ཛམ་བྷ་སྐྱབས།

ཚེ་རིང་དོན་གྲུབ། (རྨ་ཆུ་རྫོང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-02


“འིན། གན། འདི། སྡེ་ལས་ཚོགས་པ་འདིར་སྤར་ཟིན་ནམ། ངས་བཙལ་བཙལ་བཏང་།”

“འིན། ཧྲུའུ་ཅི་མགོ་སྟིག་ལ་དྲིས་པར་འདིའི་ཀླད་ན་ཡོད་ཟེར།”

“ཨ་ཨ། ལྕགས་ཐབ་ཅིག་ཀྱང་མེད་དམ། ངོ་མ་གྲང་གི ཨེ་ན།”

གནམ་གཤིས་ཤིན་ཏུ་གྲང་བའི་ནངས་མོ་ཞིག་ལ་ཛམ་བྷ་སྐྱབས་ཀྱི་གདོང་མདོག་ཤོར་ཞིང་ཁ་ལག་ཀྱང་བཀྲུས་མེད་པར་སྐྲ་འཛིང་མགོ་རྫབ་ཀྱིས་སྡེ་ལས་ཚོགས་པའི་གཞུང་སྒྲུབ་ཁང་གི་སྒོ་ཁར་ཐོན། མིག་

གཡས་པའི་མིག་ཁུང་ཟུར་གྱི་མིག་སྐྱག་བྱ་རྟུག་འདྲ་བ་

དེས་མཐོང་ལམ་ཅུང་བཀག་འདུག་པ་འདྲ་ཡང། ཁོས་མགོ་བྱུག་བྱུག་དང་གཉའ་བ་ཞུམ་ཞུམ་གྱིས་ཨུ་ཚུགས་ཀྱི་འཛུམ་ཞིག་སྟོན་བཞིན་ཕོ་ལོ་སུམ་ཅུ་ལོན་པའི་གསར་བུ་ཞིག་གི་བཟོ་ལྟ་དང་ཡོངས་སུ་མི་མཐུན་པའི་སྣང་བརྙན་དེ་ཡང་བསྐྱར་ཁྱེར་ནས་ཐོན། སྡེ་ལས་ཚོགས་པའི་ནང་ན་ཁོ་ལ་ཆ་མེད་མཁན་གཅིག་ཀྱང་མེད་པས་ཁོ་རང་འདི་ལྟར་ཐོན་པ་ཡང་རྒྱུན་ལྡན་ཅིག་ལ་བརྩི་བ་ལས་འོས་མེད་པ་ཡིན། ཛམ་བྷ་རྒྱུད་པ་འཁུམ་འཁུམ་དུ་ཕར་འགྲོ་ཚུར་འགྲོ་བྱེད་ཚུལ་ལ་བལྟས་ན། ནད་ཅིག་ཡོད་མདོག་སྟོན་པའམ་ཡང་ན་ཆུང་མས་སྒོར་བདའ་བ་གང་ཡིན་ཆ་མི་འཚལ་ཡང་། ཁ་ཅི་ཡང་མི་གྲགས་པར་སྡེ་ལས་ཚོགས་པའི་ཚོགས་མི་གསར་བ་ཀྲུའུ་རིན་དོན་གྲུབ་ཀྱི་གདོང་ལ་ཡང་ནས་ཡང་དུ་ཧ་ཅང་ཉམས་ཆུང་གི་ཚུལ་དུ་ལྟ་བ་ལ་བལྟས་ན་ཀྲུའུ་རིན་དོན་གྲུབ་ཀྱི་ཉམས་འགྱུར་ལ་བརྟག་ཅིང་དོ་སྣང་བྱེད་པར་འགུག་ཀྱིན་པ་རྟོགས་ཐུབ།

“དེ་རིང་རྫོང་གི་འགོ་བ་ཞིག་འདིར་ཐོན་ཡོད་པ་འེ་རེད།”

“ཨོ། འགོ་བ་གང་ནས་ཡིན། ཀྲུའུ་རིན་ཆུང་ཆུང་ཞིག་ཡིན་པ་དེ་རེད།”

“ད་ཆོག་གི་ཛམ་བྷ། ཡ། དོན་དག་ཅི་ཞིག་ཡོད་ན་ཐད་ཀར་ཤོད།”

“ཛམ་བྷ་སྐྱབས་ནི་འབྲོང་ལུང་སྡེ་བའི་སྡེ་མི་དཀྱུས་མ་ཞིག་ཡིན། ཁོའི་ཕ་དགའ་ལྡན་པོའི་ཚེ་ཐོག་ལ་ཛམ་པ་ཚང་ནི་འབྲོང་ལུང་སྡེ་བའི་ཕུགས་ན་ནོམ་དང་སྒོ་ན་རྒྱུ་ཡིས་བཀང་ཞིང་ཛམ་པ་ཚང་ཟེར་ན་འབྲོང་ལུང་སྡེ་བའི་ནོར་གཡང་ཕྱྭ་གསུམ་འགུགས་པར་མཆོད་པའི་ཛམ་བྷ་ལ་བཞིན་ནོར་གྱི་བདག་པོར་གྱུར་པ་ཞིག་ཡིན། ཛམ་བྷའི་ཕ་འདས་པོས་བཤད་ན་ཁོ་ཆུང་དུས་སྡེ་བའི་ནུབ་རྒྱུད་དུ་གནས་པའི་འབྲོང་ལུང་ཁེས་དམར་ནས་འབྲོང་ཁྱུ་རྫ་ལ་གཤར་བའི་ལྟད་མོ་དུས་རྒྱུན་དུ་མཐོང་རྒྱུ་ཡོད་མོད་ནར་སོན་རྗེས་འབྲོང་ཁྱུ་དེ་དག་ཀྱང་གར་སོང་ཆ་མེད་དུ་གྱུར་པ་དང་། དེ་དུས་འབྲོང་རྒན་གླང་ཆེན་འདྲ་བ་གཅིག་རེ་ཟོག་ཁྱུར་ཐོན་ནས་འབྲོང་ཚ་གྱང་རོ་འདྲ་བ་ནོར་རྡང་བཀང་རེ་སྐྱུར་ནས་བུད་འགྲོ་བས་ཕུགས་ན་རྒྱུ་དང་སྒོ་ན་ནོར་གྱིས་བཀང་དུས་ཟེར་ན་དེ་དུས་ཡིན་ཞེས་མགོ་བོ་གནམ་ལ་དགྱེ་ཞིང་མིག་འཚུམ་བཞིན་དུས་རྒྱུན་དུ་གླེང་། ད་ལྟ་འབྲོང་ཁེས་ཉག་ཁ་དེ་ཆུ་ཀུབ་ཞིག་ཚལ་བར་བཤགས་པ་ལྟར་ལྕགས་ར་འཐེན་ནས་འབྲོང་སྐོར་ཉིན་སྲུབ་གཉིས་སུ་བགོས་ཡོད་པ་དང་། ཐ་ན་འབྲོང་ཁེས་ཉག་གའི་ལབ་ཙེ་ཨ་མྱེས་སྐུ་བླའི་མདའ་དར་དང་དམུ་ཐགས་ཀྱི་གོང་བ་ཉིན་དང་འདབས་མ་སྲིབ་ཏུ་འཐེན་ནས་ཡོད་པས་འབྲོང་ལུང་སྡེ་བའི་ལབ་ཙེ་སྟོད་ཐེངས་རེར་ཉིན་མའི་ཨ་ཁུ་རྣམ་རྒྱལ་ཚང་རྩྭ་རའི་སྒོ་འབྱེད་མཁན་དང་སྲིབ་པའི་ཨ་ཁུ་དབང་རྒྱལ་ཚང་གིས་སྒོ་གཏན་གྱི་ཡོད་པས། སྒོ་བ་བཙན་པོ་འདི་གཉིས་ནི་སྔོན་ཆད་སྡེ་བའི་གཞུང་ལུག་གི་རྫི་བུ་ཡིན་ཡང་ད་ལྟ་གོང་ཚོ་བ་དང་དམའ་སྡེ་བའང་མིག་ནང་དུ་མི་འཇོག་པའི་སྒོ་སྲུང་བཙན་པོ་གཉིས་སུ་གྱུར་ཡོད། འབྲོང་ཁྱུ་དེ་དག་ཀྱང་སྒོ་སྲུང་འདི་གཉིས་ཐོན་པ་ནས་གནས་གཞན་དུ་གཤེགས་པ་མིན་ནམ་སྙམ་ཡང་ཛམ་བྷས་ཀྱང་ཕ་དགའ་ལྡན་པོར་གནས་ཚུལ་འདི་དྲིས་མ་མྱོང་། ཡིན་ཡང་ཛམ་བྷ་རང་ལོ་བཅོ་བརྒྱད་ཀྱི་སྟེང་དུ་ཕ་ཛམ་བྷ་རྡོ་རྗེ་ཚེ་ལས་འདས་པར་གྱུར་པ་དང་། ཕ་འདས་རྗེས་ཕ་ཤུལ་བུ་ཡིས་མ་ཟིན་པར་ད་ལྟ་འབྲོང་ལུང་སྡེ་བའི་ཁྱིམ་ཚང་མེད་པོའི་གྲས་ཏེ་སྲིད་གཞུང་གིས་ཁ་གསོ་རྒྱབ་འགེབས་བྱེད་པའི་དབུལ་ཕོངས་ཁྱིམ་ཚང་ཅིག་གི་ཁྱིམ་བདག་ཅིག་ཏུ་གྱུར་ཡོད” སྡེ་ལས་ཚོགས་པའི་མགར་རྡོས་ཛམ་བྷའི་སྡུག་བཤད་ལ་སེམས་གཏིང་ནས་སུན་པས་རྣ་བ་གཡོར་ཙམ་ཡང་མི་བྱེད་པར་ཐད་ཀར་དུ་དེ་ལྟར་བཤད།

“ངའི་ཁྱིམ་ཐོ་བསྒྱུར་ཟིན། འོན་ཀྱང་།”

“ཉིན་འདི་དག་ལ་ཁུག་མ་སྔོན་པོ་ཅན་ཚོ་ཡིན། ཁུག་མ་ཅན་ཤེས་སོང་ངམ། ཨ་ལ། ང་ལ་ངོ་མ་དཀའ་ཁག་ཟིག་ཡོད་གི། དཀར་བོ་དགེ་བ། ད་མི་ཞིག་རློམ་ཐབས་མེད། གསེར་ཡུམ” ཁུག་མ་སྔོན་པོ་ཅན་ནི་འབྲོང་ལུང་ཤང་གི་ཧྲུའུ་ཅི་མགོ་སྟིག་གིས་གསར་དུ་བཏགས་པའི་མིང་གསར་ཞིག་ཏེ། ཤང་སྲིད་གཞུང་གིས་གོང་རིམ་གྱི་བཀོད་སྒྲིག་ལྟར་ཁྱིམ་ཚང་སྐོར་ཞིག་ལ་དབུལ་ཕོངས་ལས་སྐྱོབ་པའི་ཡིག་ཚགས་རེ་བཟོས་ནས་དུས་བཅད་དུ་དབུལ་སྐྱོབ་གནད་འཁེལ་གྱི་འཆར་གཞི་འཐེན་ཡོད་པའི་ཁྱིམ་ཚང་དག་ལ་ཟེར་བ་ཡིན། ད་ལོ་ནས་བཟུང་ཁུག་མ་སྔོན་པོ་ཅན་སྐོར་ཞིག་སྔོན་ལ་རྫོང་གི་འཆར་གཞི་ལྟར་ངེས་པར་དུ་དབུལ་ཐར་བྱེད་དགོས་པ་དང་ལོ་གཞུག་མར་སྡེ་བའི་ཁུག་མ་ཅན་ཚང་མ་དབུལ་ཐར་བྱེད་དགོས་པ་ནི་ཞིང་ཆེན་གྱི་གཏན་འཁེལ་རེད། འབྲོང་ལུང་སྡེ་བ་ནི་འབྲོང་ལུང་ཤང་གིས་བསམ་གཟས་ནས་འདེམས་པའི་དབུལ་ཕོངས་སྡེ་བ་ཉག་གཅིག་ཡིན། སྡེ་ལས་ཚོགས་པའི་འགན་འཁུར་གཙོ་བོ་ནི་འབྲོང་ལུང་སྡེ་བ་ལོ་གཉིས་ཀྱི་ནང་དུ་རྒྱལ་ཁབ་ཀྱི་འཆར་གཞི་ལྟར་ཏུ་དབུལ་ཕོངས་ལས་ཐར་དུ་འཇུག་རྒྱུ་དེ་ཡིན། སྡེ་ལས་ཚོགས་པ་འབྲོང་ལུང་སྡེ་བར་ཐོན་པའི་ཉིན་གཉིས་པ་ནས་བཟུང་རུ་ཉུལ་ཁྱིམ་ཉུལ་གྱི་འགོ་བརྩམས་ཤིང་། ཁྱིམ་ཚང་རེ་རེར་སོང་ནས་ཉིན་གཅིག་གི་འགྲོ་སོང་ནས་ལོ་གཅིག་གི་ཡོང་སྒོ་བར་དུ་གཏོང་ཡོང་ཐམས་ཅད་གཅིག་མ་ལུས་གཉིས་མ་ཆད་པར་འདྲི་བཞིན་ཡོད་པ་དང་། ཞིབ་རྩིས་བྱས་རྗེས་ཀྱི་མཇུག་ཏུ་ཧྲུའུ་ཅི་མགོ་སྟིག་གིས་སྐད་སེང་མཐོན་པོས་ཁྱིམ་ཚང་རེ་ནས་ཕྱོགས་སྡོམ་གྱི་གཏམ་བཤད་རེ་བྱེད་ཀྱི་ཡོད་པ་དང་། ཧྲུའུ་ཅི་མགོ་སྟིག་ཁྱིམ་ཚང་སུ་ཚང་ལ་ཐོན་ན་ཁྱིམ་བདག་མགོར་བཞག་པའི་བཟའ་ཚང་གང་བོ་འདུས་སར་ད་ལོར་འབྲོང་ལུང་སྡེ་བར་ཞིང་ཆེན་དང་ཁུལ། རྫོང་རིམ་པ་ནས་རོགས་སྐྱོར་སྲིད་ཇུས་ལག་བསྟར་བྱེད་པར་ལྟ་རྟོག་བྱེད་དུ་ཐོན་ཡོད་པས། མང་ཚོགས་རང་ངོས་ནས་ང་ཧྲུའུ་ཅི་མགོ་སྟིག་འབྲོང་ལུང་སྡེ་བར་ཐོན་ནས་བཟུང་ཕན་བཏགས་མེད་ན་གནོད་བསྐྱལ་མེད་པས། ཤང་དང་རུ་སྡེ་བར་དུ་ནམ་ཡང་ལག་པ་ཁའི་དྲིན་ཆེན་དང་ཁ་ལག་པའི་དྲིན་ཆེན་ཡིན་པའི་གནས་ལུགས་དང་། གོང་རིམ་ནས་ལྟ་རྟོག་ལས་ཁུངས་སོགས་ཐོན་ན་བསམ་ངན་གཏོར་བརླག་གི་སྐད་ཆ་ཞིག་བཤད་པའི་དཔེ་མི་སྲིད་ཀྱང་མི་བཤད་རྒྱུ་ཡང་རེ་བ་ཡིན་ཞེས་ཚིག་འཇམ་རྩུབ་གཉིས་ཀྱིས་སློབ་གསོ་གཏོང་གི་ཡོད། དེ་བས་སྡེ་ལས་ཚོགས་པའི་འགན་འཁུར་ཡང་ཕར་དེད་ན་ཧྲུའུ་ཅི་མགོ་སྟིག་གི་ཚིག་གི་རྟིང་མ་གནོན་པའི་རུ་དཔུང་དང་མང་ཚོགས་ལྷོད་ལ་འབབ་རྒྱུ་དེ་ལས་གཞན་མིན་པ་ཤེས་ཡོང་།

“རུ་ཁག མིང་། བཟའ་ཚང་། རྩྭ་ས། ནོར་དང་ལུག ཞ་ར། རྒན་པ། འོན་པ། ལྐུག་པ། ནད་པ། ད་ལི། རེ་རེ་བཞིན་ཤོད།”

“དཀའ་ཁག་བཤད་མི་དགོས། རེའུ་མིག་ལ་བལྟས་པས་ཤེས་ཐུབ།”

“ཁྱེད་ཚང་ལ་མི་གཅིག་ལ་ལོ་རེར་ཡོང་སྒོ་སྒོར་སྟོང་བདུན་གྱི་ཡན་རེད།”

“ཁྱེད་ཚང་ཁུག་མ་ཅན་རེད། ན་ནིང་དབུལ་ཐར་བྱས་ཟིན།”

“ཁྱེད་ཚང་ད་རུང་དབུལ་ཐར་མ་རེད། ཁུག་མ་ཅན་ཡང་རེད།”“ཁྱེད་ཚང་ཁུག་མ་ཅན་མ་རེད། དབུལ་ཐར་རེད། འོན་ཀྱང་སྔར་བཞིན་དབུལ་ཕོངས་གྲས་ཀྱི་རེད།” འབྲོང་ལུང་སྡེ་བར་དུད་ཁྱིམ་སུམ་བརྒྱར་ཉེ་བ་ཡོད་པ་དང་། དེའི་ནང་དུ་ཁུག་མ་སྔོན་པོ་ཅན་དུད་ཁྱིམ་ལྔ་བཅུ་ཡོད་པ་དེ་གོང་རིམ་གྱི་འཆར་གཞི་དང་མཐུན་ལ་ཤང་སྲིད་གཞུང་དང་སྡེ་དཔོན་དག་གི་བློར་འབབ་པའི་ཁྱིམ་ཚང་ཏག་ཏག་ཡིན་ལ། ཁྱིམ་ཚང་འདི་དག་མེད་པོ་མེད་ནག་ཡིན་ཡང་དོན་དམ་དུ་ཧྲུའུ་ཅི་མགོ་སྟིག་གི་སྐད་ཆར་བསྒྱུར་ནས་བཤད་ན། བསྟན་ན་རིག་སླ་ཞིང་བཤད་ན་གོ་སླ་བའི་ཡར་ཐོན་ཁྱིམ་ཚང་ཏག་ཏག་ཡིན། ཁྱིམ་ཚང་འདི་དག་ལ་ལོ་གཉིས་ཀྱི་རིང་ལ་རོགས་སྐྱོར་ཆེ་མ་ཆུང་གསུམ་རྒྱུན་ཆད་མ་མྱོང་། དམངས་འཚོའི་རྣམ་གྲངས་ལག་བསྟར་གྱི་ཚོད་ལྟའི་ཡུལ་ཚོ་ཞིག་འཛུགས་ཆེད་དུ་འབྲོང་ལུང་སྡེ་བའི་ཁུག་མ་ཅན་གྱི་ཁྱིམ་ཚང་རྣམས་གནས་གཅིག་ཏུ་བསྡུས་ནས་ཁྱིམ་ཚང་རེར་ཁང་བ་རེ་རྫོང་ནས་རིན་མེད་དུ་ཕུབ་པའི་འཆར་གཞི་དེའི་མིང་ལ་སྲིད་ཇུས་འབོད་ལུགས་ལྟར་ན་གསར་དར་འབྲོག་སྡེ་དང་འབྲོག་མིའི་གཞིས་གསར་ཞེས་ཀྱང་འབོད། སྡེ་མི་ལ་ལ་ཞིག་གིས་མགོ་ན་སྦྲ་རལ་ཞིག་ལས་མེད་པར་མི་ཚེ་ཟད་ལ་ཉེ་ཡང་འདི་འདྲ་ཞིག་གོ་མ་མྱོང་བས་དཔེ་མི་སྲིད་ཟེར་བ་དང་། ཡང་ལ་ལས་འབྲོག་གི་སྒོ་ཁ་ན་ནོར་ལུག་འགའ་མིན་མེད་ས་ཞིག་ལ་རྫོང་ཐོག་ནས་ཁང་སྟོང་ཞིག་སྦྱིན་པ་འདི་དྲིན་ཆེན་གང་གི་རྣམ་ཐར་ཡིན་མིན་མི་ཤེས་ཟེར། གང་ལྟར་ཁུག་མ་ཅན་གྱི་ཁྱིམ་ཚང་ལྔ་བཅུ་བོར་རྫོང་ནས་ཁང་གསར་ཕུབ་རྗེས་དེར་གནས་སྤོར་དགོས་པ་དང་། དེར་སྤར་བ་ནས་བཟུང་སྐྱེ་ཁམས་དཔལ་ཡོན་སྡེ་བར་གྱུར་པ་ཡིན་པས་དབུལ་ཐར་སྡེ་བར་ཡང་རང་བཞིན་དུ་གྱུར་ཡོད་པ་ཡིན།

སྡེ་ལས་ཚོགས་པ་ཐོན་པ་ནས་དབུལ་ཐར་གྱི་རེའུ་མིག་དང་ལས་གཞི་སོགས་སྡེ་མི་ཞིག་ལྟ་ཞོག་ཐ་ན་རྒྱ་སྐད་བོད་སྐད་གཉིས་ཀར་ཐོགས་པ་མེད་པའི་ཧྲུའུ་ཅི་མགོ་སྟིག་གིས་ཀྱང་ལྕེ་མདུད་རྒྱབ་པ་ལྟར་བཤད་ཀྱིན་བཤད་ཀྱིན་ཧ་གོ་རྒྱུ་ལྟ་ཞོག་ལན་རེར་ཁྱིམ་བདག་ལ་ལར་དེ་ལས་ལྡོག་ཏེ་སྤོ་སློང་བའི་དུས་ཀྱང་ཡོད། སྡེ་ལས་ཚོགས་པ་ཐོན་ནས་ལོ་གཅིག་དང་ཕྱེད་ལ་ཉེ་ཡང་སྡེ་མི་ཚོས་སྡེ་ལས་ཚོགས་པའི་ལས་ཀ་ངོ་མ་ཅི་ཞིག་ཡིན་པ་ཧ་གོ་ཡི་མེད་ལ་རང་ཉིད་དོན་དམ་དབུལ་ཕོངས་ལས་ཐར་ཡོད་མེད་ཅི་ལྟར་གཞལ་གྱི་ཡོད་མེད་ཀྱང་རྩ་བ་ནས་ཧ་གོ་ཡི་མེད། ཐ་ན་སྡེ་ལས་ཚོགས་པ་རང་ལའང་མང་ཚོགས་ལ་བཤད་ཆོག་ཆོག་གི་ཚད་གཞི་ཞིག་འདི་དང་གན་ཅེས་སྟོན་རྒྱུ་མེད་པས། འབྲོང་ལུང་སྡེ་བའིདབུལ་ཐར་གྱི་ལས་ཀ་ནི་དོན་དམ་དུ་སྡེ་ལས་ཚོགས་པ་གཞུང་སྒྲུབ་ཁང་དུ་འཛུལ་ནས་བསྐངས་བའི་རེའུ་མིག་དེ་དག་དང་། ཡིག་འབྲུ་རྡོག་གཅིག་མི་ཤེས་པའི་མང་ཚོགས་ལ་ཞ་ར་གནམ་སྟོན་གྱི་དཔེ་ལས་མ་འདས་པའི་རེའུ་མིག་དེ་དག་ཡང་དང་བསྐྱར་དུ་སུན་པའི་བར་དུ་རྣ་ནང་ལ་བཙན་གྱིས་རྫོངས་པ་དེ་ཡིན།

“མ་རྒན་མའི་རོགས་དངུལ་མ་བཀོལ་བསམ་པ་ཞིག་མེད། ངོ་ཚ་ནི་ཞིག་ཡིན་ཡང་། འ་འ། ངོ་མ།”

“ད་ལོ་མ་རྒན་མ་ལོ་དོན་ལྔར་བུད་པ་རེད། རུ་ཁ་ཁྱིམ་མཚེས་ནས་ཀྱང་།”

“ད་རང་བདག་གིས་རང་འགུལ་བྱེད་ན་འདོད་ཀྱང་།”

“ངོ་མ་ལག་པ་བསྲིང་འདོད་ཀྱང་ཕུ་རུང་ཐུང་གི”

ཛམ་བྷ་སྐྱབས་ཀྱིས་སྐེད་རྩ་ཐར་ཐར་དུ་མེད་མུག་དཀའ་ཁག་ཚང་མ་ཁ་ཏོན་བཟློས་པ་བཞིན་བཤད་ཀྱིན་བཤད་ཀྱིན་ངོ་མདོག་དམར་པོར་གྱུར་ཅིང་ཐོད་པའི་རྩ་མདུད་དེ་ཡང་འགད་ལ་ཁད་བྱེད། སྟོད་ལྭ་སེར་པོ་ཚི་སྟུག་མ་དེའི་ཕུ་རུང་ཡང་ནས་ཡང་དུ་ཡར་བརྫེ་བཞིན་སེམས་ན་སྡུག་ཅིག་དང་ཁོག་ན་ནད་ཅིག་ཡོད་མདོག་སྟོན་པས་ལས་རེས་པ་ཚོའང་གློ་བུར་དུ་ཁ་རོག་གེར་བཏང་།

“གཞུག་མ་ཡར་ཤོག བསམ་བློ་ཡར་ཐོན་འདུག ཁུག་མ་སྔོན་པོ་མིན་ཡང་རོགས་སྐྱོར་མེད་པར་གཏོང་མི་སྲིད།”

“ཁྱོད་མེད་པོའི་གྲས་ན་ཡོད་པས་ཞེ་བདེ་མོ་བྱོས། འེ་གོ་ཐལ།”

ཛམ་བྷ་སྐྱབས་ལོ་འགའི་སྔོན་དུ་རྫོང་དཔོན་གཞོན་པ་རྒྱ་ཐར་གྱི་ཚ་མོ་ཞིག་གི་མག་པར་བསྡད་པ་དང་། སྐབས་དེར་གཅིག་ནས་གཉེན་ཚང་གི་འབྲེལ་ལམ་དང་གཉིས་ནས་རང་ལ་ཡང་ཛམ་པ་ཚང་གི་མིང་ཐོབ་ཅིག་ཡོད་པས། རྫོང་ནས་གཞུང་གི་བྱ་བ་རེ་རེག་པའི་འཆར་གཞི་སྐྱིད་པོ་ཞིག་དྲན་ནས་ཁྱིམ་ཐོ་དེ་འབྲོག་པ་ནས་མཁར་གྲོང་དུ་བསྒྱུར་པ་དང་རུ་སའང་རུ་ནང་ནས་མཁར་ནང་དུ་སྤར། ལོ་འགའ་ལ་ཡང་ཟ་སྐྱིད་འཐུང་སྐྱིད་ཁོ་ནས་རྒྱ་འཁོར་མགོ་ཡོམ་འཁོར་བ་ཞིག་བྱས། འོན་ཀྱང་ལོ་འདི་དག་ལ་རྫོང་སྲིད་གོང་འོག་གཉིས་ནས་སྒྲོག་པའི་མང་ཚོགས་ལམ་ཕྱོགས་ཀྱི་སྲིད་ཇུས་དངོས་འབེབ་བྱེད་པའི་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་གྱི་ཐད་ཀའི་དམིགས་ཡུལ་ནི་མངས་ཚོགས་དང་། མང་ཚོགས་ཁྲོད་ནས་ཀྱང་འབྲོག་པ་མེད་པོ་དཀའ་ཁག་ཅན་དག་ཡིན་པས། ཛམ་བྷ་སྐྱབས་ཀྱི་སྔོན་ཐོན་གྱི་འཆར་གཞི་ཡག་པོ་དེ་ལམ་དུ་ག་ལ་འགྲོ། ཐ་ན་ཁུག་མ་སྔོན་པོ་ཅན་གྱི་གྲས་སུ་འཇོག་པར་དལ་འགོར་བྱས་པས་ཆུང་མ་གཡང་སྐྱིད་ཀྱིས་ཛམ་བྷའི་ཨོང་ཤ་ཐང་ལ་བཞག་མ་ཐག་ཏུ“ཁོམ་ན་ཤང་དུ་མི་འགྲོའམ་ཁྱི་ལྡོམ”ཅེས་སྡིག་དམོད་མཚང་འབྲུ་གློ་སྙིང་འབལ་བ་འདྲ་ཞིག་བྱས་ནས་སྒོར་འདེད་ཀྱི་ཡོད།

“ཁྱིམ་ཐོ་བསྒྱུར་ཡོད་ན་གནས་ཚུལ་ལ་བལྟ། འེ་གོ་ཐལ།”

“གནང་སྒོར་ཐེམ་ན་བརྡ་རྒྱག ཡ་ད་དེ་བྱོས།”

སྡེ་ལས་ཚན་གཙོ་མགར་རྡོས་ཧ་ཅང་བྱང་ཆ་ལྡན་པའི་སྒོ་ནས་ཛམ་བྷ་སྐྱབས་ལ་སྔོན་ལ་སེམས་གསོ་ཞིག་གི་ཚུལ་དུ་ཁོ་རང་ཁྱིམ་ཚང་མེད་པོ་ཅན་གྱི་གྲས་སུ་ཡོད་པའི་སྐད་ཆ་དེ་འཁེལ་དུ་བཅུག་པས་ཛམ་བྷ་སྐྱབས་ཀྱི་གདོང་ལ་ཡང་དེ་མུར་རེ་བའི་འཛུམ་ཆུང་ཅིག་མངོན་པར་གསལ་ཞིང་མིག་རྩ་དམར་བོའི་གསེབ་ཀྱི་མཆི་མ་ཁྲ་ཆིལ་བོ་དག་ཀྱང་སྒོག་སེ་མུད་ནས་ཚན་གཙོའི་མདུན་ཐད་ཀྱི་མདུག་སྟེགས་སུ་བཙོག་ནས“ལན་ཇུ་ནག་པོ”རྟགས་མའི་ཐ་མག་ཅིག་ལ་མེ་སྒྲོན་བཞིན་མགར་རྡོའིཁ་ལ་ཅེར་ནས་ཅི་བཤད་ལ་ཉན། མགར་རྡོས་ཀྱང་ཁོ་རང་གཞི་ནས་རློམ་ཡོད་པ་དང་སེམས་ཁ་ཡང་མར་བབས་ཡོད་པའི་སྐབས་དང་བསྟུན་ནས་ཁ་ནས་ཡོང་ཚོད་ཀྱི་སྐད་ཆ་ཞིག་གིས་ཁོ་ལམ་ལ་འཇུག་རྩིས་བྱས།

“འདི་རེད། ཐ་ན་དུ་བ་ཡང་གཞན་གྱིས་བྱིན་པ་མིན་ན་དགེ་ཕྱོགས་པོ།”ཛམ་བྷ་སྐྱབས་ཕལ་ཆེར་ཤང་སྲིད་གཞུང་དུ་ཟླ་རེར་ཐེངས་འགའ་རེར་ཐོན་ངེས་པ་དང་། ཡོང་ཐེངས་རེར་མེད་མུག་ལུང་བ་བཀང་བཏོན་མཐར་སྡུག་ཐུག་ཀྱང་སྒོར་མོ་བརྒྱ་ཡང་འེ་ལོན་བལྟ་བ་ནི་ལོ་འདི་དག་ལ་ཁོས་བསླབས་པའི་གཡོ་ཐབས་ཉག་གཅིག་ཡིན། དོན་དངོས་སུ་ཁོའི་ཆུང་མ་གཡང་སྐྱིད་ནི་མོ་སྒོ་ཡག་ལ་ལོ་ན་ཡང་ཆུང་ཁར་ལག་ལས་ཀ་ཡང་བཟང་བའི་བུ་མོ་གཤིས་ཡག་ཅིག་ཡིན་ལ་ཁོ་གཉིས་ལ་ལས་ཀྱི་བུ་དང་བུ་མོ་བུ་ལྔ་ཡོད་པ་ཚང་མ་ཡང་ཡ་རབས་གཞུང་དྲང་ཏག་ཏག་རེད། འོན་ཀྱང་། བུ་ཆུང་བ་གཉིས་ཀ་ལོ་བཅུ་ལ་ཉེ་ཡང་འཆར་སྐྱེས་སྲིད་ཇུས་ལ་འགལ་བའི་སྒོར་ཆད་མ་འཇལ་བས་མིང་ཐོའི་ནག་པོར་གྱུར་ནས་ཐ་ན་ཁྱིམ་ཐོའི་ནང་དུ་ཡང་འཇོག་མ་ཐུབ་པར་ཤང་གི་སློབ་ཆུང་དུ་ཡང་ཞུགས་མ་ཐུབ་པས་ལས་འཁུར་མེད་པའི་བྱི་ལ་བཞིན་ཁྱིམ་ན་ལུས་ཡོད། ཆུང་མས་གླ་ཕོགས་འགའ་རེ་ལེན་ཐུབ་ཀྱི་ཡོད་ཀྱང་ཛམ་བྷས་ལག་པ་གཡས་པའི་ལག་མཐིལ་ལ་ཟ་འཕྲུག་ཅིག་ལངས་པའམ་ཡང་ན་མིག་གཡས་པའི་མིག་རྩ་ཞིག་འགུལ་ཙམ་བྱེད་མ་ཐག་ལག་བསོད་ཐོན་ཐལ་ཞེས་བསགས་སྒོར་འགའ་བོ་ཤོ་ཁང་དུ་བསྐྱལ་ནས་ལག་སྟོང་མཆན་དུ་ཕྱིར་ཡོང་གི་ཡོད་པའང་སྡེ་ལས་ཚོགས་པར་ཧ་ཅང་གསལ་བོ་ཡིན། ཤོ་ཡལ་བའི་ཉིན་དང་པོར་ཁོ་ལ་འགྱོད་པ་ཚད་མེད་ཅིག་སྐྱེས་སྲིད་པ་དང་། དེ་དང་མཉམ་དུ་ཉིན་དེ་གཅིག་པོར་ཁོས་རང་གི་རྐང་གསུམ་གླ་གཏོང་ཞིག་ཡོད་པ་དེ་བསྐོར་ནས་རྫོང་མཁར་ཆུང་ཆུང་དེར་ཁྱི་རྐུན་རྒྱུགས་རྒྱུགས་ལྟར་དངོས་ཟོང་སྐྱེལ་གླ་གཏག་སྲིད་ཀྱང་ཉིན་གཉིས་པ་ནས་བཟུང་ཁོ་ལ་ཡང་བསྐྱར་ཤོ་ནད་དེ་འཕར་དུས་ཆུང་མ་གཡང་སྐྱིད་ཀྱིས“མོ་ངན་ང་བསད་ན་མ་གཏོགས་སྐར་གང་ཡང་མི་སྟེར”ཞེས་ཚིག་ནག་འཕེན་གྱི་ཡོད་པས། སྒོར་ཆད་ཡོང་ཐེངས་རེར་ཁོའི་ཡིད་ལ་ཆེས་ཐོག་མར་ཤར་བ་ནི་ཤང་སྲིད་གཞུང་གི་སྡེ་ལས་ཚོགས་པར་དཀའ་ཁག་འདོན་རྒྱུ་དེ་རེད།

“ཤ་ཉེ་ཤ་ཁོ། ཁྱོད་བརྗེད་པའི་དཔེ་མེད། ཡ་ད་དེ་བྱོས། ཛམ་བྷ།”

སྡེ་ལས་ཚོགས་མི་རྒན་པ་མགར་རྡོས་ཉམས་མྱོང་ལྡན་པའི་སྒོ་ནས་ཁོ་རང་དངོས་སུ་སྒོར་ཕྱིར་མི་འབུད་ག་མེད་དུ་བཏང་བས། ཛམ་བྷ་རེ་བ་དང་ཐེ་ཚོམ་འདྲེས་མའི་སྒོ་ནས་གཞུང་སྒྲུང་ཁང་ནས་དངོས་སུ་སྒོར་བུད་པ་དང་། རྐང་བ་གཡས་པ་འཐིང་ཁར་ཕྱི་རྟིང་གཡོན་ནས་ཡོད་པའི་ལྷམ་དེ་ས་ལ་འདྲུད་ཐེངས་རེར་ལག་པ་གཉི་ག་ཡང་དོ་མི་མཉམ་པར་རིང་གཡུག་ཐུང་གཡུག་ཅིག་བྱས་ནས་བུད་སོང་། ཆ་མི་མཉམ་པའི་གོམས་འགྲོས་དེ་དང་ཐོབ་མི་འདྲ་བའི་རྒྱབ་གཟུགས་དེ་གཉིས་ཀ་ནི་ཛམ་བྷའི་དབུལ་ཕོངས་ཀྱི་རྟགས་ཐེམ་ཞིག་དང་འདྲ་བར་སྡེ་ལས་ཚོགས་པའི་བག་ཆགས་སུ་མདའ་མོ་ལྟར་ཟུག་ལོས་འགྲོ་སྙམ་པ་ཞིག་རེད།

འབྲོང་ལུང་སྡེ་བའི་གཞུང་སྒྲུབ་ཁང་གི་དྲ་མིག་ནས་བལྟས་ན་ཡངས་ཞིང་མཐའ་མེད་པའི་ཞོགས་པའི་འབྲོང་ལུང་ཐང་ནི་གསེར་གྱི་མེ་ལོང་ཞིག་ལག་མཐིལ་དུ་བཞག་པ་ལྟར་གསལ་བོ་མཐོང་ཐུབ་ལ། དགུན་འཁྱག་དར་གྱིས་བཟུང་བའི་ཐག་རིང་ནས་མཐོང་བའི་རྨ་དམེ་འདྲེས་མདོ་དེ་དངུལ་གྱི་ན་རོ་ཞིག་ཐང་ལ་ལྷུང་བ་དང་འདྲ་ལ། དངུལ་གྱི་ན་རོ་ལྟ་བུའི་ཆུ་ལག་ཆེ་ཆུང་དེ་གཉིས་ཀྱི་འདྲེས་རིས་དེར་ཞོགས་པའི་ཉི་འོད་འཇམ་པོ་ཞིག་འཕྲོས་པ་དང་མཉམ་དུ་དངུལ་མདོག་ལམ་ལམ་དུ་འཚེར་ཞིང་། དགུན་ཟླ་བཅུ་བའི་སྔ་དྲོའི་ཡུན་ཐུང་གི་དྲོད་འཇམ་དེ་སྐད་ཅིག་སྐད་ཅིག་ཏུ་འགྱུར་བས་རྨ་དམེ་འདྲེས་མདོའི་དངུལ་གྱི་ར་ཅོ་གཉིས་ཀྱི་འགྲམ་ངོགས་ནས་སྐབས་རེར་ཁངས་འཚུབ་ཀྱི་ཟེར་མ་དཀར་ལོག་ལོག་རེ་དགུང་ལ་འཕྱུར་གྱི་ཡོད་པ་དང་། ལན་རེར་རྡུལ་འཚུབ་ཀྱི་ཕུང་བོ་གོར་གོར་རེ་ཡར་འཁུར་མར་འཁུར་བྱེད་པ་ནི་གནའ་བོའི་འབྲོང་ཁུས་ནས་ཡལ་བའི་འབྲོང་ཁྱུ་ཞིག་སླར་སྤང་ཐང་གི་མལ་དུ་ལོག་ནས་རྭ་རྩེད་བྱེད་པ་དང་ཨ་ན་མ་ན་རེད།

“ཁང་བ་བཙོང་ཟིན། ཁང་ཡིག་ཡོད་དམ།”

“ཁང་བ་ད་རུང་སྒོར་ཐོན་པར་ཁང་ཡིག་ཅིག་ཡོད་ས་འགྲོའམ།”

“ཛམ་བྷ་ལོ་ལོ། ཁང་བ་འདི་བཙོང་མི་ཆོག”

“ཕལ་ཆེར་བཙོང་ཆོག་ནི་མ་རེད།”

“ཁྱིམ་ཚང་སུ་ལ་དེར་འདུག་དབང་ཡོད་པ་ལས་བཙོང་དབང་མེད།”

ཛམ་བྷས་རང་གི་མི་སྐལ་གཅིག་པོའི་རྩྭ་སའི་སྟེང་ལ་མ་མོ་བརྒྱ་ཐམ་པ་ཉོ་ཕྱིར་མིག་གིས་ཀྱང་མ་མཐོང་བའི་ཁང་བ་གཞན་ལ་བཙོང་རྒྱུ་བྱས་ནས་ཁང་ཡིག་ལེན་དུ་སོང་དུས་ད་གཟོད་ཁང་བ་དེ་རང་ལ་དབང་ཟེར་བ་ལས་གཞུང་ལ་དབང་ཟེར་ན་འགྲིག་པ་ཤེས་བས། སྡེ་དཔོན་ཨ་ཞང་བསྟན་འཕགས་སར་སོང་ནས་རང་ཉིད་སྡེ་གྲས་ནས་འབུད་པའི་བསམ་འཆར་ནན་དུ་ཞུས་ཀྱང་འགྱོད་པ་གཞུག་ནས་སྐྱེས་ན་སྡུག་གྱོང་ཡིན་ཞེས་པའི་ཚིག་གཅིག་གིས་ལམ་དུ་བཅུག དགུན་ངོ་གཅིག་ལ་ཛམ་བྷས་ཅི་ལྟར་འདང་རྒྱབ་ཀྱང་ཁང་བ་དེ་རང་ལ་དབང་བ་ཞིག་མི་ཤེས་ལ་གལ་ཏེ་རང་ལ་དབང་བར་གྱུར་ཀྱང་ཕལ་ཆེར་ཟླ་གཅིག་ལ་རིམ་པ་གོང་འོག་གཉིས་ནས་ལྟ་རྟོག་གཟིགས་ཞིབ་རྒྱུན་མི་ཆད་པས་གླ་ཁང་ངམ་སྣེ་ལེན་ཁང་ལྟ་བུའི་འཚོ་བ་རོལ་སྟངས་འདི་ང་ཛམ་བྷ་ཚང་གི་འགྲོ་ལུགས་འདུག་སྟངས་ཤིག་ག་ནས་ཡིན་སྙམ་ཀྱང་སྒོར་མོ་བཙལ་ཐབས་ཀྱི་ཐབས་གཞན་ཞིག་མ་རྙེད་པར་རེ་ཞིག་དེ་ལྟར་མ་ལུས་རང་ལུས་སུ་གྱུར།

“ཛམ་བྷས་རང་ཉིད་བརླག་རྒྱུ་ཟེར།”

“ཁྱོད་ཀྱི་ཁྱི་ཁ་དེ། རང་དམེ། རང་དམེ།”

“ཉེན་ཟོན་ཟེར་བ་ཞིག་མི་འདུག”

སྡེ་ལས་ཚོགས་པའི་གཞུང་སྒྲུབ་ཁང་ལ་གློ་བུར་བའི་ཉེན་བརྡའི་ཁ་པར་ཞིག་འབྱོར་ནས་སྡེ་མི་ཛམ་བྷ་སྐྱབས་ཀྱིས་འབྲོང་ཆུའི་ཟམ་ཆེན་ཁར་རང་སྲོག་གཅོད་ཀྱི་འདུག་པས་མྱུར་བ་མྱུར་དུ་ཡུལ་དངོས་སུ་ཐོན་དགོས བའི་བཀའ་ཕབ། སྤྱིར་བཏང་དུ་ཁ་པར་འདིའི་རིགས་ཐོན་པ་ཡིན་ན་མ་མཐར་ཡང་རྫོང་མཁར་ཆུང་ཆུང་ཞིག་ཏུ་ས་འགུལ་ཅིག་བྱུང་བ་དང་ཁྱད་པར་མེད་པའི་གནས་ཚུལ་ཧ་ལས་བ་ཞིག་ཡིནམོད། ཉིན་དེར་ཤང་དཔོན་མགོ་སྟིག་ལ་ཧ་ཅང་གདེངས་ཚོད་ཡོད་པའི་སྒོ་ནས་ཁ་པར་ཏུ་བྱ་བ་བཀོད་སྒྲིག་བྱས་ཚུལ་ལ་བལྟས་ན་གློར་རྐྱེན་དེ་འདྲ་ཚབས་ཆེན་ཅིག་མིན་པ་ཤེས་ཡོང་།

“ང་བཀའ་འགྱུར་གན། ང་འཆི་རུ་ཆུགས།”

“ང་ཛམ་བྷ་ཚར་སོང་ནི་རེད། ཨ། ང་གློད།”

“ཨ་རོ། ཉེན་རྟོག་པ་མི་འབོད་ན་དགེ་ཕྱོགས།”

“ཁྱོད་ད་རུང་ཐགས་དྲུད་ཡིན་ནི་རེད། རྣམ་འགྱུར།”

“ད་བོས། ཁྱི་ནག་ནག་དེ་ཚོ། ད་བོས།”

ཛམ་བྷ་སྐྱབས་ཀྱིས་ལག་ཏུ་རྡོ་སྣུམ་རྒྱ་མ་བཅུ་བཟུང་ཡོད་པ་དང་། ཕར་བལྟས་ཚོད་ཀྱིས་ཤིན་ཏུ་སེམས་ཐག་ཆོད་པ་ལྟ་བུའི་ངར་ངར་བྱེད་ཀྱི་ཡོད་ན་ཡང་། ཤང་གི་ལས་བྱེད་སུ་ཡིན་ཡང་ཁོའི་མཐར་གཏུག་གི་དམིགས་ཡུལ་ཉག་གཅིག་ནི་སྐབས་ཐོག་ཏུ་རོགས་སྒོར་རེ་ལེན་རྒྱུ་དེ་ཡིན་པ་ཤེས་ཡོད། ཁོ་ངུ་མ་སྔངས་ཀྱིས་འཕག་འཚག་བྱེད་ཀྱི་ཡོད་ཀྱང་མི་གཉིས་ཀྱིས་མནན་ཡོད་པས་རང་དམེ་བསམ་ཐོག་ཏུ་མ་སོང་བར་ཕྱིར་ཁྱིམ་ཏུ་ཁྲིད་པ་དང་། ཧྲུའུ་ཅི་མགོ་སྟིག་གིས་ཁ་བརྡ་སེམས་གསོའི་ཚུལ་དུ་སྒོར་སྟོང་གཅིག་བྱིན་རྗེས་ཆེད་དུ་ཛམ་བྷ་ལ་དོན་དག་འདི་འདྲ་བྱུང་བ་གོང་རིམ་ནས་ཤེས་ན་ཁྱོད་ཀྱི་སྲོག་རྟ་རྔ་ཙམ་པོ་རང་ལ་མི་དབང་ཚུལ་དང་རང་གི་དབང་མཇའ་རིས་འདྲ་བོ་འང་རང་ལ་མི་དབང་བའི་རྒྱུ་མཚན་ཡང་གནས་ལུགས་བཤད་ཞོར་དང་སྐྲག་སློང་ཞོར་དུ་གཏམ་དཔེ་དང་སྦྱར་ནས་ལ་བཤད་ལུང་བཤད་ཉིན་ཕྱེད་ཙམ་ལ་བྱས།

“ཡ། འདི། དུ་བ་འཐེན།”

“ང་ལ་མེ་ཞིག་བསྒོས་དང་།”

འགྲོ་ཁར་ཧྲུའུ་ཅིས་པད་མ་རྟགས་ཅན་གྱི་དུ་བ་ཞིག་ཛམ་བྷར་བསྲིངས་ནས་འདི་དེ་རིང་ཁ་ཏ་སློབ་གསོ་ཐོབ་པ་བཟང་བས་དགའ་རྟགས་ཡིན་ཞེས་བཤད་ནས་ཁ་ནང་དུ་བཙུགས་པ་ན། ད་གཟོད་ཛམ་བྷའི་ལག་ཏུ་རྡོ་སྣུམ་སྒྲོན་པའི་མེ་ཞིག་ལྟ་ཞོགས་རང་གི་དུ་བ་སྒྲོན་པའི་འབར་ཞུན་རྐང་གཅིག་ཀྱང་ལག་ཏུ་མེད་པ་ཤེས་པས་སེམས་ལ་ངུ་མ་དགོད་ཀྱི་ངོ་ཚ་ཞིག་སྐྱེས་ཀྱང་ཁ་ནས་ཅང་མ་བཤད་པར་ཤང་སྲིད་གཞུང་དུ་ཤར་སེ་ལོག

“ཛམ་བྷ་སྤྲང་ཕྲུག་གན་ལ། ལོ་གསུམ་ལ་བྱིན་ནི་རེད།”

“ད་བར་ངོ་ལོག་འདུག ང་ལ་བཀོད་པ་ཡོད།”

“ཁོའི་དབུལ་སྐྱོར་ཡིག་ཚགས་གསལ་བོ་གྱིས།”

ཛམ་བྷ་སྐྱབས་ལ་ད་ལོའོ་ལོ་མགོ་ནས་ཟླ་བདུན་གྱི་རིང་ལ་སྔ་ཕྱིར་ཤང་སྲིད་གཞུང་དང་སྡེ་ལས་ཚོགས་པར་ཉུང་མཐར་ཡང་ཐེངས་ཉི་ཤུ་ལ་ཡར་གཏུག་ལ་ཡོང་ཡོད་པ་དང་། གཏུག་དོན་མང་ཤོས་ནི་ཆུང་མར་ལག་ལས་མེད་ཅིང་བུ་ལྔ་བོ་ལོ་ཆུང་བས་ཐ་ན་འོ་ཕྱེས་ཁུག་མ་གང་ཡང་ཉོ་དཀའ་བའི་གནས་སུ་ལྷུང་ཡོད་པ་དེ་རེད། ཡང་ནང་དོན་ལ་ལ་ཞིག་རང་ལ་འབྲེལ་བ་ཅི་ཡང་མེད་པའི་རུ་ཁ་ཁྱིམ་མཚེས་དག་གི་སྐད་ཆ་རླུང་འཁུར་འགའ་རེད། སྡེ་ལས་ཚོགས་པས་ཁོ་ཡོང་ཐེངས་རེར་ཟིན་བྲིས་ཞིབ་མོ་འདེབས་ཀྱི་ཡོད་དེ། དེ་ནི་གཅིག་ནས་ཁོའི་དཀའ་ཁག་ལ་འགན་འཁུར་བ་མིན་ཡང་། གལ་ཏེ་ཛམ་བྷ་ལ་གནད་དོན་ཞིག་བྱུང་ཡོད་ཚེ་གོང་རིམ་ལ་གསལ་བཤད་ཅིག་བྱེད་དགོས་པ་ཡོད་ན་འདི་ལས་ལྷག་པའི་ནུས་ལྡན་གྱི་བདེན་དཔང་ཅིག་མེད་པས་ཡིན། ཕྱོགས་གཞན་ཞིག་ནས་ཛམ་བྷས་གང་དྲན་དྲན་ལས་ཐུབ་ཅིང་ཅི་ཤར་ཤར་བཤད་ཐུབ་པས་རིམ་པ་གོང་མར་ཐད་ཀར་གཏུག་ཏུ་སོང་ན་གྲོང་དཔོན་ཧྲུའུ་ཅི་ལ་ཡང་གོང་རིམ་གྱི་བཀའ་ཆད་གནམ་ལྕག་འདྲ་ཞིག་འབབ་ཀྱི་ཡོད་པས་ཁོ་ལ་སྡེ་ལས་ཚོགས་པའི་རྒྱ་སྒོ་སྔར་བཞིན་མི་འབྱེད་ག་མེད་ཡིན་པས་རེད། སྡེ་ལས་ཉིན་ཐོ་དེའི་ནང་དུ་ཛམ་བྷ་དུས་ཚོད་ནམ་དང་ས་གནས་གང་དུ་སྐད་ཆ་ཅི་ཞིག་བཤད་ཡོད་པ་དང་། ཐ་ན་སེམས་ཁམས་དང་རྣམ་འགྱུར་སོགས་ཀྱང་ཞིབ་མོར་བརྟག་ཡོད་པ་བྲིས་ཡོད་པ་མ་ཟད། ཡོང་ཐེངས་རེར་གཞུང་གི་རོགས་རམ་ག་ཚོད་བླངས་པ་དང་ཐ་ན་རང་གློ་ཁུག་ནས་བཏོན་པའི་སིལ་སྒོར་གྱིས་ཛམ་བྷ་ལ་ངོ་ལེན་དང་མགོ་སྐོར་ཅི་ལྟར་བཏང་ཚུལ་སོགས་ཀྱང་གཅིག་གཅིག་གཉིས་གཉིས་བྱས་ནས་བྲིས་ཡོད། ལྷག་པར་ཏུ་ཁོ་རང་ལོ་འགའི་སྔོན་དུ་བཙོན་ཁང་ནས་ཕྱིར་འབུད་དུས་ད་རུང་ཐགས་དྲུད་ཡིན་ལ། ཛམ་བྷ་རང་ངོས་ནས་བཅོས་སྒྱུར་ཡག་པོ་བྱེད་ཀྱིན་པའི་སྒང་ཡིན་པས་སྡེ་ལས་པའི་ངོས་ནས་ཁོ་ལ་ཅིས་ཀྱང་ལྟ་རྟོག་ནན་མོ་བྱེད་དགོས་པ་ཡིན། དེ་ལྟ་ནའང་ཁོ་བཙོན་ནས་བུད་པ་ནས་བཟུང་རྐུན་འཕྲོག་གི་བྱ་བར་རེག་མི་ཕོད་པར་གྱུར་ཀྱང་། ཛམ་བྷས་ཤང་སྲིད་གཞུང་དང་སྡེ་ལས་ཚོགས་པར་དཀའ་ཁག་འདོན་པ་དེ་ཁྲིམས་མཐུན་ཡིན་པ་མི་གསལ་ཡང་ཁྲིམས་འགལ་མིན་པ་ཤེས་ཡོད་པས། དུས་དེ་ནས་བཟུངཉིན་མཚན་གཉིས་ལ་དེའི་ཕྱོགས་ཁོ་ན་ལ་བསམ་བློ་གཏོང་བ་ལས་ལས་ཀ་གཞན་ཅི་ལ་ཡང་བསམ་བློ་མི་གཏོང་བ་ཞིག་ཏུ་གྱུར་ཡོད།

“ཛམ་བྷ། དེ་རིང་མགོ་སྟིག་ཚང་ཡོད་ཐལ།”

“ཨོ་ཡ། ཡ། ཨ་ཞང་སྡེ་དཔོན་ཚེ་རིང་། སྡེ་དཔོན་ལོ་བརྒྱ།”

མ་གཞི་འབྲོང་ལུང་སྡེ་བ་ནི་རྫོང་མཁར་གྱི་མཐའ་རུ་ཆགས་པའི་མཐའ་བ་ལྟ་བུ་ཡིན་པས། འགྲིམ་འགྲུལ་དང་དཔལ་འབྱོར་མཐུན་རྐྱེན་གང་ནས་ཀྱང་ཡུལ་ཚོ་གཞན་པ་དང་བསྡུར་ཐབས་མེད་ལ་ཐ་ན་བྱིས་པ་སློབ་ཞུགས་དང་རྒན་སྐྱོར་སྨན་བསྟེན་ཕྱོགས་གང་ནས་ཀྱང་གཞན་དང་བསྡུར་ན་ཧ་ཅང་སྟབས་བདེ་སྔོན་ཐོན་ཡིན་པས། འབྲོང་ལུང་སྡེ་བའི་མི་ཞིག་ཡིན་ན་ཕལ་ཆེར་གོས་གཙང་མ་དང་ཟས་གསར་བ་ལ་རོལ་ཐུབ་ཀྱི་ཡོད་པ་མ་ཟད་གྱོན་པ་གྱོན་ལུགས་ཀྱང་རུ་སྡེ་གཞན་ནས་འབྲོང་ལུང་སྡེ་བར་འཚེམ་པ་མང་ཞེས་བསྟོད་པ་བཞིན། རང་སྡེར་རང་སྐྱེས་ཀྱི་བཟོ་བ་ངར་མ་དང་རང་མིས་རང་བཟོས་ཀྱི་བོད་ལྭ་གཙང་མ་གྱོན་རྒྱུ་ཡོད་པ་ཡང་སྡེ་བ་འདི་ལས་གཞན་ལ་མེད་པ་ཡིན། འོན་ཀྱང་། ལོ་འགའི་སྔོན་ནས་རྫོང་དམངས་སྲིད་ནས་བོད་ལྭ་གསར་བཟོས་འབོར་ཆེན་ལོ་རེར་ཐེངས་འགའ་ལ་ཁྱིམ་སྦྱིན་གནང་བས་མདོག་ཡག་ལ་གཅོད་ལུགས་བདེ་བའི་ཀ་ཇུའི་བོད་ལྭ་དེ་དག་གི་རྒྱུ་སྤུས་ཞན་ཡང་གསར་ལུགས་དོད་པས་མངས་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་དང་། འབྲོང་ལུང་སྡེ་བའི་བཟོ་མ་གྲགས་ཅན་ཨ་ནེ་གཡང་མོས་ཀྱང་བཟོ་ཕྲུག་དག་རང་རང་གི་ཡུལ་ལ་མངགས་ནས་མི་ལོ་ཉི་ཤུར་ཕྱེ་པའི་བཟོ་ཁང་དེ་སིལ་ཟས་ཚོང་ཁང་དུ་སྒྱུར་དགོས་པར་གྱུར། དེ་ནས་བཟུང་ཐ་ན་ཛམ་བྷས་ཀྱང་ཨ་ནེ་གཡང་མོའི་ངོ་འཚོ་བའི་དུས་མཇུག་རྫོགས་པ་ཡིན་ཞེས་གཞུང་ནས་བབ་པའི་ཟི་ཚར་སྔོ་ནག་དེ་གྱོན་བཞིན་སྡེ་གྲབས་ནས་སྡུག་རབས་དང་ཤང་གྲལ་ནས་མེད་རབས་བཤད་ནས་ཉི་མ་ཕུད་ཐབས་བྱས། སྡེ་དཔོན་རྡོ་རྡོས་ཀྱང་ཛམ་བྷའི་སྤྲང་ཁ་གང་ནུས་ཅི་ཐུབ་ཀྱིས་ཤང་སྲིད་གཞུང་གི་ནང་ལ་སྐོར་བ་ནི་མགོ་བདེ་དྲན་འཕྲུལ་གྱི་ཐབས་མཆོག་དགའ་ཞིག་ཡིན།

“ཁང་སྟོང་འདིའི་ནང་ནས་ས་བཟའམ།”

“ལྟ་རྟོགས་ཡིན་ན་འདིའི་རོ་རྒྱག ལོ་སྨད་གཅིག་པོར་ཐེངས་ལྔ་བཅུ།”

“ངེད་ཚང་ལྷ་སར་སོང་ཤུལ་ནས་ཁུག་མ་ཅན་ནས་སྒོར་འཕུད་འདུག”

“གོ་ཐོས་སུ་ཡུན་གྱིས་རྩྭ་ས་གཏོང་དགོས་པ་བདེན་ནམ།”

“རྨ་ཆུའི་འགོ་ཁུངས་སྲུང་སྐྱོབ་ཟེར་བ་ཅི་ཡིན་ནམ།”

“རྨ་ཆུའི་རྒྱུད་ན་ཞིང་ཆེན་བཅུ་གསུམ་ཆགས་ཡོད་རབས་ཟེར།”

“རྒྱ་རྒན་ཚོས་རྨ་ཆུ་ལ་མ་ཡུམ་ཆུ་ཟེར་བ་མ་ཤེས་སམ།”

སྡེ་ལས་ཚོགས་པའི་གཞུང་སྒྲུབ་ཁང་གི་ཤིང་སྒོ་དེར་ཙག་སྲུབས་ཀྱི་གས་ཁ་ཞིག་ཤོར་ཡོད་པས་དགུན་ཁའི་བསེར་ཙག་གསེང་འཛུལ་མ་ཞེས་པའི་དཔེ་ལྟར་རྡུལ་འཚུབ་དང་ཙག་བསེར་འདྲེས་མ་ཞིག་འུར་འུར་དུ་ནང་ལ་འཛུལ་ཡོང་བས་འོང་བ་ལྟིར་ལྟིར་དུ་འབར་བའི་ལྕགས་ཐབ་ཀྱི་མེ་སྒྲ་ཡང་ལན་རེར་གསལ་ཞིང་ལན་རེར་མི་གསལ་བར་གྱུར་འགྲོ། དགུན་གཞུང་གི་ངར་ཤུགས་དེས་མི་སེམས་ལ་གྲང་འདར་རྒྱག་ལ་ཁད་ཀྱི་སྣང་བ་ཞིག་སྟེར་ཀྱང་འབྲོང་ལུང་སྡེ་བར་མཚོན་ན་དེ་རིང་ནི་དགའ་འོས་བའི་ཉིན་མོ་ཞིག་ཡིན། འབྲོང་ལུང་སྡེ་བར་ལོ་རེར་གཏེར་ཁའི་ཁེར་འབབ་དང་མགྲོན་ཁང་གི་མི་སྐལ་ཞེས་བ་ཞིག་སྔོན་མས་ཡོད་པར་བཤད། སྡེ་དཔོན་བསྟན་འཕགས་ཀྱིས་འབྲོང་ལུང་སྡེ་བར་ཆ་རྐྱེན་མེད་ཚུལ་བཤད་ཐེངས་རེར་ཧྲུའུ་ཅི་མགོ་སྟིག་གིས་ཁྱོད་ཚོའི་གཞུང་ན་སྤྱི་གཞུང་གི་མགྲོན་ཁང་དང་ས་ན་རང་བྱུང་གི་གསེར་གཏེར་ཡོད་པ་མིན་ནམ་སྡེ་དཔོན་ཧེབ་རྐྱལ་ཅེས་ཀུ་རེ་དང་བཅས་ཡར་འཇོག་རྒྱག་ཐེངས་རེར་སྡེ་དཔོན་ལ་ཡང་སྐད་ཆ་བཤད་རྒྱུ་མེད་འགྲོ། ངོ་མ་བཤད་ན་ཡོང་འབབ་ག་ཚོད་ཡོད་མེད་དང་དོན་དམ་འབབ་རྒྱུ་ཡོད་མེད་ཀྱང་ཁོ་ཚོ་རང་ལ་ཡང་གསལ་བོ་མེད། གང་ལྟར་ཉིན་དེར་འབྲོང་ལུང་སྡེ་བར་ཤང་གིས་བརྡ་བཏང་བ་ལྟར་ཁྱིམ་བདག་ཚོགས་ཆེན་ཞིག་སྡེ་ལས་ཚོགས་པའི་གཞུང་ཁང་དུ་འདུ་དགོས་བར་ཁྱིམ་བདག་རེ་རེ་ཁ་པར་བཏང་། རས་ཡིག་འཕྲེད་སྦྱར་མ་ཞིག་གཞུང་ཁང་གི་ཁྱམས་རར་བཀལ་ཡོད་ལ་སྟེང་དུ་འབྲོང་ལུང་སྡེ་བའི་སྤྱི་གཞུང་ཁེ་ལས་ཡོང་འབབ་བགོ་འགྲེམ་ཚོགས་ཆེན་ཞེས་པའི་བོད་རྒྱ་ཡིག་ཕྲེང་གཉིས་ཀྱང་དཀར་ཐར་རེ་བྲིས་འདུག་པས་ལོ་མཇུག་ཚོགས་ཆེན་ཟེར་བ་འདི་མིན་ན་གང་ཡིན་སྙམ་པ་སྐྱེས་ཡོང་། རས་ཡིག་རིང་ཤོས་དེའི་འོག་ན་མིང་ཡིག་བཀོད་པའི་ཤོག་དམར་བཞི་ལྔ་ཙམ་སྦྱར་ཡོད་པས་གཞུང་ཁང་གི་གྱང་རྒན་དེ་ཡང་དམར་པོར་གྱུར་འདུག་པ་དང་། ཀྲུའུ་ཞི་སྟེགས་བུའི་སྟེང་གི་ཧྲུའུ་ཅི་མགོ་སྟིག་དང་སྡེ་དཔོན་བསྟན་འཕགས་གཉིས་ཀྱི་གདོང་གི་འཛུམ་མདངས་ལ་ཡང་སྔར་མེད་ཀྱི་བཀྲག་མདངས་ཤིག་རྒྱས་འདུག

“རྡོ་རྡོ། ཛམ་བྷ། ཡ་རེ་རེ་མི་འདོན།”

“ཚང་མ་རིང་གྲལ་སྒྲིག ཀྲུའུ་ཞི་སྟེགས་བུར་གཅོར། ད་རུང་། འོ་ཡ།”

“ཨ་ལ། ཨ་རོགས་ཆོ། སྒོར་མོ་མང་ཉུང་ཡོད་པ་ཅི་རེད།”

“ལས་ཁུངས་བཞི་ནས་གནང་བ་རེད། འདྲ་ས་འགྲོའམ།”

“འོ། ཡ། ངའི་ཁ་འདི།”

འུར་འུར་ཟིང་ཟིང་དང་ལ་བཤད་ལུང་བཤད་ཅིག་གིས་ཚོགས་འདུ་དངོས་སུ་མཇུག་རྫོགས་སོང་། རྫོང་གི་གསར་འགོད་པ་ཡིན་ཟེར་བའི་གསར་མོ་ཆུང་ཆུང་ཞུག་གིས་ཧྲུའུ་ཅི་མགོ་སྟིག་ལ་ཆེད་སྒྲིག་ལེ་ཚན་བཟོ་བའི་འཆར་གཞི་གོར་མོ་རྡོ་འདྲ་བ་ཞིག་འཐེན་པ་དང་། ཟླ་གཅིག་གི་རྗེས་ནས་འབྲོང་ལུང་སྡེ་བའི་གསར་འགྱུར་ཨ་མདོ་བརྙན་འཕྲིན་དང་ཁམས་པའི་བརྙན་འཕྲིན་གྱི་འཕྲིན་ལམ་ནས་ཐོན་སྲིད་པས་སྡེ་ལས་ཚོགས་པར་ཕུལ་བྱུང་ལས་ཚོགས་ཀྱི་གཟེངས་རྟགས་ཐོབ་ན་མགྲོན་བྱ་རྒྱུ་མ་བརྗེད་ཅེས་ཀྲུའུ་རིན་དོན་གྲུབ་ལ་ཀུ་རེ་ཞིག་རྩེད་ནས་བུད་སོང་། སྡེ་མི་ཚོའང་འང་ནོར་ལྷས་ནས་བཏང་བའི་ནོར་ཁྱུ་བཞིན་རྡུལ་གོར་རེ་རང་རང་གི་ཡུལ་ལ་གཤེགས་སོང་། ཛམ་བྷ་སྐྱབས་ཀྱང་ཐ་མ་འཐིང་གིས་ཡང་ནས་ཡང་དུ་ཕྱིར་ལ་བལྟ་ཞོར་རིང་ནས་རིང་དུ་ཕྱིན་ཅིང་ཡུན་ནས་ཡུན་གྱིས་ཡལ་བར་གྱུར།

“ཛམ་བྷས་ཁ་སང་ཆུང་མ་ཁྲིད་ནས་ཐོན་ཐལ།”

“ཇེ་ཡག་ནས་ཇེ་ཡག་རེད་འང་།”

“ཐེངས་རྗེས་མར་ང་དེ་ཚང་ནས་ཞག་འདུག་བྱེད་དགོས།”

“ཧ་ཧ་ཧ་ཧ།”

དབྱར་གཞུང་གི་ཆར་རྗེས་ཀྱི་འབྲོང་ཐང་ནི་ཁྲུས་ལ་ཞུགས་པའི་གཞོན་ནུ་ཞིག་གི་བྲང་གཞུང་དང་འདྲ་བར་འཇམ་ཞིང་མཉེན་པའི་འབའ་འབུར་སྒང་གཞོང་ཚང་མ་ལྗང་ནེམ་ནེམ་གྱི་ཟིལ་ཆུས་ཁེངས་ཞིང་། ཆར་ཤུལ་གྱི་རླུང་བུ་སྲབ་མོ་ཞིག་ཡུན་གྱིས་གཡུག་ཡོང་བ་ན་དམར་འབྱར་གྱི་རློན་ཤ་ལྟ་བུའི་སྤང་ཤའི་གསེབ་ན་ཆར་ཟེགས་ཀྱི་ཆུ་ཐིགས་ཕྲ་མོ་རེ་རེ་ཤ་གསེང་ནས་ཐོན་པའི་རྔུལ་ཆུ་བཞིན་འཚེར་ལ། དབྱར་དྲུག་པའི་ལང་ཚོ་དེ་བཅུ་དྲུག་གཞོན་མར་སྦྱོར་བ་ཡང་འདི་ལས་གཞན་གང་ཞིག་སྙམ་པའི་མཛེས་འཕྱོར་གྱིས་ཕྱུག་པའི་སྒྱུ་རྩལ་གྱི་བྲོ་བ་ངོ་མ་ཞིག་འབྲོང་ལུང་མདོ་ཡི་འབྲོང་ཐང་ལ་མ་བཅོས་རང་བཞིན་དུ་ཆགས་འདུག ན་ནིང་གི་སྒེའུ་ཁུང་འདི་ལས་སྔར་བཞིན་འཕྱུར་ཡོང་བ་ནི་ལྷིང་འཇགས་ཤིག་དག་མཛེས་བ་ཞིག ད་དུང་ཁ་ཁུ་སིམ་པོ་ཞིག རྨ་དམེ་འདྲེས་མདོའི་དངུལ་གྱི་ན་རོ་དེ་འང་ཤམ་ལྭ་སྲབ་བུ་ཞིག་མནབས་པའི་གཞོན་ནུ་མ་ཞིག་གན་རྐྱང་དུ་ཉལ་བའི་བྲང་གཞུང་གི་ན་རོ་དེ་དང་ཀུན་ནས་མཚུངས།

“ཡ། དོན་གྲུབ་རྒྱལ་ལོ་རྡུངས་དང་།”

“རྒན་གྱའི་སྐར་མ་ཡང་ཡག་ཐལ།”

“ཨ་ཨ། ངོ་མ། འདྲ་འདྲ་མ་རེད།”

སྡེ་ལས་ཚོགས་པ་འབྲོང་ལུང་སྡེ་བར་ཐོན་ནས་ལོ་གཅིག་ཏག་ཏག་འགོར་ཟིན། འབྲོང་ལུང་སྡེ་བའི་དབུལ་སྐྱོབ་སྲིད་ཇུས་རབས་དང་རིམ་པ་ལག་བསྟར་བྱས་ནས་སྡེ་ལས་ཚོགས་པའི་ཚོགས་མི་རྣམས་སྡེ་བའི་སྐྱིད་སྡུག་ཞུ་སའི་མགོན་དང་མེད་མུག་བཤད་སའི་སྐྱབས་སུ་གྱུར་བས། རེའུ་མིག་ལུང་བ་གང་དང་དཀའ་ཁག་བརྒྱ་དང་བརྒྱད་ཀྱི་ཡིག་ཚོགས་ཀྱི་བདག་པོ་ངོ་མར་གྱུར་ཏེ་ཚོགས་མི་རེ་རེ་གཞུང་གི་ལས་བྱེད་ནས་སྡེ་དམངས་སུ་གྱུར་བ་དང་། སྡེ་དམངས་ནས་ཁྱིམ་མིར་གྱུར་ལ་ཉེ་བས། ལ་ལ་ཁྱིམ་ཚང་ཅིག་གི་དགེ་རྒན་དང་ལ་ལ་ཁྱིམ་ཚང་ཅིག་གི་མོ་རྐུན་དུ་གྱུར་བའི་གཏམ་རྒྱུད་དགོད་བྲོ་བ་ཡང་ཡོད། དེ་རིང་ཆར་རྗེས་ཀྱི་གཞུང་སྒྲུབ་ཁང་དུ་སྡེ་ལས་ཚོགས་པར་ལས་རྒྱུ་ཅི་ཡང་མེད་པར་མན་ཐོ་ལེན་ཞིག་ཡོད་པ་གཅིག་གིས་གཅིག་ལ་བརྒྱུད་ནས་སུན་སྣང་སེལ་ཐབས་བྱེད་ཀྱི་ཡོད་པ་དང་། ལོ་གཅིག་ལ་བསགས་པའི་རེའུ་མིག་དང་ཁུག་མ་ཅན་གྱི་ཡིག་ཚགས་དག་གཞུང་ཅོག་གྲུ་བཞི་མ་དེའི་སྟེང་དུ་བརྩེགས་བརྩེགས་ནས་ཕར་ཚུར་གྱི་ངོ་མི་མཐོང་ཀྱང་ཀུན་ལ་ཆ་རྒྱུས་ལྡན་པའི་འདོགས་ར་དེའི་དབྱངས་རྟ་སྙན་མོ་ཞིག་ཁང་ཆུང་གྲུ་བཞི་དེའི་ནང་དུ་ལྷང་ལྷང་འཁོར་བས་ལས་གྲོགས་ལྔ་བོ་ལ་སྔར་མེད་ཀྱི་ལྷིང་འཇགས་ཤིག་དང་རོལ་མྱོང་གི་ཞིང་ཁམས་གསར་བ་ཞིག་བསྐྲུན།

“ཛམ་བྷ་བཀག་ཉར་བྱས་འདུག”

“ད་མ་བཟང་། ད་འགྱོ།”

ཛམ་བྷའི་བུ་ཆུང་བ་གཉི་ག་མིང་ཐོའི་ནག་པོའི་གྲས་ནས་བླངས་ཏེ་སློབ་ཆུང་དུ་ཚུད་པ་ནས་བཟུང་ཛམ་བྷ་ལ་འགྲོ་གྲོན་སྔར་ལས་ཇེ་ཆེར་གྱུར་པས་སྡེ་ལས་ཚོགས་པའི་སྒོར་བརྒྱ་རེས་སྔོན་ལྟར་གཏུག་བཤེར་ཐག་གཅོད་ཐབས་ཤིག་ཡེ་ནས་མེད་པ་དང་། ཧྲུའུ་ཅི་མགོ་སྟིག་ནས་རོགས་སྐྱོར་གནང་མི་ཆོག་པའི་བཀའ་ཁྲ་བཅད་ཡོད་པས་ཁོ་ཡོང་ཐེངས་རེར་ཐབས་བརྒྱ་ཇུས་སྟོང་གིས་མགོ་སྐོར་བ་ནི་སྡེ་ལས་ཚོགས་པའི་འགན་འཁུར་གཙོ་བོ་ཡིན། ལོ་འགའི་སྔོན་དུ་གཞུང་ནས་ཁང་བ་ཕུབ་ཚུལ་དང་སིལ་སྒོར་བྱིན་ཚུལ། བདེ་འཇགས་སྒོར་མོ་བྱིན་ཚུལ། མ་མཐའི་འགན་དངུལ་བྱིན་ཚུལ་སོགས་གྲངས་དང་རེའུ་མིག་རེ་རེ་ཛམ་བྷ་ཡོང་ཐེངས་རེར་གཅིག་གཅིག་གཉིས་གཉིས་བྱས་ནས་བསྟན་པ་ན། རིམ་བཞིན་ཛམ་བྷའི་གཏུག་བཤེར་གྱི་གཡོ་ཐབས་ལ་འཛུལ་སའི་ཁུང་དང་འབྲོ་སའི་ལམ་མེད་པར་བཟོས་བས། སྡེ་ལས་ཚོགས་པའི་ལས་ཐབས་ལ་ཧྲུའུ་ཅི་མགོ་སྟིག་ནས་ཀྱང་གདེངས་འཇོག་ཚད་མཐོན་པོ་གནང་བ་མ་ཟད་ང་ཚོས་འདི་ལྟར་སྒྲུབ་ན་སྡེ་བའི་མེད་པོ་དག་རང་བཞིན་དུ་མེད་པར་གྱུར་པ་མ་ཡིན་ནམ་ཞེས་ལག་པས་ཐལ་ལྕག་དང་ཁ་ནས་ཧབ་ཆ་རྒྱབ་མྱོང་། འོན་ཀྱང་། བློ་ཡུལ་དུ་མ་ཤར་བ་ཞིག་ལ་ཛམ་བྷ་གྲགས་མེད་འགུལ་མེད་དུ་གྱུར་པའི་ཕུགས་ན་སྐྱོ་གར་ཅིག་གི་འགོ་རྩོམ་བཞིན་པ་སུས་ཀྱང་མ་རྟོགས། རྫོང་སྒྲིག་ཁྲིམས་གཙང་འཛིན་ལས་ཁུངས་དང་རྩ་འཛུགས་པུའུ་གཉིས་ཀྱིས་མཉམ་དུ་ཕུད་པའི་ཡིག་ཆ་ཤང་སྲིད་གཞུང་དུ་ཐོན་མ་ཐག་ཧྲུའུ་ཅི་མགོ་སྟིག་གི་ལུས་ཀྱི་ཕྱི་ནང་གཉིས་ཀར་ཆང་དྲི་ཞིག་ཁྱབ་ཅིང་ཁ་ལག་ཀྱང་བཀྲུས་མེད་པར་གློ་བུར་དུ་ཚོགས་ཁང་དུ་ཐོན་པ་དང་། མྱུར་བ་མྱུར་དུ་ཉེན་འཚབ་ཚོགས་འདུ་འཚོགས་རྒྱུའི་ཚོགས་བརྡ་བརྒྱབ་པས། ལག་གཡོག་ཆེ་མ་ཆུང་གསུམ་ཁ་ཕྱོགས་མེད་པའི་རླུང་འཚུབ་གློ་བུར་དུ་ཕྱོགས་གཅིག་ཏུ་གཡུག་པ་བཞིན་ཚོགས་ཁང་ལ་འདུས། ཧྲུའུ་ཅི་ཁྱི་སྨྱོན་བཞིན་ཚོགས་ཁང་དུ་རྒྱུགས་ཡོང་བ་དེ་ཛམ་བྷ་སྐྱབས་ན་ནིང་དགུན་ཁར་སྡེ་ལས་ཚོགས་པའི་གཞུང་སྒྲུབ་ཁང་དུ་ཐོན་དུས་ཀྱི་སྣང་བརྙན་སྐྱུར་བོ་དེ་དང་ཨ་ན་མ་ན་རེད།

“ཁྱོད་ཚོ་ཤང་སྲིད་གཞུང་གི་སྒོ་སྲུང་རེད། ང་ཡང་རེད། དེ་ཡང་མི་ཤེས་སམ། སྒོ་སྲུང་ཟེར་ན་སྒོ་འགོག་རེད། ཧ་གོ་སོང་ངམ།”

“ད་ནི་ཚང་མས་ལག་གི་ཕོར་བ་ཆག་རྒྱུར་སྒུག་ལ་སྡོད།”

“ཧྲུའུ། ཧྲུའུ་ཅི། ཁུའུ་ཤང་ཐང་། འདི།”

“མི་དགོས། འདིས་སྐྱག་གོ་ཆོད་དམ། ད་ཚང་མ་ཚར་སོང་ནི་རེད།”

ཧྲུའུ་ཅི་མགོ་སྟིག་གི་བཟི་ཡང་ཅི་ཡིན་འདི་ཡིན་མེད་པར་དྭངས་སོང་བ་འདྲ། ཧ་ཅང་གཟབ་ནན་དུ་ཡོད་པའི་གདོང་ན་རུབ་ལ་ཡོད་པའི་མིག་གཉི་གར་ཆད་སྣང་རྫོགས་མེད་ཀྱི་ཉམས་ཤིག་ཤར་ནས་ཡོད་ཀྱང་། ད་དུང་སྐད་གདངས་མཐོན་པོས་འཁང་ར་དང་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་དང་། མ་གཞི་ནས་ཐུང་བའི་སྐེ་དེར་དེ་འདྲ་འཁོར་རྒྱུ་མེད་ཀྱང་རྐུབ་སྟེབས་སྟེང་ནས་ཕར་འཁོར་ཚུར་འཁོར་གྱིས་མི་རེ་རེར་མཛུབ་མོར་གེར་ནས་དབུགས་འཚང་བཞིན་སྐད་རྒྱག་གི་ཡོད་པའི་སྒང་ལ། གློ་བུར་དུ་མཆིལ་མ་གློ་བར་འཚང་ནས་གཡག་ཞིག་ཤོར་ཀྱང་རང་རང་གི་ཕོར་བ་གཞི་ནས་བོར་ཟིན་པར་འདང་རྒྱག་གི་ནང་དུ་ལྷུང་ཡོད་པའི་དཔོན་གཡོག་ཚོའི་སྤུ་ཙམ་ཡང་སྒུལ་མ་ཐུབ། ཧྲུའུ་ཅིའང་ཅི་ཡིན་འདི་ཡིན་མེད་པར་གློ་བུར་དུ་ཚམ་ཚོམ་བྱས་རྗེས་རྒྱུ་མཚན་མེད་པར་ཚོགས་ཁང་གི་སྒོར་བུད་ནས“པད་མ་རྟགས་ཅན”གྱི་དུ་བ་རྐང་གཅིག་ལ་མེ་བསྒོ་བཞིན་ཁ་པར་རྒྱག་པའི་བཟོ་ལྟ་བྱས་པས་དཔོན་གཡོག་དམར་ལྡིང་མྱུར་མོར་གམ་དུ་རྒྱུགས་ནས་སོང་བ་ན་ཚོགས་འདུ་གྲོལ་བའི་བརྡ་ཞིག་བསྟན་རྗེས་རུས་སྦལ་ནུར་བ་བཞིན་གཞུང་སྒྲུབ་ཁང་ལ་ལོག་སོང་།

“ཆུང་མས་བཙན་འཐོར་བྱ་རྒྱུ་ཟེར།”

“ང་བཙོན་ནས་སྐྱིད་གི ངོ་མ་ཡིན།

“དགོངས་དག ཀྲུའུ་རིན་དོན་གྲུབ།”

སྡེ་ལས་ཚོགས་པའི་ཚོགས་གཙོ་དོན་གྲུབ་ཐེངས་འདིའི་དོན་དག་གི་འགན་འཁུར་བ་དང་བོ་ཡིན་པ་གདོན་མི་ཟ། ཁོ་རང་ལུས་སེམས་གཉི་ག་ཐང་ཆད་ནས་རྐང་བའང་གང་དུ་སྤོ་བཞིན་པ་མི་ཤེས་པ་ལྟ་བུ་ཞིག་ཏུ་གྱུར་ཡོད་ཀྱང་། ཨུ་ཚུགས་བཟོད་བསྲན་གྱིས་མངག་གཏོང་ཁང་དུ་རྩད་ཞིབ་ཞིག་བྱས་པར་སོང་བ་ན་སེམས་སུ་བཤད་མི་ཤེས་བའི་སྐྱོ་བ་ཞིག་གིས་ཁེངས་བར་གྱུར་བས་མངག་གཏོང་ཁང་གི་སྒོ་ཁ་ནས་གཅིག་པུ་ཁ་རོག་གེར་ངུ་ཤོམ་རྒྱགས་ཆོད་པ་ཞིག་བྱས་རྗེས་ཁྱིམ་དུ་ལོག་ནས་འབྲི་ཆུའི་ནས་ཆང་དམ་བེ་གང་གི་ཁ་ཕྱེས་པ་ན། ཆུང་མས་ཀྱང་སེམས་གསོའི་ཚུལ་དུ་ཆུ་ཚན་ཕོར་བ་གང་མདུན་དུ་གཏད།།



རྩོམ་ཡིག་སྔོན་མ།
2021ལོའི་དེབ་2པ།
རྩོམ་ཡིག་རྗེས་མ།
ང་ཡི་གླུ་གཞས་ཕྲ་མོ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1