ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་བསམ་འཆར་པར་འགྲེམས་བྱས་ཏེ།
མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུ་ཡིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་12ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་པ་དང་འབྲེལ་བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
《བསམ་འཆར》ནང་བསྟན་དོན། མངོན་མིན་རིག་གནས་ཤུལ་བཞག་ནི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་དང་། ཀྲུང་ཧྭའི་ཤེས་དཔལ་རྒྱུན་འཛིན་གྱི་གསོན་ཉམས་དོད་པའི་དཔང་པོ་ཞིག མི་རིགས་དབར་གྱི་བརྩེ་སེམས་སྦྲེལ་མཐུད་དང་རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་གི་རྨང་གཞི་གལ་ཆེན་ཞིག་བཅས་རེད། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཡག་པོ་དང་། རྒྱུན་འཛིན་ཡག་པོ། བེད་སྤྱོད་ཡག་པོ་བཅས་བྱ་རྒྱུ་དེ་ལོ་རྒྱུས་ཀྱི་རིག་གནས་འཕེལ་ཕྱོགས་རྒྱུན་མཐུད་དང་། རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེའི་རྒྱལ་ཁབ་བསྐྲུན་རྒྱུ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། ཏང་དང་སྲིད་གཞུང་གིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རང་རྒྱལ་གྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་ཆེད་ད་ལྟ་གཤམ་གསལ་གྱི་བསམ་འཆར་འདོན་རྒྱུ་སྟེ།
《བསམ་འཆར》གྱི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིད་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས། གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་མཐའ་འཁྱོངས། ཀྲུང་ཧྭའི་རིག་གནས་ཀྱི་ལངས་ཕྱོགས་བརྟན་སྲུང་དང་ཀྲུང་ཧྭའི་རིག་གནས་ཀྱི་གཞི་རྒྱུ་རྒྱུན་འཛིན། “སྲུང་སྐྱོབ་གཙོ་བོར་འཛིན་པ་དང་། མྱུར་སྐྱོབ་ཨང་དང་པོར་འཇོག་པ། བེད་སྤྱོད་ལུགས་མཐུན། རྒྱུན་འཛིན་འཕེལ་རྒྱས”བཅས་ཀྱི་ལས་ཀའི་བྱེད་ཕྱོགས་ལག་ལེན་བསྟར་བ། མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་འདུ་འགོད་ལག་ལེན་གཏིང་ཟབ་བསྟར་བ། མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུད་ཁོངས་ཅན་གྱི་སྲུང་སྐྱོབ་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་བ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པར་བསམ་པའི་སྟོབས་ཤུགས་མཁོ་འདོན་བྱེད་དགོས་པ་དང་།
ཏང་གིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་ཨུད་ཀྱིས་འགོ་ཁྲིད་པ་དང་། སྲིད་གཞུང་གིས་འགན་འཁུར་བ། སྡེ་ཚན་གྱིས་མཐུན་སྦྱོར། སྤྱི་ཚོགས་ཀྱིས་ཐེ་ཞུགས་བཅས་ཀྱི་ལས་ཀའི་རྣམ་པ་བརྟན་དུ་གཏོང་བ་དང་། མར་ཁེ་སི་རིང་ལུགས་ཀྱི་མེས་རྒྱལ་གྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ལོ་རྒྱུས་ཀྱི་ལྟ་བ་བཅས་མཐའ་འཁྱོངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་མི་དམངས་མང་ཚོགས་ཚོས་ཡོངས་ཁྱབ་ཏུ་དོ་ཁུར་བྱེད་པའི་མངོན་གསལ་དོད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཞུགས་སེམས་དང་། ཐོབ་སྣང་། མོས་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ཁྲིམས་ལྟར་སྲུང་སྐྱོབ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཁྲིམས་གཏན་འཁེལ་བའི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། དྲང་སྲུང་གསར་གཏོད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་གི་གཞི་རྩའི་ནང་དོན་ལ་བརྩི་འཇོག་བྱས་ནས་དེའི་དེང་རབས་ཀྱི་རིན་ཐང་དར་སྤེལ་གཏོང་བ་བཅས་བྱེད་དགོས།
《བསམ་འཆར》གྱི་དམིགས་འབེན་གཙོ་བོ་ནི། 2025ལོར་སླེབས་སྐབས། མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ལ་སྲུང་སྐྱོབ་ནུས་ལྡན་ཐུབ་པ་དང་། ལས་ཀའི་ལམ་ལུགས་ཚན་རིག་དང་མཐུན་ཞིང་ཚད་ལྡན་དང་འཁོར་སྐྱོད་ནུས་ལྡན་ཡོང་བ། མི་དམངས་མང་ཚོགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ནང་ཞུགས་སེམས་དང་། ཐོབ་སྣང་། མོས་སེམས་བཅས་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ། དེང་རབས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ལ་ཕན་བདེ་སྐྲུན་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ནུས་པ་སྔར་བས་འདོན་སྤེལ་ཐུབ་པ་བཅས་དང་།
2035ལོར་སླེབས་སྐབས། མངོན་མིན་རིག་གནས་ཤུལ་བཞག་ལ་ཕྱོགས་ཡོངས་ནས་སྲུང་སྐྱོབ་ནུས་ལྡན་ཐུབ་པ་དང་། རྒྱུན་འཛིན་གྱི་གསོན་ཤུགས་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ། ལས་ཀའི་ལམ་ལུགས་སྔར་བས་འཐུས་སྒོ་ཚང་བ། རྒྱུན་འཛིན་གྱི་མ་ལག་སྔར་བས་འཐུས་སྒོ་ཚང་བ། སྲུང་སྐྱོབ་ཀྱི་འདུ་ཤེས་སྔར་བས་མི་སེམས་སུ་གཏིང་ཟབ་ཟུག་པ། རྒྱལ་སྤྱིར་ཤུགས་རྐྱེན་ཐེབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་དང་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ལ་ཞབས་འདེགས་ཞུ་བའི་ཁྲོད་ཀྱི་ནུས་པ་དེ་བས་མངོན་གསལ་དོད་པོ་ཡོང་བ་བྱ་རྒྱུ་བཅས་རེད།