གཞུང་ལ་བཀའ་དྲིན་ཆེ་ཞུས་རྒྱུ་ཡིན།སྐད་ཆ་འདི་ལས་གྲོང་པ་ཡོངས་ཀྱིས་གནས་གཞན་ལས་སྤོ་སྐྱོད་བྱས་པའི་དབུལ་སྐྱོར་མང་ཚོགས་ཡོངས་ཀྱི་སེམས་འདུན་མཚོན་ཡོད།

ད་ལྟའི་གྲོང་ཞིང་གྲོང་སྡེ་ནི་བགྲོད་ལམ་གཙང་ལ་གྲལ་འགྲིག་པ་དང་།རྩི་ཤིང་དང་མེ་ཏོག་གི་ཁོ་ལག་རྫོགས་ཅིང་། ཁོར་ཡུག་གཙང་སྦྲ་ལེགས་བཅོས་མངོན་གསལ་དོད། ཁྲིམས་སྐྱོང་གི་འདུ་ཤེས་མིའི་སེམས་གཏིང་ལ་ཟུག་པ་དང་།ཡ་རབས་ཚུལ་ལྡན་གྱི་གྲོང་སྲོལ་དང་གྲོང་སྡེར་སྔར་མེད་གྱི་རྣམ་པ་མངོན་པས། དཔལ་ཡུལ་རྫོང་གི་གནས་གཞན་ལས་སྤོ་སྐྱོད་བྱེད་པའི་དཔེ་མཚོན་དང་། ཡུལ་སྡེ་དར་རྒྱས་ཀྱི་ཚབ་མཚོན། སྤྱི་ཚོགས་བདག་སྐྱོང་གི་ཚད་ཤིང་དུ་གྱུར་དང་འགྱུར་བཞིན་ཡོད་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1