བོད་སྨན་ཞིག་སི་ཁྲོན་ཞིང་ཆེན་གྱིས་ཏོག་གསར་འགོག་སྨན་གྲས་སུ་བདམས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་སྒྲ སྤེལ་དུས། 08-13



        སྤྱི་ཟླ་8ཚེས་9ཉིན། ཧུང་ཡོན་རྫོང་གཡུ་ཐོག་བོད་སྨན་མ་རྐང་ཚད་ཡོད་ཀུང་སིའི་ཐོན་སྐྱེད་བཟོ་གྲྭ་རུ། ལས་ཀ་བ་ཚོ་སྨན་རྩྭ་བསལ་འདེམས་ཀྱི་ལས་ལ་བྲེལ་བཞིན་འདུག །

        

        ཉིན་འགའི་སྔོན་ལ། རོ་གསུམ་སྤང་རྒྱན་ལེབ་མོ་སྒམ་ཁྲི་2ཞིང་ཆེན་ནང་ཁུལ་གྱི་འབྲེལ་ཡོད་སྨན་བཅོས་སྡེ་ཁག་ཏུ་བསྐྱལ་ནས་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་ལ་བཀོལ་བཞིན་ཡོད། གཡུ་ཐོག་བོད་སྨན་མ་རྐང་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཀྲང་ཅིན་པོ་ཡིས་བཤད་རྒྱུར། ང་ཚོས་ད་དུང་མགྱོགས་མྱུར་དུ་སྒམ་ཁྲི་10བཟོ་དགོས་ལ། ཉིན་འདི་དག་གི་རིང་ལ་ཉིན་ལས་མཚན་ལས་བྱེད་བཞིན་པའི་སྒང་ཡིན་ཟེར།
        མཚམས་སྦྱོར་བྱས་པ་ལྟར་ན། རོ་གསུམ་སྤང་རྒྱན་ལེབ་མོ་ནི་དེང་རབས་ཀྲུང་སྨན་ལག་རྩལ་བེད་སྤྱད་ཅིང་། བོད་སྨན་གྱི་ཁྱད་དུ་འཕགས་པའི་སྡེབ་སྦྱོར་ལས་ཐོན་པ་ཡིན་ལ། ཏོག་གསར་གློ་ཚད་སྔོན་འགོག་ལས་གཞན་དུ་གདགས་གཤིས་ནད་པའི་ལུད་པ་དང་། གློ་ཚད་སོགས་འབྲེལ་ཡོད་ནད་རྟགས་ལ་སྨན་བཅོས་རམ་འདེགས་ཀྱི་ཕན་ནུས་ཡོད།

        ཀྲང་ཅིན་པོས་བཤད་རྒྱུར། རོ་གསུམ་སྤང་རྒྱན་ལེབ་མོ་ནི་ངེད་ཀུང་སིས་2005ལོར་གསར་དུ་ཞིབ་འཇུག་དང་གསར་བཟོ་བྱས་པ་ཡིན་ལ། ལོ་ངོ་དྲུག་གི་རྗེས་ནས་ཐོན་སྐྱེད་བྱས་པ་ཡིན་ཟེར། དངོས་སུ་ཐོན་སྐྱེད་བྱས་ཚུན་གྱི་ལོ་ངོ་བཅུ་ལྷག་གི་རིང་ལ། ཐོན་རྫས་དུང་ཕྱུར་ལྷག་བཙོང་ཟིན་ལ། རིམས་ནད་དུས་སྐབས་སུ་སྒམ་ཁྲི་སྟོང་གཉིས་ལྷག་བཙོང་ཡོད།

        རོ་གསུམ་སྤང་རྒྱན་ལེབ་མོའི་ཏོག་གསར་ནད་དུག་གི་འགོག་བཅོས་ཕན་ནུས་ནི་གཙོ་བོ་རིམས་ཁེགས་ནུས་པ་མཐོར་འདེགས་དང་། ནད་དུག་འགོག་རྒོལ་གྱི་སྟེང་ན་ཡོད་ལ། 2020ལོར། རོ་གསུམ་སྤང་རྒྱན་ལེབ་མོ་དངོས་སུ་《སི་ཁྲོན་ཞིང་ཆེན་ཏོག་དབྱིབས་ནད་དུག་གསར་བ་འགོས་པའི་གློ་ཚད་ཀྲུང་སྨན་འགོག་བཅོས་ལག་རྩལ་མཛུབ་སྟོན》་ལས་ནད་རྟགས་དྲུག་པའི་འོས་སྦྱོར་སྨན་སྣའི་གྲས་ཚུད་ཡོད་ལ། མིག་སྔར་མཛུབ་སྟོན་དེ་ཐེངས་དྲུག་ཏུ་དཔར་ཟིན་ཡང་། རོ་གསུམ་སྤང་རྒྱན་ལེབ་མོ་སྔར་བཞིན་གྲས་སུ་བདམས་ཡོད།
        ཀྲང་ཅིན་པོས་བཤད་རྒྱུར། སྤང་རྒྱན་མེ་ཏོག་དཀར་པོ་ནི་རོ་གསུམ་སྤང་རྒྱན་ལེབ་མོའི་སྨན་སྣ་གཙོ་བོ་ཡིན་ལ། མཐོ་སྒང་དུ་སྐྱེས་ཤིང་། ཆམ་པ་དང་ཚ་བ་རྒྱག་པ། མིད་པ་ན་བ། གློ་ཚད་། ལུད་པ་སོགས་ཀྱི་ནད་རྟགས་ལ་ཕན་ཞེས་བཤད། རྔ་བ་ཁུལ་ལ་སྔ་མོ་ནས་རང་བྱུང་སྨན་མཛོད་ཀྱི་མཚན་སྙན་ཡོད་ལ། ཀྲུང་ལུགས་སྨན་རྩྭ་ཕུན་སུམ་ཚོགས་པ་ཡོད་པས། ཀུང་སི་གནས་འདིར་ཆགས་དགོས་པའི་རྒྱུ་མཚན་གཙོ་བོ་ཡང་དེ་ཡིན།
        རྟོག་ཞིབ་བསྡོམས་རྩིས་ལྟར་ན། རྔ་བ་ཁུལ་དུ་ཀྲུང་ལུགས་སྨན་རྩྭ་རིགས་1960ལྷག་ཡོད་ལ། ཞིང་ཆེན་ཡོངས་ཀྱི་བརྒྱ་ཆ་45བཟུང་ཡོད། སི་ཁྲོན་ཞིང་ཆེན་དུ་ཁྲོན་ཐོན་སྨན་རྩྭ་འཁྲུལ་མེད་རིགས་49ཡོད་ལ། དེའི་ཁྲོད་རྔ་བ་ཁུལ་ལ་རིགས་12ཡོད། རི་སྐྱེས་ཀྲུང་ལུགས་སྨན་རྩྭ་ཏུན་8.5འདུས་ཡོད་ལ། ཞིང་ཆེན་ཡོངས་ཀྱི་བརྒྱ་ཆ་31བཟུང་ཡོད། དབྱར་རྩྭ་དགུན་འབུ་དང་། སི་ཁྲོན་པེ་མུའུ། གླ་རྩི་སོགས་མཆོག་ཏུ་གྱུར་བའི་ཀྲུང་ལུགས་སྨན་རྩྭ་འཁྲུལ་མེད་རིགས་100ལྷག་ཡོད། མིག་སྔར། རྔ་བ་ཁུལ་གྱིས་ལས་སྣོན་ཐོད་སྐྱེད་བྱ་ཐུབ་པའི་ཀྲུང་སྨན་ཐོན་རྫས་དང་། ལུས་ཁམས་བདེ་སྲུང་ཟས་རིགས་100ལྷག་ཡོད་ལ། ཀྲུང་ལུགས་སྨན་རྩྭའི་འདེབས་འཛུགས་དང་། ལས་སྣོན། ཕྱིར་འཚོང་གི་ཁེ་ལས་83ཡོད། ཀྲུང་ལུགས་སྨན་རྩྭ་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་298ཡོད་ལ། ན་ནིང་ཁུལ་ཡོངས་ཀྱི་ཀྲུང་ལུགས་སྨན་རྩྭའི་བཟོ་ལས་ཐོན་རིན་སྒོར་དུང་ཕྱུར་3.5ལོན་པ་རེད།图片
        རྔ་བ་ཁུལ་ཚན་རྩལ་ཅུས་ཀྱིས་ཅུས་ཀྲང་གཞོན་པ་ཝང་མའོ་ཅུན་གྱིས་བཤད་རྒྱུར། ཉེ་བའི་ལོ་ཤས་རིང་ནས་བཟུང་། ང་ཚོས་ཕུན་སུམ་ཚོགས་པའི་ཀྲུང་ལུགས་སྨན་རྩྭ་འཁྲུལ་མེད་ཀྱི་ཐོན་ཁུངས་མཐུན་རྐྱེན་གཞིར་བཟུང་ཞིང་། ཚན་རྩལ་གྱི་རམ་འདེགས་ལ་བརྟེན་ནས་མང་ཚོགས་ཀྱི་ཡོང་སྒོ་འཕར་བ་དམིགས་འབེན་དུ་བཟུང་ཏེ། ཀྲུང་ལུགས་སྨན་རྩྭ་འཁྲུལ་མེད་ཀྱི་ཐོན་ལས་གོང་འཕེལ་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད་ཅེས་བཤད། མ་འོངས་པར། རྔ་བ་ཁུལ་གྱིས་མཐོ་སྒང་གི་ཀྲུང་ལུགས་སྨན་རྩྭ་འཁྲུལ་མེད་ཀྱི་ཐོན་ཁུངས་སྲུང་སྐྱོང་དང་འདེབས་འཛུགས་ལྟེ་གནས་བཙུགས་ཏེ། རྔ་བའི་སྐྱེ་ཁམས་སྨན་གླིང་དང་བོད་ཆའང་སྨན་གྱི་རིག་གནས་སྐར་ཁུང་བསྐྲུན་ནས། ཚན་རྩལ་གསར་གཏོད་ཀྱི་རམ་འདེགས་ལ་བརྟེན་ནས་རྔ་བའི་མཐོ་སྒང་གི་མཆོག་ཏུ་གྱུར་བའི་སྨན་རྩྭ་འཁྲུལ་མེད་ཀྱི་རྟགས་མ་བཟོ་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1