༄༅། །འོ་སེ་ཀརྨ།

མི་གསལ། རྩོམ་སྒྲིག་པ།དབང་ཆེན། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-20



ཐང་ཀའི་ཚོན་མདངས་མཛུབ་ཁྲིད་གནང་བཞིན་པ།  

     དེང་གི་འཛམ་གླིང་ན་འགྲན་པའི་ཟླ་དང་བྲལ་བའི་སྨན་གསར་ཞེས་གྲགས་སྙན་འཛིན་མའི་ཁྱོན་འདིར་ཁྱབ་པའི་ལྷ་བྲིས་པ་ཀརྨ་ཚུལ་ཁྲིམས་སམ་འོ་སེ་ཀརྨ་ནི་བོད་རབ་བྱུང་བཅུ་དྲུག་པའི་ཆུ་ལུག་སྟེ་སྤྱི་ལོ་1943ལོར་སྐུ་བལྟམས། ཆུང་ངུའི་དུས་ནས་རྡོ་དང་སོལ་ཤིང་ཐུར་མས་གྱང་དང་རྡོ་ལེབ་ངོས་སུ་སྐུ་གཟུགས་དང་གཟུགས་འགྲོའི་རིས་ཁོ་ན་བྲིས་པ་དང་ཡི་གེ་འབྲི་ཀློག་སོགས་རྩེད་མོ་རོལ་ཞོར་དུ་མཁྱེན་པའི་གཞན་གྱིས་འགྲན་ཟླ་དང་བྲལ་བའི་ལྷན་སྐྱེས་ཀྱི་ཤེས་རབ་མངའ། དགུང་གྲངས་བཅུ་གསུམ་ཐོག་གྲུ་པ་ཕུ་བུའི་དངོས་སློབ་མཁར་གསར་གཏེར་སྟོན་གྱི་སྲས་མཆོག་སྤྲུལ་ཚུལ་ཁྲིམས་མདུན་ཟླ་གསུམ་རིང་རི་མོ་སྦྱོང༌ནས་སྨན་གསར་ལུགས་ཀྱི་ལྷ་རིས་ཆ་ཚང་ཚེགས་མེད་དུ་མཁྱེན་ཞིང། ཀཿཐོག་མཁན་སྤྲུལ་རྒན་རབས་ཀུན་གྱིས་སྤྲུལ་པའི་ལྷ་བཟོ་ཞེས་བསྟོད་བསྔགས་མཛད།

    དགུང་གྲངས་20ཙམ་ནས་དུས་འགྱུར་གྱིས་ཧོར་པོའི་ཡུལ་གྱི་མགར་བ་རིགས་བསྡུས་ནས་དེ་རྣམས་ལ་རི་མོ་དང་མགར་བའི་སློབ་སྟོན་གནང༌། ལྷ་བྲིས་དང་མཆོད་ཆ་མགར་བ་སོགས་མཛད། དགུང་གྲངས་བཞི་བཅུ་ཙམ་ནས་ཀཿཐོག་དགོན་དང༌། རྫོང་འགོ། ཉིན་དགོན། ཐུབ་ཆེན་ཁང༌། རྒྱ་རོང་མཚམ་ནག ཁྲོམ་རྡོ་ཁོ་དགོན་སོགས་ཀྱི་ལོགས་རིས་དཔག་བསམ་འཁྲི་ཤིང་དང་རྩ་གསུམ་བླ་བརྒྱུད་བྲིས་པ་དང༌། ཐང་གའི་རིགས་ལ། མཛད་པ་བཅུ་གཉིས། མཚན་བརྒྱད། གནས་བརྟན་བཅུ་དྲུག རྒྱན་དྲུག་མཆོག་གཉིས།བཀའ་བརྒྱད། མི་ཕམ་བཀའ་འབུམ་གྱི་དབུ་ལྷ་སྐོར་དང༌། བཀའ་མའི་བརྒྱུད་གསུམ་གྱི་བླ་བརྒྱུད་ཐང་ལྡེབས་བརྒྱ་ཕྲག་ཅན་ཆ་གཉིས། ཀཿཐོག་བཀའ་བརྒྱུད་གསེར་ཕྲེང༌།ཞིང་བཀོད་སོགས་བརྒྱ་ཕྲག་མང་པོ། སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ཤིང་པར་སྐོར་དང༌། མགར་བའི་རིགས་ལ།ཀཿཐོག་གཙུག་ལག་ཁང་དང་རྫོང་འགོ། ཟངས་མདོག་དཔལ་རི། ཐུབ་ཆེན། སྒྱུ་འཕྲུལ་བློས་བསླང༌། ཉིན་དགོན༌ལ་སོགས་པ་གསེར་གྱི་རྒྱ་ཕིབས།གསེར་ཏོག རྒྱལ་མཚན། རྒྱན་རྟ་བབས་དང༌། སྐུ་གཟུགས་རིགས་ལ་ཇོ་བོ། གུ་རུ། སྤྱན་རས་གཟིགས། འོད་དཔག་མེད་སོགས་དང༌། ས་འདམ་གྱིས་ཐུབ་པ། གུ་རུ། རྡོར་སེམས་ཀློང་གསལ་བླ་སྐུ་སོགས་ཐོག་བརྩེག་ཅན། འབག་བཅའ་བ་དང༌། མགར་བ་བརྒྱ་ཕྲག་དང༌། གོས་སྐུ་སི་ཏུ་མི་ཕམ་སྟོན་པ་གུ་རུ་སོགས་འདོམ་བརྒྱར་ཉེ་བ་དང༌། ཐུགས་རྟེན་རིགས་ལ། ཟངས་གསེར་གྱི་མཆོད་རྟེན་ཐོག་བརྩེགས་ཅན་སོགས་ཆེ་ཆུང་མང་པོ་བཞེངས་པ་ཕྱོགས་དང་ཕྱོགས་སུ་འཕེལ།

   གཞན་ཡང་ཀཿཐོག་གཙོའི་དགོན་སྡེ་སོ་སོར་སྟོན་པའི་སྐྱེས་རབས་དང་བཀའ་གཏེར་སོགས་ཀྱི་རྩ་གསུམ་སྐོར་གྱི་ལོགས་རིས་དང་ཐང་ལྡེབས་དང་། ཀཿཐོག་རྒྱུད་སྡེ་བཤད་གྲྭ་ལ་གེ་སར་དང་བཀའ་འབུམ་འཕྲུལ་པར་རིགས་ལ་དབུ་ལྷ་སོགས་མཐའ་མེད་དུ་འཕེལ་བ་སོགས་སྐབས་སུ་མིག་གི་དགའ་སྟོན་མངོན་སུམ་དུ་གྱུར། 2009ལོར། འོ་སེ་ཀརྨ་ལ་རྒྱལ་ཁབ་རིག་གནས་པུའུ་ཡིས་རྒྱལ་ཁབ་རིམ་པའི་དངོན་མིན་རིག་གནས་ཤུལ་བཞག་གི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པའི་མིང་རྟགས་སྤྲད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1