དྲིན་གྱི་སྒྲ་དབྱངས།
ཐང་གཞུང་རྟ་མགྲིན་རྡོ་རྗེ། (བསང་ཆུ་རྫོང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-02
གཅིག
ཤར་ཕྱོགས་འཛིན་མ་རིག་ལྡན་འཁོར་ལོའི་གནས།།
ཁྱད་འཕགས་མི་ཡི་འདུ་བྱེད་ལེགས་ཚོགས་ཀྱིས།།
འགྱུར་བཞིའི་དཔལ་ལ་ངང་མོ་འཇུག་པའི་བརྟབས།།
ངོ་མཚར་ཆེ་ཞིང་འཕྲིན་ལས་དར་ཞིང་རྒྱས།།
རྣམ་དཀར་དགེ་ལེགས་བཀྲ་ཤིས་ཆར་བའི་རྒྱུན།།
ཇི་སྙེད་དཔལ་འབར་ཕུན་ཚོགས་སྡེ་བཞིའི་གཏེར།།
ལོངས་སྤྱོད་འཇོ་བ་བསོད་ནམས་ཞིང་གི་མཛོད།།
སྐལ་བཟང་བྱེ་བར་བགོ་བའི་ལེགས་སྨིན་འཁྲུངས།།
དུས་ཀྱི་གླེགས་བཟང་ཡུལ་གྱི་མགྲོན་དུ་སླེབས།།
སྲིད་ཞིའི་མེ་ལོང་དྭངས་གསལ་མཚོ་ལས་རྒྱས།།
འབངས་ཀྱི་སྐྱིད་སྡུག་ཀེ་ཏ་ཀ་ཡི་མཐུས།།
ཆུ་སྣ་འབུམ་གྱི་ཁོ་ལག་རྫོགས་པར་བྱེད།།
ཨེ་མ་མི་ཡུལ་མི་འཁྲུག་ཞི་བདེའི་གནས།།
ལེགས་དྲངས་མེས་པོའི་བྱིན་རླབས་བདེན་བཞིའི་སྟོབས།།
ས་ཆེན་གོ་ལའི་དཀའ་ཐུབ་སེལ་བའི་རྗེ།།
སྲིད་པའི་རྒྱན་དུ་བཞུགས་ན་སྐྱིད་ཅིག་རེད།།
ཡོངས་འདུས་གཙུག་ལག་སྣོད་ཀྱི་རྟེན་བཟང་འདིར།།
དཔལ་ལྡན་ས་གཞི་གྲགས་ཤིང་སྙན་པ་འབར།།
གནའ་དེང་ཤེས་རིག་མཛོད་འཛིན་ཨེ་ཤ་ཡས།།
འཛམ་གླིང་འཛིན་མ་བརྒྱན་ན་སྐྱིད་ཅིག་རེད།།
ཁབ་ཀྱི་ཆབ་འབངས་ཉལ་འགྲོ་མ་ཡི་རྒྱུན།།
འཚེ་མེད་སྲིད་མཐའི་ཀླུང་དུ་འདྲེས་པའི་རླབས།།
རླབས་ཆེན་མི་ཡི་མཛད་བཟང་གཙང་བོ་ཁྱེད།།
མངོན་སུམ་ཞིང་འདིར་བཞུར་ན་སྐྱིད་ཅིག་རེད།།
རྨ་འབྲི་རྫ་གསུམ་གང་དུ་བཞུར་ན་ཡང་།།
ལས་ཀྱི་བཀོད་པས་རྒྱ་མཚོ་ཆེན་པོར་འཁྱིལ།།
རང་བྱུང་སྙིང་ནས་བརྡོལ་བའི་ཆབ་ཀྱི་ཡུམ།།
ཚེ་བསོད་རླུང་རྟ་རྒྱས་ན་སྐྱིད་ཅིག་རེད།།
རིགས་ཀྱི་མེ་ཏོག་བཞད་པའི་དགའ་ཚལ་ནས།།
མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ་སྤུངས།།
རྫོགས་ལྡན་འཚོ་བའི་གསེར་སྦྲང་གཡུ་སྦྲང་ཚོས།།
བརྩོན་པས་སྦྲང་རྩི་གཞིབ་ན་སྐྱིད་ཅིག་རེད།།
མཐོང་ན་མཛེས་སྡུག་ཕུན་ཚོགས་བཅུད་དུ་གཏམས།།
ཐོས་ན་རྣ་བའི་བདུད་རྩི་དྲི་ཟའི་དབྱངས།།
མྱོང་ན་བདེ་དགའི་སྤུ་ལོང་རབ་གཡོ་བ།།
སྐྱིད་སྡིག་གང་ལ་ཕྲད་ན་གཏ་གྱི་གྲོགས།།
གཉིས།
དཔྱིད་ཀྱི་དཔལ་ཡོན་ཤར་ཡང་ཤར་ཏེ་ས་འཛིན་དཀར་པོའི་ཕྲག་གོང་ནས།།
རྟ་བདུན་དབང་བོ་དུབ་ཀྱང་དུབ་སྟེ་རྒྱང་རིང་ཡུལ་དུ་ཆས་པའི་དུས།།
དྲི་གཞོན་བུ་མོས་གྲེ་འགྱུར་དབྱངས་སྙན་ས་གཞི་དགྱེས་པའི་མཆོད་པ་སྟེ།།
དུས་ཀྱི་བུ་ལོན་གཞལ་བར་འཁྲེང་ནས་རེ་བའི་འདུན་པ་དང་དུ་བླངས།།
དབྱར་ཟླ་བཞི་བའི་གཞན་གསོས་བུ་མོས་བསྐལ་བའི་རྨི་ལམ་རྨི་བཞིན་དུ།།
བསོད་ནམས་ཞིང་གི་མི་ཡི་ཟློས་གར་ལྟ་བཞིན་ལྟ་བཞིན་གྲག་པའི་དུས།།
ངོ་མཚར་ལྟད་མོའི་འདུ་ལོང་འགོད་པའི་དུས་རབས་གསར་བའི་གོམ་འགྲོས་ནི།།
རླུང་དང་བསེར་བུའི་དཔུང་དུ་ཆས་ཤིང་མི་ཕམ་རྒྱལ་ཁའི་དབུ་འཕང་སྙེག།
སྟོན་ནམ་གསེར་ལྡན་ལོ་མའི་གཤོག་འགྱུ་གཙང་བོའི་ཕ་རོལ་ཁུར་ཞིང་འཁུར།།
རྨ་ཆུ་ལུ་མའི་མིག་ཞགས་རིང་མོ་གློག་དམར་འཁྱུག་འཁྱུག་ཡུལ་ལ་ལོག།
བདེན་པའི་རང་སྒྲ་ཅོ་ཀའི་དྲུག་འགྱུར་སྟོང་བསམ་བརྒལ་བའི་ཕོ་ཉ་མོ།།
ལྷ་ཡི་སྒྱུ་འཕྲུལ་མི་ཡི་རྣམ་རོལ་མཛའ་གཅུགས་བརྩེ་བའི་ཡིད་འཕྲོག་མ།།
སྲིད་ཞིའི་བདེན་འཛིན་ཉི་ཟླའི་ཞལ་རས་འཛམ་བུ་གླིང་གི་ཀུན་དགའ་བོ།།
ས་གཞི་གྲང་མོའི་རུམ་ཁོང་བརྒལ་ནས་ཕ་མཐར་སྙེག་པའི་རྟ་མཆོག་ལགས།།
མ་རིག་མུན་པའི་ཀློང་ལས་སྒྲོལ་མཛད་རིག་པའི་སྒྲོན་མེ་འདི་ན་གསལ།།
རྒྱལ་ཁམས་ཡོངས་ཀྱི་བསམ་དོན་རི་མོ་ལྷུན་གྱིས་འགྲུབ་ན་སྐྱིད་ཅིག་རེད།།
བཀྲ་ཤིས་ཕྱྭ་གཡང་མ་ལུས་རྫོགས་པའི་སུམ་རྩེན་གནས་དང་དབྱེར་མ་མཆིས།།
འབྱོར་དང་ལོངས་སྤྱོད་རྣམ་སྲས་མཛོད་ལ་འཁུ་ཞིང་རྒྱལ་བའི་སྒྲ་བརྒྱ་བས།།
སྲིད་གསུམ་སྙན་པ་གཅིག་ཏུ་བསྡུས་ཤིང་ས་སྐྱོང་རིག་པའི་དཔའ་བོ་གང་།།
མངའ་རིས་འབངས་ཀྱི་མགོན་དུ་བཞུགས་ན་ནམ་མཁའི་ནོར་བུ་ཡིན་ཡང་དགྱེས།།
སྐྱིད་ན་སྐྱིད་ཅིང་འཚོ་བའི་ཆོས་ཉིད་རྡོ་རིང་ཡི་གེའི་ངོས་སུ་བལྟམས།།
སྡུག་ན་སྡུག་ཀྱང་རྡོ་བའི་གཤིས་ཏེ་ཡ་མ་བརླ་ཡི་བརྟུལ་ཞུགས་འདོར།།
དགའ་ན་དགའ་བ་ཟོག་རྫུ་བྲལ་བ་སྤྱོད་པ་བཟང་བོའི་མཛད་འཕྲིན་མཆོག།
དུས་གསུམ་སྨོན་པའི་རྒྱུ་རུ་གྱུར་ཅིང་དྲིན་གྱི་སྒྲ་དབྱངས་ཕྱོགས་ཀུན་ཁྱབ།།