སློབ་གསོ་པུའུ་ཡིས་སློབ་འགོ་ཚུགས་པའི་ཐད་དུ་བཏོན་པའི་བརྡ་ཐོ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 08-16


          ཟླ8པའི་ཚེས9ཉིན། སློབ་གསོ་པུའུ་ཡིས་རྒྱལ་ཡོངས་སློབ་གསོའི་མ་ལག་ཏུ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་སྙོམ་སྒྲིག་གི་བརྙན་ལམ་ཚོགས་འདུ་འཚོགས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱི་གློག་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་ལག་ལེན་གཏིང་ཟབ་བྱས་ཏེ། ཉེ་དུས་ཀྱི་སློབ་གསོའི་མ་ལག་ཏུ་རིམས་ནད་ཚོད་འཛིན་འགོག་སྲུང་དང་སྟོན་དུས་སུ་སློབ་འགོ་ཚུགས་པ་སོགས་ཀྱི་ལས་དོན་བཀོད་སྒྲིག་བྱས།
          ཚོགས་འདུས་ནན་གྱིས་བསྟན་དོན། ཏི་ཨེར་ཐ་གཞན་འགྱུར་ནད་དུག་གི་འགོས་མཆེད་རང་བཞིན་ཇེ་ཆེར་སོང་བ་སོགས་ཀྱི་ཁྱད་གཤིས་ལ་གཙིགས་མཐོང་ཆེན་པོ་བྱས་ཏེ། སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཐད་དུ་བཏོན་པའི་རེ་བ་གསར་པར་ཞིབ་གཅོད་ནན་ཏན་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྐྱོན་ཆ་དང་མི་འདང་བའི་ཆ་བཀག་སྡོམ་ལེགས་པོ་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་སོ་སོ་ཚགས་དམ་པོ་དང་ཞིབ་ཕྲའི་ངང་དོན་འཁྱོལ་ཡོང་བ་བྱེད་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་སྟོན་ཁའི་སློབ་སྐབས་སུ་སློབ་མ་སློབ་གྲྭར་ལོག་པའི་ཚད་གཞི་བརྟན་པོ་གསུམ་འཆར་འགོད་བྱེད་དགོས་ཤིང་། སློབ་གྲྭའི་རིམས་ནད་ཚོད་འཛིན་དང་སྔོན་འགོག་གི་ཆ་རྐྱེན་དེ་ས་གནས་དེ་གའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱར་སླེབས་མི་ཐུབ་ཚེ་སློབ་གྲྭར་ལོག་མི་ཆོག་པ་དང་། སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་སོ་སོ་དོན་འཁྱོལ་ཡག་པོ་བྱེད་མི་ཐུབ་ཚེ་སློབ་གྲྭར་ལོག་མི་ཆོག  འཕྲལ་བསྟུན་སྔོན་དཔག་གྱོད་དོན་དང་ནང་སྦྱོང་ནུས་ལྡན་སྒོས་དོན་འཁྱོལ་ལེགས་པོ་བྱེད་མི་ཐུབ་ཚེ་སློབ་གྲྭར་ལོག་མི་ཆོག་ཅེས་བསྟན། 
          ཚོགས་འདུས་ནན་གྱིས་བསྟན་དོན། གཅིག་ནས་ཁོངས་གཏོགས་ས་ཁུལ་གྱི་འགན་འཁྲི་ནན་མོ་དོན་འཁྱོལ་ཡོང་བ་བྱེད་དགོས། རིམ་པ་སོ་སོའི་སློབ་གསོའི་སྡེ་ཁག་དང་མཐོ་རིམ་སློབ་གྲྭས་ས་གནས་དེ་གའི་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་འོག རིམས་ནད་གནས་ཚུལ་གྱི་འགྱུར་ལྡོག་ལ་གཞིགས་ནས། ཚན་རིག་དང་མཐུན་པའི་སྒོ་ནས་སྟོན་ཁའི་སློབ་སྐབས་ཀྱི་སློབ་འགོ་ཚུགས་པའི་ཇུས་གཞི་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཇུས་གཞི་བཟོ་བ་དང་དུས་བསྟུན་སྙོམ་སྒྲིག་བྱེད་དགོས་པར་མ་ཟད། དུས་ལྟར་གོང་རིམ་ལ་སྙན་སེང་ཞུས་ཏེ།  སྟོན་ཁར་སློབ་འགོ་ཚུགས་དུས་སུ་སློབ་མ་སློབ་གྲྭར་ལོག་པའི་ལས་དོན་ཁྱོན་ཡོངས་ནས་གྲ་སྒྲིག་བྱེད་དགོས།  དངོས་ཡོད་དང་ཟུང་འབྲེལ་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཕྲལ་བསྟུན་སྔོན་ཇུས་འཐུས་ཚང་དུ་བཏང་སྟེ། མི་སྣའི་དངོས་ཟོག་དང་།  ལོགས་བཀར་མཚམས་གཅོད་ཀྱི་ས་གནས་སོགས་ལེགས་སྒྲིག་བྱས་ནས།  འཕྲལ་བསྟུན་ནང་སྦྱོང་ལ་ཤུགས་སྣོན་པ་དང་། རིམས་ནད་ཀྱི་ཉེན་ཁ་ལ་ཁ་གཏད་འཇལ་བའི་ནུས་པ་ཇེ་མཐོར་གཏོང་དགོས། གཉིས་ནས་བདེ་ཐང་དོ་དམ་དང་བདེ་ཐང་ལྟ་ཞིབ་ཚད་ལེན་ཚགས་དམ་པོས་ལེགས་པོར་སྒྲུབ་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་དེ་དགེ་སློབ་རེ་རེའི་སྟེང་དུ་གནད་ཁེལ་དོན་འཁྱོལ་ཡོང་བ་བྱེད་དགོས་པ་དང་། ཉེན་ཁའི་ས་ཁུལ་མི་འདྲ་བའི་དགེ་སློབ་རྣམས་རིགས་དབྱེ་ནས་སློབ་གྲྭར་ལོག་པའི་བླང་བྱ་ཁ་གསལ་བཟོ་དགོས་ཤིང་། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་དང་སྐུལ་ཁྲིད་ཞིབ་བཤེར་གཏོང་བར་ཤུགས་སྣོན་དགོས། སློབ་རའི་གཙོ་གནད་ས་གནས་ཀྱི་ཁོར་ཡུག་ལ་དུག་སེལ་ནན་མོ་བྱེད་དགོས་པ་དང་། ལག་པ་བཀྲུ་བར་བརྩོན་པ་དང་།  རྒྱུན་པར་རླུང་རྒྱུ་བ་སོགས་ཀྱི་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་ཡོང་བ་བྱེད་དགོས་ཞེས་བསྟན། 

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1