ལྷ་རྒྱལ་གླིང་གིས་གླང་རྔ་བསྡུ་མགོ་བརྩམས།

ཆོས་རྒྱས རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་བོད་ཡིག་གསར་འགྱུར། སྤེལ་དུས། 08-05


    ཟླ་8པའི་མགོར། ཧུང་ཡོན་རྫོང་ལྷ་རྒྱལ་གླིང་གྲོང་རྡལ་སྐྱ་སྡང་སྡེ་བའི་ཞིང་བ་ཚོ་གླང་རྔ་བསྡུ་བ་མགོ་བརྩམས་ཤིང་། ཞོགས་པ་སྔ་མོ་ནས་ཞིང་བ་ཚོས་ཞིང་ཁ་རུ་གླང་རྔ་ལེན་པ་དང་ཕར་སྐྱེལ་ཚུར་སྐྱེལ་གྱི་ལས་ལ་ཁོམ་གྱི་མི་འདུག ཞིང་བ་ཀྲང་གིས་དགའ་སྤྲོ་ཆེན་པོས་བཤད་རྒྱུར། ད་ལོ་གླང་རྔ་སྐྱེས་པ་ཤིན་ཏུ་བཟང་ལ། གླང་རྔར་ལོ་ལེགས་བྱུང་བས་ཐོན་འབྲས་ཆེན་པོ་ལོན་ཡོད་ཞེས་བཤད།
    ལྷ་རྒྱལ་གླིང་གི་ཁོངས་སུ་རི་བོ་དང་རྩྭ་ཐང་། ན་འདམ། མཐོ་སྒང་གི་ས་བབ་གཙོ་བོ་ཡིན་ལ། སྐམ་སའི་རང་བཞིན་གྱི་མཐོ་སྒང་གི་དུས་རླུང་ནམ་གཤིས་ཡིན་ལ། ཆ་སྙོམས་མཚོ་ངོས་ལས་མཐོ་ཚད་སྨི3300ཡས་མས་ཡིན། ལོ་གཅིག་གི་ཆ་སྙོམས་དྲོད་ཚད་ཏུའུ་1.4ཡིན་ལ། དྲོད་ཚད་ཆེས་དམའ་ཤོས་ནི་ཀླད་ཀོར་མན་གྱི་ཏུའུ་36ཡིན། ཉིན་མཚན་གཉིས་ཀྱི་དྲོད་ཁྱད་ཧ་ཅང་ཆེ། ས་མཐོ་ས་དང་ཉི་འོད་ཆེ་ས། དྲོད་ཚད་དམའ་ས་རུ་སྐྱེས་ཡུན་རིང་མོད། ལྗང་མདོག་གི་ཁོར་ཡུག་ནས་སྐྱེས་པའི་གླང་རྔ་ནི་མདོག་ཡག་ཅིང་ཞིམ་པར་མ་ཟད། ཕུན་སུམ་ཚོགས་པའི་འཚོ་བཅུད་འདུས་ཡོད་པས། གནོད་མེད་ལྗང་མདོག་སྔོ་ཚལ་ངོ་མ་ཡིན། ཁོར་ཡུག་གི་དབང་གིས་གླང་རྔའི་སྤུས་ཀ་བཟང་བ་དང་། ཁྲོམ་རའི་རིན་གོང་ཡང་ཤིན་ཏུ་བཟང་། ཁྲེང་ཏུའུ་དང་མེན་དབྱང་སོགས་ཉེ་འཁོར་གྲོང་ཁྱེར་གྱི་སྔོ་ཚལ་ཁྲོམ་རའི་ཚོང་བྲིན་ཤོས་ཀྱི་ཚོང་ཟོག་ཡིན།
    གླང་རྔའི་འདེབས་འཛུགས་དང་དོ་དམ། བསྡུ་ལེན་སོགས་ཀྱི་གོ་རིམ་དུ་ངལ་རྩོལ་བ་མང་པོ་དགོས་ཀྱི་ཡོད་ལ། གླང་རྔའི་ཞིང་ཁ་རུ་བྲེལ་གྱིན་པ་ཚང་མ་ཡུལ་འདིའི་སྡེ་དམངས་ཡིན། ཁ་ཚོས་རང་གི་སྒོ་ཁ་རུ་ལས་ཀ་རེག་ཅིང་ཡོང་སྒོ་བཙལ་ཐུབ་པས། ལྷ་རྒྱལ་གླིང་གྲོང་རྡལ་གྱི་ཞིང་འབྲོག་ཐོན་ལས་སྒྲིག་གཞིར་སྙོམས་སྒྲིག་ལེགས་པོ་བྱུང་ཡོད།

    རྒྱུས་ལོན་པ་ལྟར་ན། ལྷ་རྒྱལ་གླིང་གྲོང་རྡལ་གྱི་ཞིང་བ་མང་ཤོས་ཀྱི་ཐོན་ལས་གཙོ་བོ་ནི་གླང་རྔ་འདེབས་འཛུགས་ཡིན་ལ། ད་ལོར་གྲོང་རྡལ་གྱི་གླང་རྔ་འདེབས་འཛུགས་ཀྱི་རྒྱ་ཁྱོན་མུའུ1767ཟིན་ཡོད་ལ། སྔོན་དཔག་ལྟར་ན་མུའུ་རེ་ནས་སྒོར15000ཡས་མས་ལོན་རྒྱུ་རེད།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1