2017ལོའི་ཟླ8པར་སི་ཁྲོན་ཅ་ཅང་ཕང་ཕོ་བྲག་ཕུག་གི་སྟོན་པའི་དབུ10ལྷག་གར་སོང་ཆ་མེད་དུ་གྱུར་ནས་སྐབས་ཤིག་ལ་མི་ཚང་མས་དོ་སྣང་བྱེད་བཞིན་ཡོད། དོན་རྐྱེན་བྱུང་རྗེས་ས་གནས་དེ་གའི་རིག་དངོས་སྲུང་སྐྱོབ་དང་སྤྱི་བདེ་ཚན་པ་ཡུལ་དངོས་སུ་གང་མྱུར་གྱིས་འབྱོར་བ་དང་། ཡུལ་དངོས་སུ་རྩད་ཞིབ་བྱས་པ་བརྒྱུད་ཧ་ལམ་སྟོན་པའི་དབུ་ཡི་ཆད་མཚམས་སུ་ཚང་མར་གཟོང་བུའི་རྗེས་ཤུལ་གསར་པ་ཡོད་པས་བརྐུས་ལ་ཤོར་བ་ཐག་གིས་བཅད། བརྐུས་ཟིན་པའི་སྟོན་པའི་དབུ10ཡོད་པ་དེ་ཚང་མ་མིང་རྒྱལ་རབས་ཀྱི་སྐབས་སུ་བརྐོས་པ་ཡིན་ལ་བྲག་དེའི་ས་གཤིས་ནི་ས་དམར་ལས་གྲུབ་པ་ཡིན།
ལད་ཟློས་ཚོད་ལྟ་དང་ཉེས་དོན་མྱུལ་ཞིབ་ཆེད་མཁས་ཀྱིས་ཡུལ་དངོས་ནས་མཛུབ་ཁྲིད་ཡང་ཡང་བྱས་པ་བརྒྱུད་ཆེད་དོན་གྱོད་གཞི་ཚན་ཆུང་གིས་ཉེས་བསགས་དོགས་ཡོད་ཉེས་ཅན་ནི་ལོ30ཙམ་ལ་སླེབས་པའི་སྐྱེས་པ2ནས4བར་ཡིན་པ་དང་། རིག་དངོས་ལ་དེ་འདྲའི་རྒྱུས་མངའ་མེད་པ་དང་ཉེས་གསོག་གི་ཐབས་ཤེས་རྩིང་ཞིང་ཞིབ་ཆ་མེད་པ་དང་ལག་ཆ་སྤྱོད་རྒྱུ་དེ་བས་བྱང་ཆ་མི་འདུག་ཅེས་བསྟན། མི་དམངས་ཉེན་རྟོག་པ་ཚོས་སྔ་རྗེས་སུ་དུད་ཚང1000ལྷག་ཙམ་གྱི་མི3000ལྷག་ཙམ་ལ་བཅར་འདྲི་བྱས་པ་དང་ཐ་ན་ཀོང་ཏུང་དུའང་ཕྱིན་ཞིང་། 2020ལོའི་ལོ་མཇུག་ཏུ་བཙོན་མ་ཞིག་གིས་འབྲེལ་ཡོད་ཁུངས་སྣེ་ཞིག་རྩིས་སྤྲོད་བྱས་པ་རེད།
ཟླ8པའི་ཚེས9ཉིན་ཅ་ཅང་རྫོང་སྤྱི་བདེ་ཅུས་ནས་གནས་ཚུལ་འབྱོར་གསལ། སྟོན་པའི་དབུ་རྐུ་འཕྲོག་བྱས་པའི་ཉེས་ཅན་བཞི་པོ་དེ་ཚང་མ་འཛིན་བཟུང་བྱས་ཤིང་། རྒྱུས་ལོན་བྱུང་བ་ལྟར་ན། མི་བཞི་པོའི་ཁྲོད་ནས་གཅིག་གིས་དུས་ཡུན་རིང་པོར་མི་གཞན་ལ་རྡོ་རིང་བསྡུ་རོགས་བྱས་པ་དང་གཅིག་གིས་གནའ་བོའི་བང་སོ་རྐུ་འཕྲོག་བྱེད་པ། ད་དུང་མི་གཅིག་《བང་སོ་བསྔོགས་བཅོམ་གྱི་ཟིན་ཐོའི》དབྱིངས་ལ་ཞུགས་ནས་དྲ་ཐོག་ཏུ“གསེར་འཚོལ་སློབ་དཔོན”བཙལ་བ་ཡིན་ལ། ཚོགས་པའི་ནང་ཞུགས་ཏེ་དོགས་ཡོད་ཉེས་ཅན་བཞི་པ་དེ་ངོ་ཤེས། དེ་ནས་མི་བཞི་བོ་མཉམ་དུ་ཕང་ཕོ་བྲག་ཕུག་ཏུ་སྟོན་པའི་དབུ་་བརྐུ་རུ་ཡོང་བ་རེད།
ལྟས་དབང་གིས་མཉམ་སྒྲིག་བྱས་པའི་རྐུན་ཇག་བཞིས་སྟོན་པའི་དབུ་བརྐུས་རྗེས་སུ། དེའི་རིན་ཐང་རྩ་བ་ནས་མ་ཤེས་པའི་རྐྱེན་གྱིས་སྒོར་ཁྲི1ལྷག་བྱས་ཏེ་ཁྲེང་ཏུའུ་ཡི་གནའ་རྫས་ཉོ་མཁན་གྱི་སྦྱིན་བདག་ཅང་ཆེ་ག་གེ་མོར་བཙོངས། ཅང་ཆེ་ག་གེ་མོས་ཐད་ཀར་ལག་བརྒྱུད་བྱས་ནས་སྒོར་ཁྲི12དང་སྟོང5ཡི་རིན་གོང་ཐོག་ནས་ཧྥུའུ་ཅན་གྱི་ཚོང་པ་ཧྥུ་ཆེ་གེ་མོར་བཙོངས་ཤིང་། སྟོན་པའི་དབུ་འདི་ནས་མང་ཚོགས་ཀྱི་མཐོང་རྒྱ་ལས་ཡལ་བར་གྱུར།
མི་དམངས་ཉེན་རྟོག་པས་ཧྥུའུ་ཅན་དུ་ཧྥུ་ཆེ་གེ་མོ་འཚོལ་བར་འགྲོ་རྩིས་བྱེད་སྐབས་གློ་བུར་དུ་ཅང་ཆེ་གེ་མོའི་ཨ་ཕའི་ཁ་པར་འབྱོར་ནས་སྟོན་པའི་དབུ་རྙེད་ཟིན་པས་ཁྲེང་ཏུའུ་རུ་ཡོད་ཅེས་བཤད། མ་གཞི་སྟོན་པའི་དབུ་ཉོ་མཁན་ཧྥུ་ཆེ་གེ་མོས་ཅང་ལགས་ཀྱིས་སྟོན་པའི་དབུ་ལ་གནས་ཚུལ་ཐོན་འདུག་ཅེས་བཤད་པ་ཐོས་རྗེས་འཕྲལ་མར་ཕྱིར་སྤྲད་པ་རེད།
ཕྱི་ནས་ལོ་ངོ་བཞི་ལ་འཁྱམས་རྗེས། སྟོན་པའི་དབུ་བཅུ་པོ་དེ་མཐའ་མར་ཕང་ཕོ་བྲག་ཕུག་ཏུ་ལོག་ཐུབ་སོང་།