ཞི་ཅིན་ཕིང་གིས་ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུའི་ཐོག ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ་གཙོ་རྐང་བྱས་ཏེ། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་སྤུས་ཚད་མཐོན་པོའི་སྒོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-02


སྤྱི་ཟླ་8པའི་ཚེས་27ཉིན་ནས་ཚེས་28ཉིན་བར། ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

  ཀྲུང་དབྱང་མི་རིགས་ལས་དོན་གྲོས་ཚོགས་དེ་སྤྱི་ཟླ་8ཚེས་27ནས་ཚེས་28ཉིན་བར་པེ་ཅིང་དུ་འཚོགས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་ཡོད།  ཁོང་གིས། རང་རེའི་ཏང་གི་མི་རིགས་ཀྱི་ལས་དོན་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ཁོང་དུ་ཡང་དག་ཆུད་པ་དང་ཁྱོན་ཡོངས་ནས་ལག་བསྟར་འཕྱུགས་མེད་བྱེད་པ་དང་།  ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་མ་ལག་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱེད་པ།  ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་པའི་བགྲོད་ལམ་དུ་བློ་བརྟན་འགྱུར་མེད་ཀྱིས་བསྐྱོད་པ། ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་པ། མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས་འདྲིས་གཤིབ་ཡོང་བ་བྱེད་པར་སྐུལ་འདེད་གཏོང་བ། མི་རིགས་ས་ཁུལ་དེང་རབས་ཅན་དུ་འགྱུར་བ་བྱེད་པའི་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་སུ་གཏོང་བ། མི་རིགས་ལས་དོན་བཅོས་སྐྱོང་བྱེད་པ་དེ་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་བ། མི་རིགས་ཁྱབ་ཁོངས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་སྔོན་འགོག་དང་འདུམ་གཅོད་བྱེད་པ། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་སྤུས་མཐོའི་ངང་འཕེལ་རྒྱས་ཡོང་བ་བྱ་རྒྱུར་སྐུལ་འདེད་གཏོང་བ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བ་བྱེད་ཕྱིར་མཐུན་སྒྲིལ་འབད་འཐབ་བྱ་རྒྱུའི་སྐུལ་སློང་བཅས་བྱ་དགོས་ཞེས་ནན་སྟོན་གནང་ཡོད། 

    ལི་ཁེ་ཆང་གིས་ཚོགས་འདུ་གཙོ་སྐྱོང་གནང་ཡོད། ལི་ཀྲན་ཧྲུའུ་དང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་ཚོགས་འདུར་ཕེབས་ཡོད། ཝང་དབྱང་གིས་ཕྱོགས་སྡོམ་གསུང་བཤད་གནང་ཡོད།  
    ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས།  ཏང་གི་ལོ་བརྒྱའི་ལོ་རྒྱུས་ལ་ཕྱིར་དྲན་བྱེད་དུས། ཏང་གི་མི་རིགས་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ཆེ་ཤོས་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་འགྲོ་ལམ་ཐོག་བསྐྱོད་པ་དེ་རེད།   སྒྱུར་བཅོས་སྒོ་དབྱེ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རེའི་ཏང་གིས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་པོ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་མ་ལག  ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་མ་ལག་གི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་སོགས་ནན་སྟོན་བྱས་པ་དང་།  གཅིག་རྒྱུན་གཅིག་འཛིན་ཡིན་ལ་དུས་བསྟུན་འཕེལ་རྒྱས་གཏོང་བའི་ཏང་གི་མི་རིགས་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་ལག་བསྟར་བྱས་ཏེ།  མི་རིགས་གནད་དོན་ལ་སྟངས་འཛིན་བྱེད་པ་དང་མི་རིགས་ལས་དོན་ཡག་པོ་སྒྲུབ་པའི་རྩ་ཆེའི་ཉམས་མྱོང་གསོག་འཇོག་བྱས་པ་དང་། མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་ཏང་གི་དགོངས་པ་གལ་ཆེན་གྲུབ་ཡོད་ཅིང་། ཕྱོགས་བསྡུས་བྱས་ཚེ་གཤམ་གསལ་གྱི་ཕྱོགས་འགའ་ཡོད་པ་སྟེ། གཅིག་ནི་ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་ལོ་རྒྱུས་ཀྱི་གནས་བབ་ཁོང་དུ་ཆུད་པ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་ཐོག་མའི་ཀུན་སློང་དང་མཐར་ཐུག་གི་དམིགས་འབེན་ལ་བརྩིས་ཐོག དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ལ་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་གཏོང་དགོས། གཉིས་ནི་ ངེས་པར་དུ་མི་རིགས་ཁག་གིས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཕྱིར་ཐུན་མོང་དུ་འབད་འཐབ་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་བ་དང་། མི་རིགས་ཁག་གིས་དུས་རབས་ཀྱི་གོམ་སྟབས་ཀྱི་རྗེས་སུ་བསྙེགས་པ་དང་། ཐུན་མོང་དུ་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་དུ་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས། གསུམ་ནི་ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་མ་ལག་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གཙོ་རྐང་དུ་བརྩིས་ནས། མི་རིགས་ཁག་གིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་ཚད་མཐོའི་ཁས་ལེན་བྱ་རྒྱུར་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་མ་ལག་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པ། བཞི་ནི་ངེས་པར་དུ་ཡང་དག་པའི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལྟ་བ་མཐའ་འཁྱོངས་བྱས་ནས། ཀྲུང་ཧྭ་མི་རིགས་ལ་འཛིན་པའི་ཁས་ལེན་འདུ་ཤེས་དང་བཅངས་པའི་བློ་སྤོབས་ཆེ་རུ་གཏོང་དགོས། ལྔ་ནི་ངེས་པར་དུ་མི་རིགས་ཁག་ཚང་མ་འདྲ་མཉམ་དུ་འཛིན་རྒྱུ་དེ་རྒྱུན་འཁྱོངས་བྱས་ཏེ། མི་རིགས་ཁག་གིས་ཐུན་མོང་ཐོག་རང་ཁྱིམ་རང་བདག་དང་། རྒྱལ་ཁབ་ཀྱི་ལས་དོན་དོ་དམ་ནང་ཞུགས་པར་འགན་ལེན་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱ་དགོས། དྲུག་ནས་ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་མོའི་དར་ཆ་མཐོན་པོར་བསྒྲེངས་ནས། ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་མོའི་ནང་མི་རིགས་ཁག་སེ་འབྲུའི་འབྲུ་གུ་ལྟར་རྡོག་རྩ་གཅིག་ལ་སྒྲིལ་རྒྱུར་སྐུལ་འདེད་གཏོང་དགོས་པ། བདུན་ནི་ངེས་པར་དུ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་གི་སྲིད་བཀའ་ཤར་གཏོང་ཐུབ་པར་འགན་ལེན་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་ལེན་བསྟར་བར་འགན་ལེན། མི་རིགས་ཁག་གིས་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དང་དམངས་འཚོ་ལེགས་བཅོས་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས། ཐུན་མོང་ཐོག་འཕེལ་རྒྱས་དང་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བ་བྱ་དགོས། བརྒྱད་ནི་ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་ནས། མི་རིགས་ཁག་གི་མི་སེམས་གཅིག་ཏུ་འགྲིལ་བ་དང་། བསམ་པའི་ཐོག་ཕན་ཚུན་བརྟེན་རེས་ཀྱི་འབྲེལ་བ་གྲུབ་པར་བྱས་ཐོག མི་སེམས་གཅིག་ཏུ་འགྲིལ་བ་དང་མཐུན་སྒྲིལ་ཡར་བརྩོན་གྱི་བསམ་པའི་འབྲེལ་ཐག་ཆེན་པོ་ཞིག་ཆགས་པ་བྱེད་དགོས་པ། དགུ་ནི་ངེས་པར་དུ་མི་རིགས་ཁག་རྒྱ་ཁྱབ་ངང་འགྲོ་འོང་དང་སྤེལ་རེས་འདྲིས་གཤིབ་བྱ་རྒྱུར་སྐུལ་འདེད་བཏང་ནས། ཕུགས་བསམ་དང་། དད་སེམས། བརྩེ་སེམས། རིག་གནས་བཅས་ཐད་ཀྱི་མི་རིགས་ཁག་གི་མཐུན་སྒྲིལ་གཅིག་གྱུར་ལ་སྐུལ་འདེད་གཏོང་བ་དང་། ཕན་ཚུན་རོགས་རེས་དང་ཕན་ཚུན་བར་བརྩེ་སེམས་ཟབ་མོ་ཆགས་པ་བྱ་དགོས། བཅུ་ནི་ངེས་པར་དུ་ཁྲིམས་ལྟར་མི་རིགས་ལས་དོན་ལ་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། མི་རིགས་ལས་དོན་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས། བཅུ་གཅིག་ནི་ངེས་པར་དུ་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པ་དང་།  མི་རིགས་ཁག་གིས་རྒྱལ་གཅེས་རིང་ལུགས་ཀྱི་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་།  རང་རྟོགས་ངང་མེས་རྒྱལ་གོང་བུ་གཅིག་གྱུར་དང་། རྒྱལ་ཁབ་བདེ་འཇགས། སྤྱི་ཚོགས་བརྟན་བརླིང་བཅས་ལ་སྲུང་སྐྱོང་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས་པ། བཅུ་གཉིས་ནི་ངེས་པར་དུ་ཏང་གིས་མི་རིགས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། མི་རིགས་གནད་དོན་ཐག་གཅོད་དང་མི་རིགས་ལས་དོན་ཡག་པོ་སྒྲུབ་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས། རང་རེའི་ཏང་གི་མི་རིགས་ལས་དོན་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ནི། ཏང་གི་མི་རིགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་ཐད་ཀྱི་བློ་གྲོས་ཀྱི་སྙིང་བཅུད་ཡིན་པ་དང་། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་རྩ་བའི་བསྲུང་བྱ་ཡིན་པས། ཏང་ཡོངས་ཀྱིས་ངེས་པར་དུ་ཆ་ཚང་དང་། འཕྱུགས་མེད། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དོན་འཁྱོལ་མཐར་ཕྱིན་བྱེད་དགོས་ཞེས་བསྟན་གནང་ཡོད། 
    ཞི་ཅིན་ཕིང་གིས། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ཡག་པོ་སྒྲུབ་པར། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་མ་ལག་གི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་ཏང་གི་མི་རིགས་ལས་དོན་གྱི་གཙོ་རྐང་དུ་བརྩི་དགོས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་མ་ལག་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ནི་མི་རིགས་ཁག་གི་མི་དམངས་ལ་སྣེ་ཁྲིད་བྱས་ཏེ་སྐྱིད་སྡུག་མཉམ་མྱོང་དང་། ཁྲེལ་གྲགས་མཉམ་ཁུར། མཉམ་ཤི་མཉམ་གསོན། ལས་དབང་གཅིག་མཐུན་བཅས་ཀྱི་ཐུན་མོང་མ་ལག་གི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་རེད།  ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་མ་ལག་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ནི་མི་རིགས་ཁག་གི་རྩ་བའི་ཁེ་ཕན་ལ་སྲུང་སྐྱོང་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཡིན། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་མ་ལག་འདུ་ཤེས་བརྟན་པོ་འཛུགས་པ་དང་། རྒྱལ་ཁབ་གཅིག་གྱུར་དང་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་བསམ་བློའི་ལྕགས་རི་རིང་པོ་བསྐྲུན་པ། མི་རིགས་ཁག་གིས་ཐུན་མོང་ཐོག་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་བརྟན་བརླིང་ལ་སྲུང་སྐྱོང་ཡག་པོ་བྱས་ཚེ། གཞི་ནས་ཐལ་སྐྱོད་དང་ཁ་ཕྲལ་བསམ་བློ་སྣ་ཚོགས་སིམ་འཛུལ་དང་རྩ་སློག་གི་བྱ་སྤྱོད་ཐོན་རྒྱུར་བཀག་འགོག་ནུས་ལྡན་བྱེད་ཐུབ་པ་དང་། གཞི་ནས་མི་རིགས་ཁག་གི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་ཕུགས་འདུན་རྒྱུན་ཆད་མེད་པར་མངོན་འགྱུར་ཐུབ་པ། གཞི་ནས་མི་རིགས་ཁག་གི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་གཏོང་ཐུབ།  ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་མ་ལག་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་བྱེད་པའི་ལྡོག་མེད་ཀྱི་རེ་བ་ཞིག་ཡིན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་མ་ལག་འདུ་ཤེས་བརྟན་པོ་བཙུགས་ཚེ། གཞི་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་བརྒྱུད་རིམ་ཁྲོད་མི་རིགས་ཁྱབ་ཁོངས་སུ་ཐོན་སྲིད་པའི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་ནུས་ལྡན་གཅོག་ཐུབ་པ་དང་། གཞི་ནས་ཏང་དང་རྒྱལ་ཁབ་ཡར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་བསམ་པའི་འགན་ལེན་གལ་ཆེན་བྱེད་ཐུབ།  ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་མ་ལག་གི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ནི་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཡིན།  ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་མ་ལག་འདུ་ཤེས་བརྟན་པོ་བཙུགས་ཚེ། གཞི་ནས་མི་རིགས་ཁག་གིས་ཀྲུང་ཧྭ་མི་རིགས་ལ་འཛིན་པའི་རང་རྟོགས་ངོས་འཛིན་གཅིག་མཐུན་ཟབ་ཏུ་གཏོང་ཐུབ་པ་དང་། རང་རྒྱལ་གྱི་མི་རིགས་འབྲེལ་བ་འཕེལ་རྒྱས་གཏོང་བའི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་ཐུབ་པ། ཀྲུང་ཧྭ་མི་རིགས་འདི་ཉིད་ཐུན་མོང་ངོས་འཛིན་གྱི་ཚད་གཞི་སྔར་བས་མཐོ་བ་དང་། གོང་བུ་འགྲིལ་ཤུགས་དེ་བས་ཆེ་བའི་ལས་དབང་གཅིག་མཐུན་མ་ལག་ཅིག་ཏུ་འགྱུར་རྒྱུར་སྐུལ་འདེད་གཏོང་ཐུབ།  ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་མ་ལག་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ནི་ཏང་གི་མི་རིགས་ལས་དོན་གྱི་རྣམ་པ་གསར་པ་གཏོད་པའི་ལྡོག་མེད་ཀྱི་རེ་བ་ཞིག་ཡིན་པས། དུས་རབས་ཀྱི་འགྱུར་ལྡོག་དང་བསྟུན་པ་དང་། ཐུན་མོང་རང་བཞིན་ཟབ་ཏུ་གཏོང་བའི་ཁ་ཕྱོགས་ལྟར་མི་རིགས་ལས་དོན་ལ་ལེགས་བཅོས་བྱེད་པ་དང་། ཐུན་མོང་རང་བཞིན་དང་དབྱེ་བ་ཡོད་པའི་རང་བཞིན་གྱི་རྩོད་སྒྲུབ་གཅིག་གྱུར་ཡོང་བ་བྱེད་པ། མི་རིགས་རྒྱུ་རྐྱེན་དང་ས་ཁོངས་ཀྱི་རྒྱུ་རྐྱེན་ཟུང་འབྲེལ་དམ་ཟབ་ཐུབ་པ་བཅས་བྱས་ཚེ། གཞི་ནས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ཡག་པོ་དང་ཏན་ཏིག་སྒྲུབ་ཐུབ་ཅེས་ནན་སྟོན་གནང་ཡོད། 

    ཞི་ཅིན་ཕིང་གིས། ཏང་གི་མི་རིགས་ལས་དོན་གསར་གཏོད་འཕེལ་རྒྱས་གཏོང་བར་ཡང་དག་པའི་ཆ་རྒྱུན་འཁྱོངས་དང་། དུས་ལས་ཡོལ་བར་ལེགས་སྒྲིག་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་དེ་བས་ལེགས་པའི་སྒོ་ནས་འགན་ལེན་བྱེད་དགོས།  ཐུན་མོང་རང་བཞིན་དང་ཁྱད་པར་རང་བཞིན་གྱི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པ་བྱེད་པ་དང་། ཐུན་མོང་རང་བཞིན་ཤུགས་ཆེར་གཏོང་བ་དང་། ཁྱད་པར་རང་བཞིན་ལ་བརྩི་འཇོག་དང་ཁོག་ཡངས་བྱ་རྒྱུ་ནི་མི་རིགས་ལས་དོན་གྱི་རྩ་དོན་གལ་ཆེན་ཞིག་རེད།  ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་མ་ལག་འདུ་ཤེས་དང་མི་རིགས་ཁག་གི་འདུ་ཤེས་དབར་གྱི་འབྲེལ་བ་སྟངས་འཛིན་ཡང་དག་བྱེད་པ་དང་། མི་རིགས་ཁག་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་ཀྱི་ཁེ་ཕན་གལ་ཆེ་ཤོས་སུ་འཇོག་པར་ཁྲིད་སྟོན་བྱེད་པ་དང་། རང་མི་རིགས་ཀྱི་འདུ་ཤེས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་མ་ལག་འདུ་ཤེས་ལ་བརྩི་སྲུང་དང་ཞབས་འདེགས་ཞུ་བ་དང་ཆབས་ཅིག ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་མ་ལག་གི་ཁེ་ཕན་མངོན་འགྱུར་ཡོང་བ་བྱེད་པའི་འཕེལ་རིམ་ཁྲོད་མི་རིགས་ཁག་གི་ཞིབ་ཕྲའི་ཁེ་ཕན་མངོན་འགྱུར་ཡག་པོ་ཐུབ་པ་བྱེད་དགོས།  རྒྱ་རིགས་ཆེན་པོའི་རིང་ལུགས་དང་ས་གནས་ཀྱི་མི་རིགས་རིང་ལུགས་ཚང་མ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་མ་ལག་འཛུགས་སྐྱོང་ལ་ཕན་པ་མེད་པ་ཞིག་རེད། ཀྲུང་ཧྭའི་རིག་གནས་དང་མི་རིགས་ཁག་གི་རིག་གནས་ཀྱི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པ་བྱེད་དགོས། མི་རིགས་ཁག་གི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཚང་མ་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་ཡིན་པ་དང་། ཀྲུང་ཧྭའི་རིག་གནས་ནི་གཙོ་རྐང་དེ་ཡིན་ཞིང་། མི་རིགས་ཁག་གི་རིག་གནས་ནི་ཡལ་འདབ་ཡིན་པ།  རྩ་བ་ནི་ཟབ་ལ་སྟོབས་དང་ལྡན་ཚེ། གཞི་ནས་ཡལ་ག་དང་ལོ་འདབ་རྒྱས་པར་འགྱུར་ཐུབ། དངོས་པོ་དང་བསམ་པའི་འབྲེལ་བར་སྟངས་འཛིན་ཡང་དག་བྱས་ཏེ།  སྒྱུར་བཅོས་དང་འཕེལ་རྒྱས་ཚང་མར་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་མ་ལག་འདུ་ཤེས་ཀྱི་དོན་སྙིང་མངོན་པར་བྱེད་པ་དང་། གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་དོན་སྙིང་མངོན་པར་བྱེད་པ།  དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་ཏུ་སྒྲིལ་བའི་དོན་སྙིང་མངོན་པར་བྱེད་པ་བཅས་བྱས་ཐོག ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་མ་ལག་སྲ་ཞིང་བརྟན་པ་ཞིག་ཆགས་པ་བྱ་དགོས་ཞེས་བསྟན་ཡོད། 

    ཞི་ཅིན་ཕིང་གིས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་མ་ལག་འདུ་ཤེས་བརྟན་པོ་འཛུགས་རྒྱུ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་རྩ་གནད་ཅིག་ཡིན་པས། ལས་དོན་ཐམས་ཅད་དེའི་ཐད་གཅིག་སྡུད་བྱེད་དགོས།  ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས།  སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ལོ་རྒྱུས་ཀྱི་སློབ་སྦྱོང་དང་སློབ་གསོའི་ཁྲོད།  རང་རེའི་ཏང་གི་ལོ་བརྒྱའི་མི་རིགས་ལས་དོན་གྱི་ལེགས་གྲུབ་ལྡན་པའི་ཉམས་མྱོང་ཕྱོགས་བསྡོམས་གཏིང་ཟབ་བྱེད་པ་དང་། མི་རིགས་ལས་དོན་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་རང་རེའི་ཏང་གི་དགོངས་དོན་གལ་ཆེན་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ། དེང་རབས་ཤེས་དཔལ་གྱི་སློབ་གསོ་རྒྱག་ཤུགས་ཆེ་རུ་གཏོང་བ། ཤེས་དཔལ་གསར་གཏོད་དང་། སྤྱི་དམངས་ཀྱི་ཀུན་སྤྱོད་ལེགས་སྤེལ། དུས་རབས་གསར་པའི་མི་སྣ་གསར་པ་གསོ་སྐྱོང་བྱེད་པ་སོགས་ཀྱི་ལས་གཞི་ལག་བསྟར་གཏིང་ཟབ་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་དང་། བསམ་པའི་འདོད་ཕྱོགས། འཚོ་བ་སྐྱེལ་སྟངས་བཅས་དེང་རབས་ཅན་དུ་འགྱུར་བ་བྱ་རྒྱུར་ཁྲིད་སྟོན་བྱ་དགོས།  རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བ་དང་། མི་རིགས་ཁག་གི་སྐད་ཡིག་ལ་ཚན་རིག་དང་མཐུན་པའི་ངང་སྲུང་སྐྱོང་བྱེད་པ། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་པར་བརྩི་འཇོག་དང་འགན་སྲུང་བྱ་དགོས་ཞེས་ནན་སྟོན་གནང་ཡོད།

     ཞི་ཅིན་ཕིང་གིས། མི་རིགས་ཁག་ཐུན་མོང་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས། ཧེ་བག་ཅན་གྱི་ས་ཁོངས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་བཏང་ནས། མི་རིགས་ས་ཁུལ་གྱིས་སྒྱུར་བཅོས་སྒོ་དབྱེ་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་། རང་ངོས་འཕེལ་རྒྱས་གཏོང་ནུས་ཆེ་རུ་གཏོང་དགོས། མི་རིགས་ས་ཁུལ་གྱིས་ཐོན་ཁུངས་ཀྱི་ལེགས་ཆ་དང་། འཕེལ་རྒྱས་ཀྱི་ཆ་རྐྱེན། བསྡུར་བའི་བཟང་ཆ་སོགས་དོན་དངོས་ལ་གཞི་ཚུགས་ནས། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སྟངས་འཛིན་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་འདྲེས་པར་བྱེད་པ། སྤུས་མཐོའི་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱེད་པ། ཐུན་མོང་ཐོག་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འགོ་འཛུགས་ས་དང་ཤུགས་རྒྱག་ས་ནུས་ཤུགས་ཡོད་རྒུས་འཚོལ་ཞིབ་བྱེད་དགོས།  མི་རིགས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཐོན་ལས་གྲུབ་གཞི་ལེགས་སྒྲིག་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་བཅས་ཀྱི་སྤྱིའི་བཀོད་སྒྲིག་ལེགས་སུ་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། སྐྱིད་ཚོར། བདེ་ཚོར་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།  མི་རིགས་ས་ཁུལ་དུ་དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དེ། གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ། ཞིང་འབྲོག་ལས་སྤུས་ཚད་ལེགས་ལ་ཕན་འབྲས་ཆེ་བ་དང་། གྲོང་གསེབ་གནས་སྡོད་དང་ལས་ཞུགས་ལ་འཚམས་པ། ཞིང་འབྲོག་པ་འབྱོར་ཕྱུག་ལྡན་པ་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།  མཐའ་རྒྱུད་གསར་སྤེལ་གྱི་སྒྱུར་བཅོས་སྲིད་ཇུས་མ་ལག་འཐུས་ཚང་དུ་བཏང་ནས། མཐའ་བརྟན་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་ཞེས་བསྟན་གནང་ཡོད།

    ཞི་ཅིན་ཕིང་གིས། མི་རིགས་ཁག་དབར་གྱི་འགྲོ་འོང་དང་སྤེལ་རེས་འདྲེས་གཤིབ་ལ་སྐུལ་འདེད་གཏོང་དགོས།  མི་རིགས་མི་འདྲ་བ་དང་ས་ཁུལ་མི་འདྲ་བའི་དོན་དངོས་ལ་བསམ་གཞིགས་གང་ལེགས་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་གྱི་བཀོད་པ་འཆར་འགོད་དང་སྤྱི་པའི་ཞབས་ཞུའི་ཐོན་ཁུངས་ཆ་སྦྱོར་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། སྲིད་ཇུས་དང་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ། ཁོ་ར་ཁོར་ཡུག་གི་རྣམ་པ་སྐྲུན་པ་བཅས་བྱས་ཏེ། མི་རིགས་ཁག་བར་སྟོང་དང་། རིག་གནས། དཔལ་འབྱོར། སྤྱི་ཚོགས། སེམས་ཁམས་སོགས་ཕྱོགས་གང་ཅིའི་ཐད་ནས་རིམ་བཞིན་འབྲེལ་འདྲིས་ཐུབ་པ་བྱ་དགོས།  མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་གཏིང་ཟབ་བྱས་ཐོག ནང་དོན་གཏིང་ཟབ་ཏུ་གཏོང་བ་དང་། རྣམ་པ་ཕུན་སུམ་ཚོགས་སུ་གཏོང་བ། བྱ་ཐབས་གསར་གཏོད་བཅས་བྱེད་དགོས།  ཀྲུང་ཧྭ་མི་རིགས་གཅིག་མཐུན་མ་ལག་གི་འདུ་ཤེས་དྲིལ་བསྒྲགས་སློབ་གསོའི་རྒྱུན་རྣམ་ཅན་གྱི་ལམ་སྲོལ་བརྟན་པོ་འཛུགས་རྒྱུ་དེ་ལས་བྱེད་པར་སློབ་གསོ་གཏོང་བ་དང་། ཏང་ཡོན་ལ་སློབ་གསོ་གཏོང་བ། རྒྱལ་དམངས་ལ་སློབ་གསོ་གཏོང་བ་བཅས་ཀྱི་མ་ལག་ནང་བཅུག་ཐོག སྤྱི་ཚོགས་ཀྱི་དྲིལ་བསྒྲགས་སློབ་གསོ་ཡག་པོ་རྒྱག་དགོས་ཞེས་ནན་སྟོན་གནང་ཡོད། 

    ཞི་ཅིན་ཕིང་གིས། མི་རིགས་ལས་དོན་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་དགོས། ས་ཁུལ་མི་འདྲ་བ་དང་མི་རིགས་མི་འདྲ་བའི་དོན་དངོས་ལ་གཞིགས་ནས། དྲང་གཞག་དྲང་བདེན་རྩ་དོན་དུ་བྱས་ཏེ་ས་ཁོངས་ཅན་དང་གནད་སྨིན་རང་བཞིན་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། དམིགས་བསལ་ས་ཁུལ་དང་། དམིགས་བསལ་གནད་དོན། དམིགས་བསལ་བྱ་དོན་བཅས་ལ་དམིགས་ནས། ཧེ་བག་ཡོད་པའི་ས་ཁོངས་རྒྱབ་སྐྱོར་སྲིད་ཇུས་དེ་བས་མང་བ་བཟོ་དགོས།  མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་ལྟར་འགན་སྲུང་བྱེད་པ་དང་། མི་རིགས་ཀྱི་རྒྱུ་རྐྱེན་དང་འབྲེལ་བ་ཡོད་པའི་གྱོད་གཞིའི་དོན་རྐྱེན་ཁྲིམས་ལྟར་ཐག་གཅོད་འོས་འཚམ་བྱེད་པ། ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་བ་བཅས་བྱས་ཏེ། བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡོང་བ་བྱ་དགོས་ཞེས་བསྟན་ཡོད། 

    ཞི་ཅིན་ཕིང་གིས། མི་རིགས་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མི་མངོན་པའི་རྐྱེན་ངན་ཆེ་རིགས་ལ་དོགས་ཟོན་མཐའ་གཅིག་ཏུ་བྱ་དགོས། འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་བརྟན་སྲུང་དང་། མི་རིགས་ཀྱི་རྒྱུ་རྐྱེན་དང་འབྲེལ་བའི་འདུ་ཤེས་འཛིན་སྟངས་ཀྱི་གནད་དོན་ཐག་གཅོད་འོས་འཚམ་བྱས་ཏེ། མི་རིགས་ཁ་བྲལ་དང་ཆོས་ལུགས་ཀྱི་ཐལ་དྲགས་པའི་བསམ་བློའི་དུག་རྒྱུན་རྒྱུན་མཐུད་ངང་གཙང་སེལ་བྱ་དགོས།  རྒྱལ་སྤྱིའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། གཙོ་གནད་རྒྱལ་ཁབ་དང་ས་ཁུལ་དང་། རྒྱལ་སྤྱིའི་རྩ་འཛུགས། ཕྱི་རྒྱལ་དུ་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་སྤུན་ཟླའི་མི་ཚོགས་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས་ཞེས་ནན་སྟོན་གནང་ཡོད། 

    ཞི་ཅིན་ཕིང་གིས། ཏང་གི་ཁྱོན་ཡོངས་འགོ་ཁྲིད་ལ་ཤུགས་སྣོན་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་ཆབ་སྲིད་ཀྱི་འགན་ལེན་ཡིན།  རིམ་ཁག་ཏང་ཨུད་ཀྱིས་འདུ་ཤེས་བཞི་ཆེ་རུ་གཏོང་བ་དང་། བློ་སྤོབས་བཞི་བརྟན་དུ་གཏོང་བ།  སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ཏེ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཆེ་རུ་ཟམ་མི་ཆད་པར་གཏོང་བ་དང་། རྒྱལ་ཁབ་ཀྱི་དོན་ཆེན་ཡིད་ལ་བརྟན་པོར་བཅངས་ཏེ། བྱེད་པོའི་འགན་འཁྲི་ནན་ཏན་ངང་སྒྲུབ་པ་དང་། ཏང་གི་འགོ་ཁྲིད་དེ་མི་རིགས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་བྱེད་པ་དང་། སྲིད་གཞུང་ཀྱིས་ཁྲིམས་ལྟར་དོ་དམ་བྱེད་པ། འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གིས་སྣེ་ཁྲིད་ནས་མཐུན་སྦྱོར་བྱེད་པ། མི་རིགས་ལས་དོན་སྡེ་ཁག་གིས་རང་འགན་གཙང་སྒྲུབ་བྱེད་པ། སྡེ་ཁག་སོ་སོས་མཉམ་ལས་མཉམ་སྒྲུབ་བྱེད་པ། སྤྱི་ཚོགས་ཡོངས་མཉམ་དུ་ཞུགས་པ་བཅས་ཀྱི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གནས་སྟངས་ཤིག་ཆགས་པ་བྱེད་དགོས། གཞི་རིམ་གྱི་མི་རིགས་ལས་དོན་ལས་ཁུངས་འཛུགས་སྐྱོང་དང་མི་རིགས་ལས་དོན་གྱི་སྟོབས་ཤུགས་ལ་ཤུགས་སྣོན་བརྒྱབ་ནས་གཞི་རིམ་གྱི་མི་རིགས་ལས་དོན་ནུས་ལྡན་ངང་བསྒྲུབ་ཐུབ་རྒྱུར་འགན་ལེན་བྱེད་དགོས། དུས་རབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་མཐའ་འཁྱོངས་བྱེད་པ་དང་།  ཏང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་པའི་རྣམ་འགྱུར་ཧ་ཅང་བརྟན་པ་དང་། བྱ་དོན་ཆེ་ཆུང་གི་མདུན་དུ་ལངས་ཕྱོགས་ཧ་ཅང་གསལ་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་མ་ལག་གི་འདུ་ཤེས་བྱ་སྤྱོད་ཧ་ཅང་བརྟན་པ། མི་རིགས་ཁག་གི་མང་ཚོགས་ལ་དགའ་ཞེན་ཧ་ཅང་ཆེ་བ་བཅས་ཀྱི་མི་རིགས་ས་ཁུལ་གྱི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱས་ནས། རིམ་པ་ཁག་གི་འགོ་ཁྲིད་ཀྱི་དབང་ཆ་དེ་བློ་དཀར་སེམས་དཀར་དང་། སྤྱོད་པ་གཙང་བ། འགན་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པའི་ལག་ཏུ་ཡོད་པའི་འགན་ལེན་ཏན་ཏིག་བྱ་དགོས། དཀའ་ཚེགས་ཆེ་བའི་ས་ཁུལ་དུ་ལས་ཀ་བྱེད་མཁན་ལས་བྱེད་པར་སྔར་བས་མཐོང་ཆེན་དང་། ཐུགས་ཁུར། གཅེས་སྐྱོང་བཅས་བྱས་ཏེ། ཕུལ་བྱུང་ཤེས་ལྡན་པ་སྔར་ལས་མང་བའི་ཡིད་དབང་འགུགས་ཐུབ་པ་བྱ་དགོས། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་དང་བེད་སྤྱོད་གཏོང་རྒྱུར་མཐོང་ཆེན་བྱས་ནས། ཆབ་སྲིད་ཐད་ཉམས་སད་ཐེག་ཅིང་འགན་འཁུར་ཕོད་པའི་གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་ལས་བྱེད་པར་ཡིད་ཆེས་གང་ལེགས་བྱེད་པ་དང་ལས་འགན་གལ་ཆེན་འཁུར་དུ་འཇུག་དགོས། མི་རིགས་ས་ཁུལ་གྱི་གཞི་རིམ་སྲིད་དབང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། གཞི་རིམ་གྱི་རྨང་གཞི་བརྟན་དུ་བཏང་ནས། ཏང་གི་མི་རིགས་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་གཞི་རིམ་དུ་ཤེས་མཁན་ཡོད་པ་དང་མི་རིགས་ལས་དོན་ལ་གཞི་རིམ་དུ་དམ་འཛིན་བྱེད་མཁན་ཡོད་པ་འགན་ལེན་བྱེད་དགོས་ཞེས་གསུངས་ཡོད།  

    ལི་ཁེ་ཆང་གིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་རང་རེའི་ཏང་གི་མི་རིགས་ལས་དོན་གྱི་ལོ་བརྒྱའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་འཕེལ་རིམ་དང་ལོ་རྒྱུས་གྲུབ་འབྲས་ལ་ཁྱོན་ཡོངས་ནས་ཕྱིར་དྲན་གནང་ཡོད་ཅིང་།  མིག་སྔའི་ཏང་གི་མི་རིགས་ལས་དོན་གྱི་མདུན་དུ་འཕྲད་པའི་གནས་བབ་གསར་པར་དབྱེ་ཞིབ་གཏིང་ཟབ་གནང་བ་དང་།  མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་བཅོས་གཏོང་རྒྱུའི་སྐོར་གྱི་རང་རེའི་ཏང་གི་དགོངས་དོན་གལ་ཆེན་གསལ་འགྲེལ་ཆ་ཚང་བ་གནང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་མ་ལག་གི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་གནད་དུ་བྱས་ཏེ་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་སྤུས་མཐོའི་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བའི་མཛུབ་ཁྲིད་བསམ་བློ་དང་། འཐབ་ཇུས་དམིགས་འབེན། གཙོ་གནད་ལས་འགན། སྲིད་ཇུས་བྱེད་ཐབས་བཅས་ཁ་གསལ་བཏོན་གནང་ནས།  དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་ལེགས་པོ་བསྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་། རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད་པས། ཆབ་སྲིད་ཀྱི་རང་བཞིན་དང་། བསམ་བློའི་རང་བཞིན། རིགས་པའི་གཞུང་ལུགས་ཀྱི་རང་བཞིན་བཅས་ཆེན་པོ་ལྡན་ཡོད་པ་དང་། ཏང་གི་མི་རིགས་ལས་དོན་ཁྱབ་ཁོངས་སུ་ཏང་གི་རྒྱལ་ཁབ་སྐྱོང་བའི་ཇུས་གཞི་ཆེན་པོ་གཅིག་བསྡུས་ངང་མངོན་པ་ཞིག་རེད། སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ནས།  འདུ་ཤེས་བཞི་ཆེ་རུ་གཏོང་བ་དང་། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ནས། རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་བྱེད་པ་དང་། རང་ས་གནས་དང་རང་སྡེ་ཁག་གི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལས་འགན་ཁག་དོན་འཁྱོལ་མཐར་ཕྱིན་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས་ཞེས་བསྟན་ཡོད། 

    ཝང་དབྱང་གིས་ཕྱོགས་སྡོམ་གསུང་བཤད་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དོན་སྙིང་གཏིང་ཟབ་པ་དང་དགོངས་པ་རྒྱ་ཆེ་བས། དུས་རབས་གསར་པའི་མི་རིགས་ལས་དོན་ཐད་དར་ཆ་གང་ཞིག་སྒྲེང་བ་དང་ལམ་ཁ་གང་དུ་བསྐྱོད་པ་སོགས་ཀྱི་གནད་དོན་གལ་ཆེན་ལ་ཚན་རིག་དང་མཐུན་པའི་ངང་ལན་བཏབ་གནང་ཡོད། དེ་ནི་ཏང་གི་མི་རིགས་ལས་དོན་ལག་ལེན་ཁྲོད་ཀྱི་ཕྱོགས་སྡོམ་གསར་ཤོས་དང་། མར་ཁེ་སི་རིང་ལུགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་ཤོས། དུས་རབས་གསར་པའི་མི་རིགས་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་གཞི་འཛིན་ས་བཅས་རེད། མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ཆ་ཚང་ཞིང་འཕྱུགས་པ་མེད་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ཁོང་དུ་ཆུད་པ་བྱས་ཏེ། ལྟེ་བའི་དོན་སྙིང་དང་། དགོངས་དོན་གྱི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་བླང་བྱ་བཅས་ལ་གོ་བ་གཏིང་ཟབ་ལེན་དགོས། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་རྒྱང་སྐྱོད་ལམ་བུའི་ཐོག་ནས་ད་ལྟའི་དུས་མཚམས་ཀྱི་མི་རིགས་ལས་དོན་གྱི་ལོ་རྒྱུས་ངེས་གནས་དང་ལས་འགན་གལ་ཆེན་ཁོང་དུ་ཆུད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་མ་ལག་གི་འདུ་ཤེས་འཛུགས་པའི་ལོ་རྒྱུས་ཀྱི་ལྡོག་མེད་རང་བཞིན་དང་། ཤིན་ཏུ་གལ་ཆེ་བའི་རང་བཞིན། དངོས་ཡོད་ཀྱི་དམིགས་སའི་རང་བཞིན་བཅས་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་དེ་ཉིད་མི་རིགས་ལས་དོན་གྱི་ཁྱབ་ཁོངས་ཁག་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་རྣམ་པ་སྣ་ཚོགས་ཀྱི་སློབ་སྦྱོང་དང་གསོ་སྦྱོང་དྲིལ་བསྒྲགས་དང་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་དང་། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་བསམ་འཆར་ཞིབ་འཇུག་དང་བཟོ་བ། འགོ་ཁྲིད་ལ་ཤུགས་སྣོན་དང་འགན་འཁྲི་ཏན་ཏིག་འཁུར་བ། མཐུན་སྦྱོར་ཡག་པོ་དང་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་ཞེས་བསྟན་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་སོགས་ཚོགས་འདུར་ཞུགས་ཡོད་པ་རེད། 

    ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཁག་དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེའི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོ་དང་མི་རིགས་ལས་དོན་གྱི་འགན་འཁུར་བློ་མཐུན།  འཆར་གཞི་ཟུར་བཀོད་གྲོང་ཁྱེར་ཁག་དང་རང་སྐྱོང་ཁུལ་ཏང་ཨུད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། འབྲེལ་ཡོད་མི་དམངས་ཚོགས་པ། ཀྲུང་དབྱང་དམག་ཨུད་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། འབྲེལ་ཡོད་དངུལ་རྩའི་ལས་ཁུངས་དང་ཁེ་ལས། དམག་དཔུང་གི་འབྲེལ་ཡོད་ཚན་པ། འབྲེལ་ཡོད་ཞིབ་འཇུག་ལས་ཁུངས་བཅས་ཀྱི་འགན་འཁུར་བློ་མཐུན་སོགས་ཚོགས་འདུར་ཞུགས་ཡོད་པ་རེད། ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་པ་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཁག་དང་། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེར་ཡན་ལག་ཚོགས་ར་བཙུགས་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1