རྣམ་དཀར་ལྷ་མོས་བསྡུ་སྒྲིག་བྱས།
སྤྱི་ལོ1904ལོར། འཛམ་བུ་གླིང་གི་གློག་རྡུལ་སྦུ་གུ་ཨང་དང་པོ་དེ་དབྱིན་ཇི་རྒྱལ་ཁབ་ཀྱི་དངོས་ཁམས་རིག་པ་བ་ཧྥོ་ལའེ་མེན་གྱིས་གསར་གཏོད་བྱས། རྒྱུ་མཚན་དེའི་སྟེང་ནས་ཧྥོ་ལའེ་མེན་ལ་གསར་གཏོད་རྣམ་གྲངས་དེའི་ཆེད་ཕན་བདག་དབང་ཐོབ། འགྲོ་བ་མིའི་གློག་རྡུལ་སྦུ་གུ་ཨང་དང་པོ་གསར་གཏོད་བྱས་པ་དེས་འཛམ་བུ་གླིང་གློག་རྡུལ་གྱི་དུས་རབས་སུ་གོམ་ཁ་བསྒྱུར་བའི་སྒོ་མོ་ཕྱེས་སོང་།
གློག་རྡུལ་སྦུ་གུའི་སྐོར་གླེང་ཚེ། ཐོག་མར“ཨེ་ཏིས་ཧྲིན་ཕན་ནུས”ཞེས་པ་ནས་གླེང་དགོས་པར་འདུག །འཛམ་གླིང་ཡོངས་སུ་སྐད་གྲགས་ཆོད་པའི་གསར་གཏོད་པ་ཆེན་མོ་ཨེ་ཏིས་ཧྲིན་གྱིས་འོད་དཀར་གློག་སྒྲོན་གྱི་བཀོལ་སྤྱོད་བྱེད་ཡུན་ལ་ཞིབ་འཇུག་བགྱིས་སྐབས། གློག་ཞུའི་ཤེལ་ཏོག་ནང་གི་སོལ་སྐུད་དང་ཐག་ཉེ་སར་ལྕགས་རིགས་ལེབ་མོ་གཉིས་ཚ་ལ་བྱས་ཚེ། ཡ་མཚན་ཅན་གྱི་སྣང་ཚུལ་ཞིག་བྱུང་བ་འདི་ལྟ་སྟེ། ལྕགས་རིགས་ལེབ་མོ་དེ་གློག་ཞུའི་འབར་སྐུད་དང་ཐུག་མེད་ན་ཡང་། གལ་སྲིད་དེ་གཉིས་ཀའི་བར་དུ་གློག་གནོན་ཇེ་ཆེར་བཏང་ཚེ། གློག་ཞུའི་འབར་སྐུད་ཀྱི་སྟེང་དུ་གློག་རྒྱུན་ཞིག་ཐོན་ནས་དེ་དང་ཐག་ཉེ་སར་ཡོད་པའི་ལྕགས་རིགས་ལེབ་མོའི་སྟེང་དུ་ཕོག་ཡོང་། རྟོགས་པར་དཀའ་བའི་གློག་རྒྱུན་དེ་ནི་གང་ཞིག་ནས་ཐོན་པ་ལ་ཨེ་ཏིས་ཧྲིན་གྱིས་ཀྱང་འགྲེལ་བཤད་རྒྱག་མི་ནུས་མོད། འོན་ཀྱང་ཁོང་གིས་གོ་སྐབས་འཆོར་མེད་སྒོས་གསར་རྙེད་དེའི་ཆེད་ཁེ་ཐོ་འགོད་བྱས་ཤིང་། དེར“ཨེ་ཏིས་ཧྲིན་ཕན་ནུས”ཞེས་པའི་མིང་སྦྱར། གློག་རྒྱུན་དེ་ནི། ཤིན་ཏུ་ཚ་བའི་ལྕགས་རིགས་ལས་ཁོར་ཡུག་ལ་གློག་རྡུལ་འགྱེད་འཕྲོ་བྱས་པ་ལས་ཐོན་པ་ཡིན་པ་ཕྱིས་སུ་གཞན་གྱིས་ར་སྤྲོད་བྱས། ཡིན་ན་ཡང་ཆེས་ཐོག་མར་ཕན་ནུས་དེར་བཀོལ་སྤྱོད་བྱེད་རིན་ཡོད་པ་མ་འོངས་སྔོན་མཐོང་བྱེད་མཁན་ནི། དབྱིན་ཇིའི་དངོས་ཁམས་རིག་པ་བ་དང་གློག་ཤུགས་བཟོ་བཀོད་པ་ཧྥོ་ལའེ་མེན་ཁོང་ཉིད་རེད།
སྤྱི་ལོ་1870ལོར། ཧྥོ་ལའེ་མེན་ལོན་ཏོན་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་ཏེ་སློབ་ཆེན་དེའི་ནང་གི་དགེ་རྒན་བྱས། སྤྱི་ལོ་1877ལོར། ཁོང་ཉིད་ཅན་ཆའོ་སློབ་གྲྭ་ཆེན་མོར་ལས་ཀ་སྤར་ཏེ་དངོས་ཁམས་རིག་པ་བ་སྐད་གྲགས་ཅན་མའེ་ཁི་སི་ཝེའི་ལས་རོགས་པར་གྱུར། སྤྱི་ལོ་1885ལོར། ཧྥོ་ལའེ་མེན་ཅན་ཆའོ་སློབ་གྲྭ་ཆེན་མོའི་གློག་ཤུགས་བཟོ་སྐྲུན་གྱི་དགེ་རྒན་ཆེན་མོར་གྱུར། རྗེས་སུ་ཁོང་གིས་ཨེ་ཏིས་ཧྲིན་གྱིས་ལོན་ཏོན་དུ་བཙུགས་ཡོད་པའི་ལས་གཉེར་ཁང་དུ་བློ་འདྲི་ས་བགྱིས་ཐོག །སྐུད་མེད་གློག་གི་འཕྲིན་གཏོང་གི་ཡབ་ལྟ་བུ་སྟེ་དབྱི་ཐ་ལི་རྒྱལ་ཁབ་ཀྱི་གསར་གཏོད་པ་མཱ་ཁོ་ཉི་དང་མཉམ་ལས་སྒོས་ཞིབ་འཇུག་མཛད།
“ཨེ་ཏིས་ཧྲིན་ཕན་ནུས”ལ་ཁོང་ཉིད་སྤྲོ་བ་ཆེན་པོ་སྐྱེས། མཱ་ཁོ་ཉི་དང་མཉམ་ལས་བྱེད་པའི་ཁྲོད་དུ། བར་ཐག་རྒྱང་རིང་བའི་སྐུད་མེད་གློག་གི་འཕྲིན་གཏོང་མངོན་འགྱུར་བྱེད་ན། བློ་གཏད་ཆོག་པའི་གློག་རླབས་གསེད་ཆས་ཐིག་པོ་ཞིག་ངེས་པར་དུ་ཡོད་དགོས་པ་དེ་དེ་དུས་སུའང་ཁོང་གིས་ཚོར་ཡོད།
དོན་དམ་དུ། ཕན་ནུས་མཐོ་བའི་གློག་རླབས་གསེད་ཆས་ཤིག་བཙལ་ནས་རྙེད་ཆེད། མཱ་ཁོ་ཉི་ཁ་ཐེ་བའི་ཚན་རིག་པ་གང་མང་ཞིག་གིས་ཚོད་ལྟ་ཐེངས་གང་མང་བྱས་མྱོང་མོད། འོན་ཀྱང་དེ་ཚང་མས་འདོད་བློ་དང་མཐུན་པའི་ཕན་འབྲས་ཤིག་ལོན་མེད། སྐབས་དེར་ཧྥོ་ལའེ་མེན་གྱི་བློ་རིག་གློ་བུར་དུ་སད་དེ། “ཨེ་ཏིས་ཧྲིན་ཕན་ནུས”བེད་སྤྱད་ནས་སྤེལ་རྒྱུག་གློག་དེ་ཐད་རྒྱུག་གློག་ཏུ་བསྒྱུར་ན་གནད་དོན་དེ་ཐག་བཅད་པ་མིན་ནམ། དེ་ནས་ཁོང་གིས་མདོང་མོའི་དབྱིབས་ཀྱི་ལྕགས་རིགས་ཤིག་གིས་ཨེ་ཏིས་ཧྲིན་གྱི་ལྕགས་ལེབ་ཀྱི་ཚབ་བྱས་ཏེ། དེ་གློག་ཞུའི་འབར་སྐུད་དང་བཅས་པ་ཤེལ་གྱི་གློག་ཞུའི་ཤེལ་ཏོག་གི་ཁོག་ཏུ་བཏུམས། དེ་ལྟར་བྱས་པས་གློག་རྡུལ་བསྡུ་ལེན་བྱེད་པའི་རྒྱ་ཁྱོན་ཇེ་ཆེར་བཏང་བར་མ་ཟད། གློག་རླབས་གསེད་པའི་ཕན་འབྲས་ཀྱང་འདོད་བློ་དང་ཤིན་ཏུ་མཐུན་པ་བྱུང་།
ལྕགས་ཀྱི་མདོང་མོ་དེ་ཕོ་གློག་དང་མཐུན་པ་དང་། དེ་གློག་ཞུའི་འབར་སྐུད་དང་མཐུད་ཚེ་ད་གཟོད་གློག་རྒྱུན་རྒྱུག་ཐུབ། དེའི་ཕྱིར་ཧྥོ་ལའེ་མེན་གྱིས་ལྕགས་ཀྱི་མདོང་མོ་ལ“གློག་གི་ཕོ་སྣེ”ཞེས་བྱ་ཞིང་། གློག་ཞུའི་འབར་སྐུད་ལ“གློག་གི་མོ་སྣེ”ཞེས་བྱ། གསར་གཏོད་བྱས་པའི་དངོས་པོ་དེའི་ནུས་པ་ནི་གློག་རྒྱུན་ཕྱོགས་གཅིག་ལ་མ་གཏོགས་རྒྱུག་ཏུ་མི་འཇུག་པའི་སྟེམ་སྒོ་ཞིག་དང་ཕལ་ཆེར་མཚུངས་པས། ཧྥོ་ལའེ་མེན་གྱིས་ཐད་ཀར་དེར“སྟེམ་སྒོ”ཞེས་ཟེར་བཞིན་ཡོད། ཕྱིས་སུ་མི་རྣམས་ཀྱིས་དེར“སྟོང་སྦུག་སྣེ་གཉིས་མ”ཞེས་པའི་མིང་བཏགས།
འཛམ་གླིང་སྟེང་གི་གློག་རྡུལ་སྦུ་གུ་ཨང་དང་པོ་དེ་དེ་ལྟར་བུད་པ་དང་འབྲེལ། ཐོག་མར་སྐུད་མེད་གློག་འཕྲིན་བསྡུ་ལེན་འཕྲུལ་འཁོར་སྟེང་དུ་བཀོལ། དེ་བུད་པ་ནི་གསར་གཏོད་ཀྱི་ཁྱུ་མཆོག་ཨེ་ཏིས་ཧྲིན་དང་མཱ་ཁོ་ཉི་རྣམ་གཉིས་ཀྱི་ཞིབ་འཇུག་གི་རྨང་གཞི་དང་འབྲལ་ཐབས་མེད་ལ། ཧྥོ་ལའེ་མེན་གྱིས་ཕྱོགས་བསྡུས་ཉེར་སྤྱོད་དང་རྒྱུན་འཁྱོངས་ལྷོད་མེད་ཀྱིས་འབད་བརྩོན་བྱས་པ་དང་དེ་བས་ཀྱང་འབྲལ་ཐབས་མེད། ཚ་གློག་གི་གློག་རྡུལ་འགྱེད་འཕྲོའི་ཕན་ནུས་བེད་སྤྱད་དེ་གསར་གཏོད་བྱུང་བའི་གློག་རྡུལ་སྦུ་གུ་དེས། ཧྥོ་ལའེ་མེན་ལ་ཁྱེར་ཡོང་བ་ནི་མེ་ཏོག་དང་ཐལ་མོ་རྡེབ་སྒྲ་ཁོ་ན་ཙམ་མིན་པར། ད་རུང་དངུལ་སྒོར་མོ་དང་མཚན་སྙན་གྲགས་ཀྱང་ཡོད། སྤྱི་ལོ་1904ལོར། ཁོང་གིས་སྟོང་སྦུག་སྣེ་གཉིས་མ་གསར་གཏོད་བྱས་པའི་སྟེང་ནས་ཆེད་ཁེ་ཐོབ་པ་དང་ཆབས་ཅིག་ཏུ། དེ་གཞིར་བཞག་གིས་སྤྱི་ལོ་1929ལོར་རྗེ་སི་ཞེས་བྱ་བའི་སྐུ་དྲག་གི་གོ་གནས་ཀྱང་ཐོབ།
དེ་ཡང་དེང་གི་དུས་འདིར་ཡིན་ཡང་གློག་རྡུལ་སྦུ་གུས་སྔར་བཞིན་དུ་ནུས་པ་བསྐྱེད་ཅིང་སྐྱེད་བཞིན་ཡོད། དཔེར་ན་ངོ་བོའི་ཐད་ནས་བལྟས་ན། བརྙན་འཕྲུལ་སྟེང་གི་བརྙན་འཆར་ཤེལ་སྦུག་དེ་ཡང་གློག་རྡུལ་སྦུ་གུའི་རིགས་ཤིག་རེད། ཁྱིམ་སྤྱོད་རླབས་ཕྲན་ཐབ་ཀའི་ནང་ནས་རླབས་ཕྲན་ཐོན་པར་བྱེད་པའི་ལྷུ་ལག་གཙོ་བོ་དེའང་གློག་རྡུལ་སྦུ་གུ་རེད། རླུང་འཕྲིན་དང་བརྙན་འཕྲིན། འཕྲིན་གཏོང་འགྱེད་གཏོང་འཕྲུལ་ཆས་བཅས་ཀྱི་ནང་དུའང་། མིག་སྔར་འགྱེད་འཕྲོའི་ཤུགས་ཚད་ཆེ་བའི་གློག་རྡུལ་སྦུ་གུའི་ཚབ་ཏུ་བཞག་ཆོག་པའི་གློག་འདྲེན་ཕྱེད་རྫས་ཀྱི་ལྷུ་ལག་ད་རུང་བྱུང་མེད།
དེང་རབས་ལག་རྩལ་ཡར་ཐོན་བྱུང་བ་ལས་གློག་རྡུལ་སྦུ་གུ་དར་ཞིང་རྒྱས་པ་ནས་ཉམས་རྒུད་དུ་འགྲོ་བ་བཟོས་པས། མི་རྣམས་ལ“འ་ཆད་འུ་ཐུག་མེ་ཏོག་ལྷུང་བར་གྱུར”ཟེར་བའི་ཚོར་བ་ཞིག་སྟེར་མོད། ཡིན་ནའང་གློག་རྡུལ་སྦུ་གུས་འགྲོ་བ་མིའི་ཚན་རྩལ་ཡར་རྒྱས་གོང་འཕེལ་གྱི་ལོ་རྒྱུས་སྟེང་དུ་བཟུང་བའི་གོ་གནས་ལ་གང་ལྟར་ཀྱང་སྣང་ཆུང་སྤུ་ཙམ་ཡང་བྱེད་མི་རུང་། མ་འོངས་པར་རྒྱང་ལྟ་བྱས་ན། འབྱུང་འགྱུར་གྱི་དུས་ཡུན་ཧ་ཅང་རིང་པོ་ཞིག་གི་ནང་དུ། གློག་རྡུལ་སྦུ་གུས་ད་རུང་མུ་མཐུད་དུ་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ངེས་རེད། །