ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མིང་རྟགས་བཀོད་ནས《འཛུགས་སྐྲུན་ལས་གཞིའི་ཡོམ་འགོག་དོ་དམ་སྲོལ་ཡིག》ཁྱབ་བསྒྲགས་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 08-06



        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་སྔོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆིང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མིང་རྟགས་བཀོད་ནས《འཛུགས་སྐྲུན་ལས་གཞིའི་ཡོམ་འགོག་དོ་དམ་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་པ་དང་། 2021ལོའི་ཟླ9པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།
        ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འཛུགས་སྐྲུན་ལས་གཞིའི་ཡོམ་འགོག་བྱ་བར་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད། འཛུགས་སྐྲུན་ལས་གཞིའི་ཡོམ་འགོག་བྱ་བ་དེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་ཐང་ལ་ཐད་ཀར་འབྲེལ་བ་ཡོད་པ་དང་། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་བརླིང་ལའང་འབྲེལ་བ་ཡོད། འཛུགས་སྐྲུན་ལས་གཞིའི་ཡོམ་འགོག་གི་ནུས་པ་ཆེ་རུ་གཏོང་བ་དང་ས་ཡོམ་གྱི་གནོད་འཚེའི་ཇེ་ཆུང་དུ་གཏོང་ཆེད 《སྲོལ་ཡིག》ནང་གཙོ་བོ་ཕྱོགས་ལྔའི་ཐད་ནས་འཛུགས་སྐྲུན་ལས་གཞིའི་ཡོམ་འགོག་དང་། དེའི་ལྟ་སྐུལ་དོ་དམ་ལ་སྔར་ལས་ཤུགས་སྣོན་རྒྱག་པའི་ཐད་གཏན་འབེབས་བྱས་ཡོད་པ་སྟེ། 
        གཅིག  གསར་སྐྲུན་དང་རྒྱས་སྐྲུན། བསྐྱར་བཟོ་བཅས་ཀྱི་འཛུགས་སྐྲུན་ལས་གཞིའི་ཡོམ་འགོག་གི་འགོག་སྲུང་ཚད་གཞི་ལོན་པའི་བླང་བྱ་དང་འབྲེལ་ཡོད་བྱེད་ཐབས་ཁ་གསལ་བཟོ་དགོས། 《སྲོལ་ཡིག》ནང་འཛུགས་སྐྲུན་ལས་གཞི་གསར་སྐྲུན་དང་རྒྱས་སྐྲུན། བསྐྱར་བཟོ་བཅས་བྱེད་པར་ཡོམ་འགོག་གི་འགོག་སྲུང་བཙན་ཐབས་རང་བཞིན་གྱི་ཚད་གཞི་དང་མཐུན་དགོས་པ་དང་། འཛུགས་སྐྲུན་ལས་གཞིའི་རྩད་ཞིབ་དང་ཇུས་འགོད། ལས་མགོ་ཚུགས་པ། ལས་གཞིའི་ལྟ་སྐུལ་དོ་དམ་སོགས་ཀྱི་འབྲེལ་ཡོད་ལས་ཁུངས་དང་མི་སྣས་ཁྲིམས་ལྟར་འཛུགས་སྐྲུན་ལས་གཞིའི་ཡོམ་འགོག་གི་འགན་འཁུར་དགོས་པ་དང་།  ཚད་མཐོ་བའི་ས་ཁུལ་གྱི་འགོག་སྲུང་དང་ས་ཡོམ་ལྟ་ཞིབ་འགོག་སྲུང་བྱེད་ཁུལ་གཙོ་བོའི་འཛུགས་སྐྲུན་ལས་གཞི་ཆེན་པོ་སོགས་སུ་ཡོམ་འགོག་གི་ཆེད་དོན་ལེ་ཚན་བཟོ་དགོས། འཛུགས་སྐྲུན་ལས་གཞིའི་བེད་སྤྱོད་བྱེད་ནུས་སོགས་ཀྱི་རྒྱུ་རྐྱེན་ལ་གཞིགས་ཏེ་རིགས་དབྱེ་ནས་འགོག་སྲུང་གི་ལམ་ལུགས་ལག་བསྟར་བྱ་རྒྱུ་དང་། ཚད་ལས་བརྒལ་བའི་མཐོ་རིམ་བཟོ་སྐྲུན་ལ་ཡོམ་འགོག་གི་ཞིབ་བཤེར་ཆོག་མཆན་འགོད་དགོས།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ལས་ཁུངས་ཀྱིས་ས་ཡོམ་འགོག་པའི་སྒྲིག་ཆས་ཀྱི་འབྲེལ་ཡོད་ལག་རྩལ་ཚད་གཞི་གཏན་འབེབས་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་མ་ཟད།  འབྲེལ་ཡོད་ལག་རྩལ་གྱི་བླང་བྱ་ཁ་གསལ་བཟོ་དགོས།
        གཉིས།  བསྐྲུན་ཟིན་པའི་འཛུགས་སྐྲུན་ལས་གཞིའི་ཡོམ་འགོག་གི་གསལ་འབྱེད་དང་བརྟན་གཏོང་། སྲུང་སྐྱོང་བཅས་ཚད་ལྡན་ཡོང་བ་བྱེད་དགོས་པ།《སྲོལ་ཡིག》ནང་རྒྱལ་ཁབ་ཀྱིས་འཛུགས་སྐྲུན་ལས་གཞིའི་ཡོམ་འགོག་ནུས་པར་གསལ་འབྱེད་བྱེད་པའི་ལམ་ལུགས་ལག་བསྟར་བྱ་རྒྱུའི་གཏན་འབེབས་བྱས་ཡོད། ཡོམ་འགོག་ནུས་པའི་གསལ་འབྱེད་བྱས་འབྲས་ལ་གཞིགས་ཏེ་ཡོམ་འགོག་ཇེ་བརྟན་དུ་གཏོང་དགོས་པ་མ་ཟད་བརྟན་དུ་གཏོང་བའི་རིན་ཐང་ལྡན་པ་ལ་བརྟན་དུ་གཏོང་བ་དང་། ཡོམ་འགོག་བརྟན་དུ་གཏོང་བའི་དུས་ཚོད་དང་རྗེས་མཐུད་བེད་སྤྱོད་ལོ་ཚད་སོགས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། འཛུགས་སྐྲུན་ལས་གཞིའི་ཡོམ་འགོག་གི་ལྷུ་ལག་དང་ཡོམ་འགོག་ལུང་ཤུར། ཡོམ་འགོག་གི་གས་སྲུབས། ཡོམ་འགོག་གི་སྒྲིག་ཆས་དང་ས་ཡོམ་འགོག་སའི་མཚོན་རྟགས་སོགས་ལ་ཞིབ་བཤེར་དང་ཉམས་གསོ། སྲུང་སྐྱོང་བཅས་བྱ་དགོས་པ་ལས་ལས་ཁུངས་གང་དང་སྐྱེ་བོ་སུ་ཞིག་གིས་ཀྱང་རང་འདོད་ཀྱིས་མི་འགྱུར་བ་དང་། གནོད་སྐྱོན་བཟོ་བའམ་མེད་པར་བཟོས་མི་ཆོག
        གསུམ།  གྲོང་གསེབ་ཀྱི་འཛུགས་སྐྲུན་ལས་གཞིའི་ཡོམ་འགོག་འགོག་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས། 《སྲོལ་ཡིག》ནང་གྲོང་གསེབ་ཀྱི་འཛུགས་སྐྲུན་ལས་གཞིའི་ཡོམ་འགོག་འགོག་སྲུང་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ས་ཡོམ་འགོག་པའི་རང་བཞིན་ཆེ་རུ་གཏོང་དགོས། གྲོང་གསེབ་ཀྱི་ཡུལ་མིའི་སྡོད་ཁང་དང་གྲོང་གསེབ་ཀྱི་སྤྱི་པའི་སྒྲིག་ཆས་འཛུགས་སྐྲུན་ལས་གཞིའི་ཡོམ་འགོག་སྲ་བརྟན་དུ་གཏོང་བར་སྲིད་ཇུས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་དང་།  གྲོང་གསེབ་ཀྱི་ཁང་པ་ཉེན་ཅན་བསྐྱར་བཟོ་དང་། ཡུལ་མི་གནས་སྤར་བ། གནོད་སྐྱོན་བྱུང་རྗེས་ཉམས་གསོ་བསྐྱར་སྐྲུན་བྱེད་པ་སོགས་ལག་བསྟར་བྱེད་པར་འཛུགས་སྐྲུན་ལས་གཞིར་ས་ཡོམ་སྔོན་འགོག་གི་འགོག་སྲུང་ཚད་གཞི་ལོན་པར་འགན་ལེན་བྱ་དགོས།  སྲིད་གཞུང་གིས་གྲོང་གསེབ་ལ་འཚམ་པའི་སྤྱོད་གོ་ཆོད་པའི་ཡོམ་འགོག་ལག་རྩལ་དཔེ་རིས་བཟོ་འགོད་དང་འགྲེམས་སྤེལ་བྱེད་དགོས་པ་མ་ཟད། ཁྲིད་སྟོན་ཞབས་ཞུ་དང་ལག་རྩལ་གསོ་སྐྱོང་སྦྱོང་བརྡར། དཔེ་སྟོན་ཁྲིད་སྟོན་སོགས་ལ་ཤུགས་སྣོན་རྒྱག་དགོས།
        བཞི། འགན་སྲུང་བྱེད་ཐབས་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། 《སྲོལ་ཡིག》ནང་འབྲེལ་ཡོད་ས་གནས་མི་དམངས་སྲིད་གཞུང་གིས་ས་ཡོམ་སྔོན་འགོག་བྱེད་ཐབས་སྤྱད་མེད་པའམ་ཡང་ན་ས་ཡོམ་སྔོན་འགོག་གི་བཙན་ཤེད་རང་བཞིན་གྱི་ཚད་གཞི་ལོན་མེད་པའི་སྡོད་ཁང་རྙིང་པའི་ཡོམ་འགོག་བརྟན་གཏོང་ལ་དགོས་ངེས་ཀྱི་སྲིད་ཇུས་རྒྱབ་སྐྱོར་བྱ་རྒྱུ་དང་། འཛུགས་སྐྲུན་ལས་གཞིའི་ཡོམ་འགོག་གི་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་དང་ལག་རྩལ་གསར་པའི་བཀོལ་སྤྱོད་ལ་རྒྱབ་སྐྱོར་བྱ་རྒྱུ། འཛུགས་སྐྲུན་ལས་གཞིའི་བདེ་འཇགས་འཕྲལ་སྡོམ་དཔྱད་དཔོག་དང་འཛུགས་སྐྲུན་ལས་གཞིའི་ས་ཡོམ་གྱི་གནོད་འཚེར་བརྟག་དཔྱད་བྱེད་པའི་ལམ་ལུགས་ཁ་གསལ་བཟོ་རྒྱུ་བཅས་ཀྱི་གཏན་འབེབས་བྱས་ཡོད།  འབྲེལ་ཡོད་འགན་ནུས་ལས་ཁུངས་ཀྱིས་ས་ཡོམ་འགོག་སྲུང་གི་བཙན་ཤེད་རང་བཞིན་གྱི་ཚད་གཞི་ལག་བསྟར་བྱས་ཚུལ་གྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་དང་། ས་ཡོམ་སྔོན་འགོག་གི་གཞི་གྲངས་ཆ་འཕྲིན་མཛོད་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་མ་ཟད་ཐོག་ཏུ་གཞི་གྲངས་མཉམ་སྤྱོད་བྱ་དགོས། ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་སྤྱོད་དབང་ཡོད་པའི་ལྟ་སྐུལ་ཞིབ་བཤེར་བྱེད་ཐབས་ཁ་གསལ་བཟོ་བ་དང་། འཛུགས་སྐྲུན་ལས་གཞིའི་ས་ཡོམ་སྔོན་འགོག་གི་འགན་འཁྲི་ཁེ་ལས་དང་ལས་གཉེར་མི་སྣའི་ཡིད་རྟོན་ཐོ་འགོད་ལམ་ལུགས་འཛུགས་དགོས།
        ལྔ།  བཅའ་ཁྲིམས་ཀྱི་འགན་འཁྲི་ཆེ་རུ་གཏོང་དགོས།《སྲོལ་ཡིག》ནང་སྲོལ་ཡིག་འདིའི་གཏན་འབེབས་ལས་འགལ་བའི་བྱ་སྤྱོད་ལ་བཅའ་ཁྲིམས་ཀྱི་འགན་འཁྲི་ནན་མོ་བཟོས་ཡོད་པ་དང་། འགན་འཁྲི་བདའ་འདེད་ལ་ཤུགས་སྣོན་བརྒྱབ་ཡོད།  ལྷག་པར་དུ་འཛུགས་སྐྲུན་ཚན་པ་དང་འབྲེལ་ཡོད་འགན་འཁུར་པར་ཆད་པ་གཅོད་ཤུགས་ཆེ་རུ་བཏང་བ་བཅས་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1