མཚོ་འཕགས་སྨི4200ཡོད་པའི་སེར་ཤུལ་རྫོང་དུ་ཚེ་རིང་ཆོས་སྐྱིད་ཀྱིས་བདེ་དྲོད་ཁེངས་པའི་ཁྲིམས་དཔོན་བྱ་རྒྱུར་རྒྱུན་འཁྱོངས་བྱས།
ཚེ་རིང་ཆོས་སྐྱིད་ཀྱིས་ལས་གྲོགས་དང་མཉམ་དུ་གྱོད་དོན་དབྱེ་ཞིབ་བྱེད་བཞིན་པ།
ཁྱེད་ཀྱིས་ང་དང་ངའི་ཕྲུ་གུ་སྐྱོབ་པར་དཀའ་དྲིན་ཆེ། ཁྱེད་ཡོད་ཚེ་ངས་དོན་དག་ཅི་བྱུང་ནའང་མི་སྐྲག”ཚེ་རིང་ཆོས་སྐྱིད་ནི་སེར་ཤུལ་རྫོང་གི་བུད་མེད་ཁྲིམས་དཔོན་ཞིག་ཡིན་ཞིང་། ཤ་སྐམ་གཟུགས་སྟོབས་ཆུང་བའི་མོ་ཡིས་ནུས་ཤུགས་ཡོད་རྒུས་ཁྲིམས་སྐྱོང་གི་ཁྲི་གདུགས་ཆེན་པོ་ཕུབ་ནས་དགོས་མཁོ་ཡོད་མཁན་ཚང་མར་ཆར་རླུང་བཀག་དང་འགོག་བཞིན་ཡོད་པ་རེད། མོས་དཔུང་མགོ་ཆུང་ཆུང་གིས་དྲང་བདེན་གྱི་འགན་འཁྲི་ཁུར་ཞིང་། བྱམས་གཅེས་ཀྱི་སེམས་པ་བཅངས་ནས་བདེ་དྲོད་བརྒྱུད་སྤེལ་བྱས་ཏེ་མཚོ་འཕགས་སྨི4200ཡོད་པའི་གངས་ལྗོངས་མཐོ་སྒང་དུ་ཁྲིམས་སྐྱོང་གི་འོད་སྟོང་འཕྲོ་རུ་བཅུག
གྱོད་དོན་འདི་ཐོ་འགོད་བྱས་རྗེས། ང་ཚོས་ཡུལ་དངོས་སུ་བཅར་འདྲི་དང་བརྟག་དཔྱད་བྱས་ནས་ཤེས་རྟོགས་བྱུང་བ་ལྟར་ན། བུད་མེད་ལ་མངའ་ཆགས་ཡོད་པའི་གནས་ཚུལ་གསལ་པོ་ཤེས་བཞིན་དུ་ཁྱོ་གས་ད་དུང་ཉེས་རྡུང་བཏང་བར་མ་ཟད། གཉེན་སྒྲིག་གི་འབྲེལ་བ་རྒྱུན་མཐུད་བྱས་ནས་ཡོད་པའི་སྐབས་སུའང་ཁྱོ་གས་བུད་མེད་ཀྱིས་མོས་མཐུན་མ་བྱས་པར་ཐུན་མོང་གི་རྒྱུ་ནོར་བཙོང་ཡོད་ལེ་རེད། ང་ཚོས་འདོད་ཚུལ་ཅི་འདྲ་འཛིན་དགོས་རེད་ཅེ་ན། སྤྱི་ཟླ6པའི་ཚེས17ཉིན་གསར་འགོད་པ་སེར་ཤུལ་རྫོང་མི་དམངས་ཁྲིམས་ཁང་དམངས་དོན་འདྲི་གཅོད་ཐིང་གི་གཞུང་ལས་ཁང་དུ་སྐྱོད་སྐབས་ཚེ་རིང་ཆོས་སྐྱིད་ཀྱིས་ཚང་མ་སྒྲིག་འཛུགས་བྱས་ནས་གྱོད་གཞིར་གྲོས་བསྡུར་བྱེད་བཞིན་འདུག
གྱོད་གཞིའི་གནས་ཚུལ་ངོ་སྤྲོད་དང་རྩོད་གཞིའི་གཙོ་གནད་ཟིན་བྲིས། དོན་དངོས་རྩད་གཅོད་གསལ་པོ་བྱ་དགོས་པའི་ཕྱོགས་བསྡུས་སོགས་ཀྱི་ཐད་ཚེ་རིང་ཆོས་སྐྱིད་ཀྱིས་ནག་པང་ཐོག་རེ་རེ་བཞིན་ཟིན་ཐོ་བཀོད་པ་རེད། བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་སྐོར་གྱི་གྱོད་དོན་ལ་གྲོས་བསྡུར་བྱེད་ཐེངས་རེར་ཁོ་མོའི་སེམས་པ་ཧ་ཅང་སྐྱོ་བ་རེད།
ལོ་ཁ་ཤས་ཀྱི་སྔོན་དུ་ས་ཁོངས་དང་སྲོལ་རྒྱུན་གོམས་གཤིས་ཀྱི་ཤུགས་རྐྱེན་ཐེབས་པར་བརྟེན།ཐག་རིང་ལུང་ཁུག་གི་འབྲོག་ཁུལ་དུ་བུད་མེད་ཀྱི་ཁེ་དབང་ལ་གནོད་འཚེ་ཐེབས་པའི་དོན་རྐྱེན་ངེས་མེད་དུ་བྱུང་བ་རེད། ང་ཆེས་ཡིད་སྐྱོ་བ་ཞིག་ནི་བུད་མེད་མང་ཆེ་བས་ཁོ་ཚོ་ལ་ཁེ་དབང་གང་དག་ཡོད་པ་གཏན་ནས་མི་ཤེས་པར་མ་ཟད། བཅའ་ཁྲིམས་ཀྱི་ལག་ཆ་སྤྱད་དེ་རང་ཉིད་ལ་སྲུང་སྐྱོང་བྱ་རྒྱུ་ནི་དེ་བས་ཀྱང་བཤད་ལོན་མེད་པ་རེད། གནད་དོན་དེའི་སྐོར་གླེང་སྐབས། ཆོས་སྐྱིད་ཀྱིས་དབུགས་རིང་འབྱིན་ནས་ཅི་བྱ་གཏོལ་མེད་དུ་གྱུར་པ་དང་ཆབས་ཅིག སྐྱོ་སེམས་ཚད་མེད་སྐྱེ་རྒྱུ་ལས་མ་འདས་པ་རེད།
“ངས་ངེས་པར་དུ་ས་གནས་དེ་གའི་བུད་མེད་ལ་ཅི་ཞིག་བཅའ་ཁྲིམས་ཡིན་པ་དང་ཅི་ཞིག་ཁེ་དབང་ཡིན་པ་ཤེས་སུ་འཇུག་རྒྱུ་ཡིན ”ཞེས་པ་འདི་ནི་ཚེ་རིང་ཆོས་སྐྱིད་ཀྱིས་རང་ལ་བཞག་པའི་དམ་བཅའ་རེད། 2019ལོར་ཆོས་སྐྱིད་ཀྱིས་རང་དང་བསམ་ཚུལ་གཅིག་མཚུངས་ཡོད་པའི་བུད་མེད་ལས་རོགས་ཚོར་“དྲང་བདེན་གངས་ལྷ་མེ་ཏོག ”ཅེས་པའི་གྱོད་དོན་སྒྲུབ་གཉེར་ཚོགས་པ་འཛུགས་རྒྱུའི་འབོད་སྐུལ་བྱས་ཤིང་། “མི་ཚེའི་ཉེན་མེད་སྲུང་སྐྱོང་གི་བཀའ་རྒྱ”ཡོངས་བསྒྲགས་བྱས་ནས་ལད་ཟློས་ཁྲིམས་ར་དང་བུད་མེད་ཁྲིམས་དཔོན་གྱི་སྙིང་གཏམ་སོགས་ཀྱི་བྱེད་ཐབས་སྤྱད་དེ་གྲོང་སྡེ་དང་དུད་ཚང་དུ་བསྐྱོད་ནས《བུད་མེད་ཀྱི་ཁེ་དབང་འགན་སྲུང་བཅའ་ཁྲིམས》དང《སྐྱེ་བོ་ལོ་ན་མ་སོན་པ་སྲུང་སྐྱོང་གི་བཅའ་ཁྲིམས》སོགས་ཀྱི་བཅའ་ཁྲིམས་ཤེས་བྱ་དྲིལ་བསྒྲགས་བྱས་པ་དང་འབྲེལ་བཅའ་ཁྲིམས་ཐད་ཀྱི་གྲོས་དྲིས་ཞབས་ཞུ་ཡང་མཁོ་འདོན་བྱས་པ་རེད།
ཆོས་སྐྱིད་ཀྱི་ལས་རོགས་མཱ་ལི་ལིས་ན་ནིང་ང་ཚོས་བྱིས་པའི་གསོ་རྟེན་སྐོར་གྱི་གྱོད་གཞི་ཞིག་ཐག་གཅོད་བྱས་ཡོད། ཁྱོ་ཤུག་གཉིས་བཟའ་ཚང་འཐོར་ཡོད་ལེ་རེད། གྲོས་མཐུན་བཞག་པ་ལྟར་ན། ཕྲུ་གུ་ཨ་མ་དང་མཉམ་པོ་འཚོ་བ་རོལ་རྒྱུ་བྱས། ཁྱོ་གས་ཟླ་རེར་ཕྲུ་གུ་ལ་གསོ་རྟེན་དངུལ་སྒོར600རེ་སྤྲོད་དགོས་མོད། འོན་ཀྱང་ལོ་གསུམ་གྱི་ནང་དུ་ཁྱོ་གས་གསོ་རྟེན་གཏན་ནས་སྤྲད་མེད་པ་རེད། ང་ཚོས་དྲིལ་བསྒྲགས་དང་ཁ་ཏ་སློབ་སྟོན་བྱས་པར་བརྒྱུད། བུད་མེད་ཀྱིས་བཅའ་ཁྲིམས་ཀྱི་ཐབས་ལམ་ལ་བརྟེན་ནས་ཁེ་དབང་སྲུང་སྐྱོང་བྱ་རྒྱུའི་ཐག་བཅད་པ་དང་། ཆོས་སྐྱིད་ཀྱིས་ཁོ་མོར་སྟབས་བདེའི་ཐབས་ལམ་བསྟན་ནས་འཕྲལ་མར་གྱོད་གཞི་འདི་སྒྲུབ་གཉེར་བྱས་པ་རེད། མཐར་གྱོད་གཞི་འདི་འདུམ་འགྲིག་གྲུབ་འབྲས་ཐོབ་ནས་ཚང་མའི་གདེང་འཇོག་ཡག་པོ་བྱས་པ་རེད་ཅེས་བཤད།
སྨྱུག་འཛིན་པས་ཚེ་རིང་ཆོས་སྐྱིད་ཀྱི་རྗེས་སུ་འབྲངས་ནས་འབུམ་རྙིང་ཡུལ་ཤོག་གི་གྱོད་གཞིའི་དོ་བདག་རྡོ་རྗེ་ལྷ་མོར་བཅར་འདྲི་བྱེད་སྐབས། ལྷ་མོའི་ཁྱིམ་གྱི་དངོས་ཡོད་གནས་ཚུལ་ལ་བསམ་གཞིག་བྱས་ནས་ཆོས་སྐྱིད་དང་ལས་རོགས་ཀྱིས་ད་དུང་ཕྲུ་གུ་དང་རྒན་རྒོན་ཚོར་ས་གདན་དང་ཟ་སྣུམ། འབྲས། རྩེད་ཆས་བཅས་བྱིན་པ་རེད། དེ་སྔ་ཁྱོ་གས་ལྷ་མོར་ཉེས་རྡུང་དང་གཤེ་གཤེ་གཏོང་ཐེངས་མང་པོ་བྱས་མྱོང་། རྒྱུ་རྐྱེན་ནི་བཅའ་ཁྲིམས་མི་ཤེས་པའི་དབང་གིས་མོས་བཟོད་སྒོམ་ཆེན་པོ་བྱེད་ཀྱི་ཡོད། ཆོས་སྐྱིད་ཀྱི་གནས་ཚུལ་དེ་ཤེས་རྗེས་མོའི་ཁྱིམ་དུ་ཐེངས་མང་བསྐྱོད་ནས་ཁ་ཏ་སློབ་སྟོན་བྱས་པར་བརྒྱུད། ལྷ་མོ་གཞི་ནས་བཅའ་ཁྲིམས་ཀྱི་ཐབས་ལམ་བརྒྱུད་ནས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་ཡོད་པ་རེད།
ཚེ་རིང་ཆོས་སྐྱིད་ཀྱིས་ད་ལོ་ང་ཚོའི་དམིགས་འབེན་ནི་ཉུང་མཐར་ཡང་ས་གནས་དེ་གའི་བུད་མེད་བརྒྱ་ཆ40ལ་ཁྲིམས་སྦྱོང་དང་ཁྲིམས་ཤེས། ཁྲིམས་སྤྱོད་བཅས་བྱེད་དུ་འཇུག་རྒྱུ་ཡིན་ཞེས་བཤད། མིག་སྔའི་བར་ཚེ་རིང་ཆོས་སྐྱིད་ཀྱི་རིམ་རྩིས་བྱས་ན་གསོ་སྐྱོང་དང་བཟའ་ཚང་ཁ་བྲལ་གྱི་གྱོད་གཞི170ལྷག་ཙམ་སྒྲུབ་འགན་འཁུར་བ་དང་གྱོད་གཞི་ནོར་འཁྲུལ་ཅན་གཅིག་ཀྱང་མེད་པ་དང་ཕྱིར་སློག་བསྐྱར་ཞིབ་བྱས་མེད་པ། 2019ལོའི་སྤྱི་ཟླ11པར་མོ་ལ་རྒྱལ་ཡོངས་ཀྱི་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་བྱེད་པའི་སྔོན་ཐོན་མི་སྒེར་གྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། ཚང་མས་བྱམས་བརྩེའི་ངང་གངས་ལྗོངས་མཐོ་སྒང་གི་བཀྲག་མདངས་འཚེར་ཤོས་ཀྱི་ཁྲིམས་རྟགས་ཞེས་བསྔགས་བརྗོད་ཀྱི་ཡོད།
ལས་དོན་བསྒྲུབས་ནས་ལོ13རིང་ཚེ་རིང་ཆོས་སྐྱིད་ཀྱིས་ཁྲིམས་སྐྱོང་གི་ཉི་ཟེར་རྩྭ་ཐང་ཡོངས་སུ་ཁྱབ་བཅུག་པའི་དུས་མཚུངས་སུ། སྤྱི་ཕན་བརྩོན་སེམས་ཆེ་བའི་མི་གཞན་ལ་བདེ་དྲོད་སྟེར་མཁན་གྱི་ཉི་མ་ཆུང་ཆུང་ཡང་བྱས་དང་བྱེད་བཞིན་ཡོད་པ་རེད།
2009ལོའི་ཉིན་ཞིག་ལ་མོ་གྲོང་སྡེར་འགྲོ་བའི་སྐབས་སུ། དཔུང་པ་དམར་རྗེན་ཡིན་ཞིང་སྣ་ཆུ་བཞུར་བའི་བུ་ཆུང་ཞིག་དབུལ་ཕོངས་དབང་གིས་གྱོན་གོས་མེད་པ་གངས་འཁྱགས་ཁྲོད་དུ་རྒྱུག་བཞིན་པ་མཐོང་། སྐབས་དེར་ཁོ་མོས་གལ་ཏེ་ངས་ནུས་ཤུགས་ཡོད་ཚད་བཏོན་ནས་དཀའ་ངལ་ཆེ་བའི་མང་ཚོགས་ལ་རོགས་རམ་བྱས་ཏེ་དྲོད་ཙམ་སྟེར་ཐུབ་ན་ཅི་མ་རུང་སྙམ། སེམས་བཟང་བཅངས་པ་འདིས་ཁོ་མོའི་སྤྱི་ཕན་ཕུགས་འདུན་བསླངས།
ཆོས་སྐྱིད་ཀྱིས་རོགས་བྱས་ནས་ཐུམ་འབུའི་ནད་ཕོག་པའི་ཡ་ཁྱིམ་ཨ་མར་འབྲེལ་བ་བྱས་ནས་གཤགས་བཅོས་བྱས་མཐར། ཚེ་སྲོག་ཞིག་དང་ཁྱིམ་ཚང་ཞིག་སྐྱོབ་ཡོད། གཅེས་སེམས་ཞལ་འདེབས་འབུལ་བའི་བྱེད་སྒོ་ཐེངས90སྒྲིག་འཛུགས་བྱས་པ་དང་། ཐག་རིང་ལུང་ཁུག་གི་གྲོང་སྡེའི་ཞིང་འབྲོག་པར་གཅེས་སེམས་དངོས་པོ་ཐེངས150ལྷག་ཙམ་ཞལ་འདེབས་ཕུལ་བ་དང་རོགས་སྐྱོར་དངོས་པོའི་བསྡོམས་འབོར་ཏུན400ལྷག་ཙམ་ལ་ཟིན་ཞིང་། མོའི་གཅེས་སེམས་འབུལ་རྒྱུ་དེ་མི་སེར་ཚོའི་སེམས་ནང་ཟུག་ཡོད་པ་རེད།
ཆེས་མཛེས་ཤོས་ཀྱི་སྤྱི་ཕན་མི་སྣ”དང“མང་ཚོགས་ཀྱི་ལས་དོན་མི་སྣ་བཅུ” “སྲིད་ཁྲིམས་མི་སྣ་བཟང་པོ” “བུད་མེད་བྱས་རྗེས་འཇོག་མཁན་གྱི་དཔེ་དམག”སོགས་ཀྱི་མཚན་སྙན་དེ་དག་ཚང་མ་ཚེ་རིང་ཆོས་སྐྱིད་དེ་གཞི་རིམ་མི་དངམས་ཀྱི་ཁྲིམས་དཔོན་དཀྱུས་མ་ཞིག་གིས་ལྷག་བསམ་རྣམ་དག་ངང་མཐོ་སྒང་གི་མཚོ་འཕགས་སྨི4200ཡོད་པའི་རྩྭ་ཐང་ལ་སྟེར་བའི་བདེ་དྲོད་རེད།
ཁ་དན་ལག་ལེན་བསྟར་ནས་སླར་ཡང་བསྐྱོད། ཚེ་རིང་ཆོས་སྐྱིད་ཀྱིས“དྲང་བདེན་དྲང་གཞག་གི་སྲུང་སྐྱོང་དང་སྤྱི་ཕན་གྱི་ཕུགས་འདུན་དོན་གཉེར་བྱེད་པའི་ལམ་བུའི་ཐོག་འགྱུར་ལྡོག་གཏོང་ཐབས་ནི་ཐོག་མའི་བསམ་འདུན་ཡིན”ཞེས་བློ་བརྟན་འགྱུར་མེད་ཀྱིས་དེ་ལྟར་བཤད་པ་རེད།།