ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་7ཚེས་23ཉིན་གློག་འཕྲིན་འབྱོར་གསལ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་བོད་དུ་ཕེབས་ཏེ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་གནང་བ་དང་། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཏང་ཀྲུང་དབྱང་གི་ཐུགས་ཁུར་གནང་ལུགས་མཚོན་པར་གནང་བ་རེད། ཞི་ཅིན་ཕིང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཀྱི་ངོས་ནས་བོད་དུ་ཕེབས་ཏེ་བོད་ཞི་བས་བཅིངས་འགྲོལ་བཏང་བར་རྟེན་འབྲེལ་ཞུས་གནང་བ་དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན་པས། ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་ཡོད།
ཞི་ཅིན་ཕིང་གིས་གསུངས་དོན། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་དཀའ་སྤྱད་འབད་འཐབ་དང་འབད་འབུངས་ལྷོད་མེད་བྱས་པ་བརྒྱུད། སྤྱི་ཚོགས་ཀྱི་ལམ་ལུགས་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཕྱིན་པ། མི་དམངས་ཀྱི་འཚོ་བ་ལེགས་སུ་ཤུགས་ཆེན་ཕྱིན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་སྔོན་ཆད་དང་བསྡུར་ཐབས་མེད་པའི་འཕོ་འགྱུར་བྱུང་ཡོད། དེ་དག་ལས་ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ལ། བོད་ལྗོངས་གསར་པ་དེ་བས་ཀྱང་མེད། ཏང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛད་ཕྱོགས་དང་སྲིད་ཇུས་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པ་ལག་ལེན་ལས་ར་སྤྲོད་གང་ལེགས་བྱུང་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་བཀོད་ཇུས་གསར་པར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་ཐུབ་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ།
བརྟན་བརླིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་དམ་འཛིན་ཡག་པོ་བྱས་ཏེ་མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པར་སྐུལ་འདེད་གཏོང་བ་དང་གངས་ལྗོངས་ས་མཐོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས།
ཟླ་7ཚེས་21ནས་23ཉིན་བར། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་ཆེ་དགྲ་ལྷའི་ཕེབས་རོགས་འོག་ཞི་ཅིན་ཕིང་སྔ་རྗེས་སུ་ཉིང་ཁྲི་དང་ལྷ་ས་སོགས་ཀྱི་གྲོང་གསེབ་དང་། གྲོང་ཁྱེར་སྤྱི་གླིང་། ལྕགས་ལམ་ལྟེ་བ། ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ། རིག་གནས་ཁྲོམ་ཁུལ་སོགས་སུ་ཕེབས་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་བ་རེད།
ཚེས་21ཉིན་གྱི་སྔ་དྲོའི་ཆུ་ཚོད་11ཙམ་ལ། ཞི་ཅིན་ཕིང་གནམ་གྲུར་བཞུགས་ནས་ཉིང་ཁྲི་སྨན་གླིང་གནམ་ཐང་དུ་ཕེབས་པ་རེད། བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ལག་ཏུ་མེ་ཏོག་འཁྱེར་བ་དང་གླུ་ལེན་གར་འཁྲབ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་དང་ཆབས་ཅིག་སྤྱི་ཁྱབ་ཧྲུའུ་ཅིར་མཇལ་དར་བསྒྲོན་པ་དང་། ཕྱེ་མར་དང་མཆོད་ཆང་བཀྱགས་ནས་སྤྱི་ཁྱབ་ཧྲུའུ་ཅིར་སྙིང་དབུས་ནས་སྨོན་འདུན་ཞུས་པ་རེད།
དེ་རྗེས་ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ཏེ་ཉང་ཆུའི་ཟམ་ཆེན་དུ་ཕེབས་ནས་རླབས་ཕྲེང་ཆལ་ཆིལ་དུ་འཕྱུར་བ་དང་རྩྭ་རྩི་ཤིང་སྔོ་ཐིང་ཐིང་གི་ཡར་ཉང་འདམ་རར་རྒྱང་གཟིགས་གནང་བཞིན་ཡར་ཀླུང་གཙང་པོ་དང་ཉང་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་སོགས་སྐོར་གྱི་གནས་ཚུལ་གསན་པ་རེད། ཞི་ཅིན་ཕིང་གིས་སྲུང་སྐྱོང་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་དང་། རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་འཁྱགས་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་མཐའ་འཁྱོངས། གཙང་པོ་དང་ཆུ་བོ་རྒྱུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གཙོ་བོ་སྲུང་སྐྱོང་དང་སླར་གསོར་ཤུགས་སྣོན། ཆུའི་ཐོན་ཁུངས་ལུགས་མཐུན་ངང་གསར་སྤེལ་བེད་སྤྱོད་དང་སྲུང་སྐྱོང་ལ་སྤྱི་འདོམས་བཅས་བྱས་ནས་དེ་ཁུལ་གྱི་སྲོག་ཆགས་དང་། རྩྭ་རྩི་ཤིང་། རི་ཆུ་ཀླུང་གསུམ་བཅས་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
དེ་ཉིན་ཕྱི་དྲོར། ཞི་ཅིན་ཕིང་ཉིང་ཁྲི་གྲོང་ཁྱེར་གྲོང་ཁྱེར་འཆར་འགོད་ཁང་དུ་ཕེབས་ནས་ཉིང་ཁྲིའི་གྲོང་ཁྱེར་འཛུགས་སྐྲུན་གྱི་ལོ་རྒྱུས་ལམ་བུ་དང་འཕེལ་རྒྱས་འཆར་འགོད་སྐོར་མཁྱེན་རྟོགས་གནང་བ་རེད། ཞི་ཅིན་ཕིང་གིས་ས་མཐོར་འཚོ་བ་སྐྱེལ་བཞིན་པའི་མི་རིགས་ཁག་གི་མང་ཚོགས་རྣམས་དུས་ཡུན་རིང་པོའི་ནང་རང་བྱུང་ཁམས་ཆེན་པོ་དང་ཕན་ཚུན་གཅིག་ལ་གཅིག་བརྟེན་བྱས་པ་ལས་ས་མཐོའི་ཁོར་ཡུག་དང་ཞི་མཐུན་མཉམ་གནས་ཀྱི་འཚོ་བ་སྐྱེལ་སྟངས་ཆགས་ཡོད། ས་ཁོངས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པར་བྱས་ཏེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་རྒྱུར་ཁྲིད་སྟོན་བྱེད་པ་དང་། ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་ལྡོག་མེད་ཀྱི་གཅུན་འདོམས་སུ་བྱས་ནས། གྲོང་ཁྱེར་གསར་སྤེལ་གྱི་དབྱེ་མཚམས་དང་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་བ། གྲོང་ཁྱེར་མི་འབོར་གྱི་གཞི་ཁྱོན་ལུགས་མཐུན་ངང་གཏན་འཁེལ་བྱེད་པ། འཛུགས་སྐྲུན་གྱི་རྨང་གཞིའི་སྒྲིག་བཀོད་ཚན་རིག་དང་མཐུན་ལ་ལེ་ལག་ཚང་བའི་སྒོ་ནས་འཆར་འགོད་བྱེད་པ། ནགས་ཚལ་གྱི་མེ་ཟོན་སྒྲིག་ཆས་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་གྲོང་ཁྱེར་གྱི་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་གསུངས་པ་རེད།
ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་དུ་གནས་པའི་ཀ་ལ་གྲོང་ཚོར་དཔྱིད་དུས་རི་སྟེང་དུ་ཁམ་བུའི་མེ་ཏོག་རབ་ཏུ་བཞད་ཀྱི་ཡོད་པས་ས་ཕྱོགས་གང་སར་སྐད་གྲགས་ཆོད་ཡོད། ཞི་ཅིན་ཕིང་དེ་གར་ཕེབས་ནས་ཀ་ལ་གྲོང་ཚོའི་ཏང་འཛུགས་སྐྱོང་གི་ཁྲིད་སྟོན་ནུས་པ་འདོན་སྤེལ་དང་། མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད། གཞི་རིམ་བཅོས་སྐྱོང་གི་ཆུ་ཚད་མཐོར་གཏོང་སོགས་ཀྱི་ངོ་སྤྲོད་གསན་པ་དང་སྦྲགས། གྲོང་ཚོའི་དམངས་ཕན་ཞབས་ཞུའི་ལྟེ་གནས་དང་། “ལྗང་མདོག་དངུལ་ཁང”གི་ཅ་དངོས་བརྗེ་ལེན་ཚོང་ཁང་། འཕྲོད་བསྟེན་ཁང་སོགས་སུ་ཕེབས་ནས་འབྲེལ་ཡོད་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཡུལ་མི་ཟླ་བ་རྒྱལ་མཚན་གྱིས་སྤྲོ་སེམས་འཁོལ་པོས་སྤྱི་ཁྱབ་ཧྲུའུ་ཅི་རང་ཁྱིམ་དུ་སྐུ་མགྲོན་ལ་གདན་དྲངས་པ་རེད། ཞི་ཅིན་ཕིང་གིས་ཉལ་ཁང་དང་། ཐབ་ཚང་། གཉེར་ཚང་། གསང་སྤྱོད་སོགས་ལ་གཟིགས་པ་དང་འབྲེལ་ཚོམས་ཆེན་དུ་ནང་མི་ཚོ་དང་ལྷན་དུ་བཞུགས་ནས་ཁྱིམ་ཚང་གི་འཚོ་བའི་གནས་ཚུལ་སྐོར་གླེང་མོལ་གནང་བ་རེད། ཟླ་བ་རྒྱལ་མཚན་གྱིས་སྤྱི་ཁྱབ་ཧྲུའུ་ཅིར། ལོ་དེ་དག་ནང་སྐྱེལ་འདྲེན་དང་། ཁམ་བུའི་མེ་ཏོག་དུས་ཆེན་གྱི་བགོ་འགྲེམས། ས་ཞིང་ནང་བཤུག འདེབས་འཛུགས་གསོ་ཚགས་བཅས་ལས། ན་ནིང་ཁྱིམ་ཚང་གི་ཡོང་འབབ་སྒོར་ཁྲི་30ལྷག་ཙམ་ཟིན་པའི་སྐོར་ཞུས་པ་གསན་རྗེས་ཞི་ཅིན་ཕིང་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས་ཀ་ལ་གྲོང་ཚོའི་མཛེས་སྡུག་ལྡན་པའི་འཚོ་བ་ནི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཀྱི་བསྡུས་རིས་ཤིག་རེད། དེ་ཁུལ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་རབ་ཏུ་བཞད་པའི་ས་ཆ་ཞིག་རེད། ཡུལ་མི་སྤུན་ཟླ་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བ་དེ་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ལས་བྱུང་བ་ཞིག་རེད་ལ། ཁྱེད་ཚོའི་དཀའ་སྤྱད་ཀྱི་ལག་གཉིས་ལ་བརྟེན་ནས་བཏོད་པ་ཞིག་ཀྱང་རེད། ཏང་ཀྲུང་དབྱང་གིས་བོད་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ཏེ་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། ཡུལ་མི་ཚོ་ལམ་ཟུར་དུ་འཛོམས་ནས་ལག་ཏུ་དཀར་གཙང་མཇལ་དར་ཁྱེར་ཏེ་སྤྱི་ཁྱབ་ཧྲུའུ་ཅིར་དགའ་སྤྲོའི་ངང་ཁམས་བདེའི་འཚམས་འདྲི་ཞུས་པ་དང་ཞྭ་མོ་ཕུད་ནས་སྤྱི་ཁྱབ་ཧྲུའུ་ཅིར་གུས་འདུད་ཞུས་པ་རེད། ཞི་ཅིན་ཕིང་གིས་ཚང་མ་བདེ་སྐྱིད་ཁམས་བདེ་དང་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུས་པ་རེད།
ཀ་ལ་གྲོང་ཚོ་ནས་ཞལ་གྱེས་རྗེས། ཞི་ཅིན་ཕིང་ཉིང་ཁྲིའི་གྲོང་ཁུལ་གསར་རྙིང་འབྲེལ་མཚམས་སུ་གནས་པའི་ཀོང་པོ་སྤྱི་གླིང་དུ་ཕེབས་ནས་སྤྱི་གླིང་གི་སྔོ་འགྱུར་དང་རྨང་གཞིའི་སྒྲིག་བཀོད་ལ་གཟིགས་ཞིབ་གནང་བ་རེད། ཞི་ཅིན་ཕིང་གིས་གྲོང་ཁྱེར་གྱི་ལྟེ་བ་ནི་མི་ཡིན་པས། གྲོང་ཁྱེར་གྱི་ལས་དོན་ཡག་པོ་སྒྲུབ་མིན་དང་། མི་སེར་བློ་ཡིད་ཚིམ་མིན། འཚོ་བར་སྟབས་བདེ་ཡོད་མེད་བཅས་ནི་ཤན་འབྱེད་ཀྱི་ཚད་གཞི་གལ་ཆེན་ཞིག་རེད། མི་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་གྲོང་ཁྱེར་གྱི་བྱེད་ནུས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད། ཞི་ཅིན་ཕིང་གིས་སྤྱི་གླིང་ཐང་ཆེན་དུ་ཞབས་བྲོ་འཁྲབ་བཞིན་པའི་ས་གནས་དེ་གའི་མང་ཚོགས་དང་ཡུལ་སྐོར་བར་སྨོན་འདུན་ཞུས་པ་དང་འབྲེལ། མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་ཡག་ཐོག་ཡག་བརྩེགས་ཡོང་བའི་སྨོན་འདུན་ཡང་ཞུས་པ་རེད།
འདི་ལོའི་ཟླ་6ཚེས་25ཉིན། བོད་ཀྱི་གློག་རླངས་ཅན་གྱི་ལྕགས་ལམ་ཐོག་མ་ཡིན་པའི་ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་ནས་སྐྱེལ་འདྲེན་གཉེར་སྐྱོང་བྱེད་འགོ་ཚུགས་པ་རེད། ཚེས་22ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་ཁྲོན་བོད་ལྕགས་ལམ་གྱི་ལྟེ་བའི་ས་ཚིགས་གལ་ཆེན་ཡིན་པའི་ཉིང་ཁྲི་མེ་འཁོར་བབས་ཚུགས་སུ་ཕེབས་ནས་ཁྲོན་བོད་ལྕགས་ལམ་གྱི་སྤྱིའི་འཆར་འགོད་དང་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་སྐྱེལ་འདྲེན་གཉེར་སྐྱོང་གི་གནས་ཚུལ་མཁྱེན་རྟོགས་གནང་བ་མ་ཟད། གཡག་རྔ་ནས་ཉིང་ཁྲི་བར་གྱི་དུམ་བུའི་འཛུགས་སྐྲུན་གནས་ཚུལ་སྐོར་གྱི་སྙན་སེང་ཡང་གསན་པ་རེད། ཆེད་གཏོང་མེ་འཁོར་ལ་བཞུགས་ནས་ལྷ་ཉིང་ལྕགས་ལམ་རྒྱུད་ཀྱི་འཛུགས་སྐྲུན་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་ཆབས་ཅིག་འབྲེལ་ཡོད་གནད་དོན་ལ་ཞིབ་འཇུག་གཏིང་ཟབ་ཀྱང་གནང་བ་རེད། ཞི་ཅིན་ཕིང་གིས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་། ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་སྟེ་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུར་ཞིབ་འཇུག་བཀོད་སྒྲིག་གནང་བ་དང་འབྲེལ། ལས་དོན་དེར་སྐུལ་འདེད་གཏོང་བའི་སྐོར་ལ་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ཡོད། ཁོང་གིས། ཁྲོན་བོད་ལྕགས་ལམ་འཆར་འགོད་འཛུགས་སྐྲུན་བྱེད་པ་ནི་བོད་ཀྱི་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད། གཡག་ཉིང་དུམ་བུའི་ས་དབྱིབས་ས་གཤིས་དང་གནམ་གཤིས་ཆ་རྐྱེན་དེ་བས་རྙོག་འཛིང་ཆེ་བ་དང་འཛུགས་སྐྲུན་གྱི་དཀའ་ཚེགས་ཆེ་ཚད་འཛམ་གླིང་ཐོག་མཐོང་དཀོན་པ་ཞིག་ཡིན་པས། ཚན་རྩལ་གསར་གཏོད་ཀྱི་འགག་རྩའི་རང་བཞིན་གྱི་ནུས་པ་འདོན་སྤེལ་གྱིས་དཀའ་ངལ་བསུ་བཞིན་མདུན་དུ་སྐྱོད་པ་དང་། གཞན་གྱི་སྔོན་ལ་སྒྲུབ་ཕོད་པ། ཚན་རིག་དང་མཐུན་པའི་ཨར་སྐྲུན་དང་། བདེ་འཇགས་ཨར་སྐྲུན། ལྗང་མདོག་ཨར་སྐྲུན་བཅས་མཐའ་འཁྱོངས་བྱས་ནས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་རིང་གི་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་འདི་ཡག་པོ་སྐྲུན་དགོས། ནུབ་རྒྱུད་མཐའ་མཚམས་ཀྱི་ལྕགས་ལམ་དྲ་བ་འཛུགས་སྐྲུན་ལ་སྤྱི་འདོམས་འཆར་འགོད་ཡག་པོ་དང་། རིགས་པས་ཁུངས་སྐྱེལ་གང་ལེགས་དང་ཚན་རིག་དང་མཐུན་པའི་ངང་འཆར་འགོད་བྱས་ཏེ་མཐའ་མཚམས་ས་ཁུལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཚོ་བར་དེ་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་དགོས་ཞེས་གསུངས་པ་རེད།
དེ་ཉིན་ཕྱི་དྲོར། ཞི་ཅིན་ཕིང་ལྷ་ས་གྲོང་ཁྱེར་གྱི་ནུབ་འདབས་སུ་ཆགས་པའི་འབྲས་སྤུངས་དགོན་དུ་ཕེབས་པ་རེད། ཚོགས་ཆེན་འདུ་ཁང་གི་ཐང་ཆེན་དུ་དུང་དང་རྒྱ་གླིང་གི་སྒྲ་གྲགས་ཤིང་། འབྲས་སྤུངས་དགོན་སྡེ་དོ་དམ་ཨུ་ལྷན་གྱི་འགན་འཁུར་བས་སྤྱི་ཁྱབ་ཧྲུའུ་ཅིར་མཇལ་དར་ཕུལ་བ་དང་། དགེ་འདུན་པས་བསང་ཕོར་འཁྱེར་བ་དང་གདུགས་ཕུབ་པའི་ཁྲོད་སྤྱི་ཁྱབ་ཧྲུའུ་ཅི་ཚོགས་ཆེན་འདུ་ཁང་དུ་ཕེབས་པ་རེད། ཞི་ཅིན་ཕིང་གིས་བོད་ཀྱི་ཆོས་ལུགས་ལས་དོན་གྱི་གནས་ཚུལ་དང་འབྲས་སྤུངས་དགོན་གྱིས་དགོན་སྡེ་དོ་དམ་གསར་གཏོད་ལ་ཤུགས་སྣོན་བརྒྱབ་པའི་གནས་ཚུལ་གྱི་ངོ་སྤྲོད་གསན་པ་དང་འབྲེལ། ཚོགས་ཆེན་འདུ་ཁང་དུ་གཟིགས་ཞིབ་གནང་བ་དང་ལོ་འདི་དག་ནང་འབྲས་སྤུངས་དགོན་གྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་སྲུང་། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་སོགས་ཀྱི་ཐད་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཁས་ལེན་གང་ལེགས་གནང་བ་རེད། ཞི་ཅིན་ཕིང་ཚོགས་ཆེན་འདུ་ཁང་ནས་ཞལ་གྱེས་སྐབས། དགེ་འདུན་པ་བཅུ་གྲངས་ཀྱིས་ལག་ཏུ་མཇལ་དར་ཁྱེར་ནས་སྤྱི་ཁྱབ་ཧྲུའུ་ཅིར་ཕེབས་སྐྱེལ་ཞུས་པ་རེད། ཞི་ཅིན་ཕིང་གིས། ཏང་གི་ཆོས་ལུགས་ལས་དོན་སྐོར་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། མང་ཚོགས་ཀྱི་ཆོས་དད་རང་མོས་ལ་བརྩི་འཇོག་བྱེད་པ། རང་ཚུགས་དང་། རང་བརྟེན། རང་གཉེར་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་པ། ཁྲིམས་བཞིན་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་པ། བསྟན་དོན་ལམ་ལྷོངས་དང་། སྤྱི་ཚོགས་ཞི་མཐུན། མི་རིགས་འཆམ་མཐུན་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་ལ་སྐུལ་འདེད་གཏོང་རིང་ནུས་པ་འདོན་སྤེལ་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ལྷ་ས་གྲོང་ཁྱེར་གྱི་གྲོང་ཁུལ་རྙིང་པར་གནས་པའི་བར་སྐོར་ལ་ད་བར་ལོ་ངོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། ཞི་ཅིན་ཕིང་གིས་ཞབས་ཐང་མར་བར་སྐོར་གྱི་རྣམ་པར་གཟིགས་ཞིབ་གནང་བཞིན་ཁྱད་ལྡན་ཚོང་ཁང་ལ་ཕེབས་ཏེ་ཡུལ་སྐོར་རིག་གནས་བསམ་བཀོད་གསར་གཏོད་ཐོན་ལས་འཕེལ་རྒྱས་དང་བོད་ཀྱི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་སོགས་ཀྱི་གནས་ཚུལ་བཀའ་འདྲི་གནང་བ་རེད། མི་རིགས་ཁག་གི་མང་ཚོགས་ཚོས་འཚང་ཁ་ཤིག་ཤིག་ངང་སྤྱི་ཁྱབ་ཧྲུའུ་ཅིར་ཁམས་བདེའི་འཚམས་འདྲི་ཞུས་པ་དང་། ཞི་ཅིན་ཕིང་གིས་ཚང་མར་ཕྱག་གཡུག་གཡུག་གནང་ནས་འཚམས་ལན་སློག་གནང་བ་རེད། དེ་རྗེས་ཞི་ཅིན་ཕིང་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་ཕེབས་སྐབས། ཐང་ཆེན་དུ་དམར་མདངས་བཀྲ་བའི་རྒྱལ་དར་ལྷབ་ལྷུབ་ཏུ་གཡོ་བ་དང་། བོད་ཞི་བས་བཅིངས་འགྲོལ་བཏང་བའི་དྲན་གསོའི་རྡོ་རིང་འགྱིང་ངེར་གནས་པ་མ་ཟད། ཕོ་བྲང་པོ་ཏ་ལ་དེ་བས་བརྗིད་ཆགས་ཤིན་ཏུ་ཆེ། ཞི་ཅིན་ཕིང་གིས་ཕོ་བྲང་པོ་ཏ་ལ་སྲུང་སྐྱོང་དང་དོ་དམ་སོགས་ཀྱི་གནས་ཚུལ་བཀའ་འདྲི་གནང་བ་དང་འབྲེལ། མི་རིགས་ཁག་གི་མང་ཚོགས་ལ་བྱམས་བརྩེའི་ངང་གཟིགས་པ་རེད། ཐང་ཆེན་དུ་ཡོད་པའི་ཡུལ་སྐོར་བ་དང་ས་གནས་དེ་གའི་མང་ཚོགས་ཚོས“སྤྱི་ཁྱབ་ཧྲུའུ་ཅི་སྐུ་ཁམས་བཟང”ཞེས་སྐད་གསང་མཐོན་པོས་དགའ་འབོད་བྱས། ཞི་ཅིན་ཕིང་གིས། བོད་ལྗོངས་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་བཏོད་པ་ཞིག་དང་བོད་ཀྱི་ལོ་རྒྱུས་ནི་མི་རིགས་ཁག་གིས་ཐུན་མོང་ཐོག་བརྩམས་པ་ཞིག་ཡིན་ལ། བོད་རིགས་དང་མི་རིགས་གཞན་དག་དབར་གྱི་སྤེལ་རེས་དེ་བོད་ཀྱི་ལོ་རྒྱུས་འཕེལ་རྒྱས་ཀྱི་འགོ་ནས་མཇུག་བར་ཁྱབ་ཡོད། མིག་སྔར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་འགོ་ཚུགས་པ་དང་། བོད་ཀྱི་འཕེལ་རྒྱས་ཀྱང་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་གནས་ཡོད་པས། ཀྲུང་གོ་གུང་ཁྲན་ཏང་གི་རྗེས་སུ་འབྲང་བ་དང་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་དེ། ནུས་སེམས་གཅིག་སྒྲིལ་གྱིས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ཚེ། ང་ཚོས་དུས་བཀག་ལྟར་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་ངེས་རེད་ཅེས་གསུངས་པ་རེད། ཞི་ཅིན་ཕིང་གིས་མི་རིགས་ཁག་གི་མང་ཚོགས་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།
དེ་ཉིན་དགོང་མོར། ཞི་ཅིན་ཕིང་གིས་བོད་ལྗོངས་མི་དམངས་ཚོགས་ཁང་དུ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་ལྷན་དུ་མི་རིགས་ཀྱི་རིག་རྩལ་འཁྲབ་སྟོན་ལ་གཟིགས་པ་རེད། སྙན་འཇེབས་ལྡན་པའི་དམངས་གཞས་དང་འཁྲུག་ཆ་དོད་པའི་ཞབས་བྲོ་ལས་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་ཡོད་ལ། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་ཏེ། དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་ཐུན་མོང་ཐོག་གཏོད་པའི་གདེང་ཚོད་བརྟན་པོའང་མངོན་པ་རེད།
ཟླ་7ཚེས་23ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་པ་དང་། བོད་ཀྱི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་བ་དང་འབྲེལ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ནུས་སེམས་གཅིག་སྒྲིལ་དང་འབད་འབུངས་མདུན་སྐྱོད་བྱས་ནས། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། བོད་ཀྱི་ལས་དོན་གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་ཡང་དག་ཆུད་པ་བྱས་ཏེ། མང་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་སྤྱི་ཚོགས་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་བཏང་ནས་རྒྱལ་ཁབ་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། མི་དམངས་བདེ་སྐྱིད་བཅས་ཡོང་བའི་འགན་ལེན་བྱེད་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་དེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ། བོད་གསར་རྙིང་བསྡུར་བའི་སློབ་གསོ་བཅས་དང་། དེ་བཞིན་མར་ཁེ་སི་རིང་ལུགས་ཀྱི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་ཀྱི་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། ཕུགས་འཕེར་གྱི་ཇུས་གཞི་མང་ཙམ་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་མང་ཙམ་སྤྱོད་དགོས། མི་རིགས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་བརྒྱབ་སྟེ། མི་རིགས་ཁག་གི་མང་ཚོགས་ཚོས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་འཛིན་པའི་མོས་སེམས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་མི་རིགས་མཐུན་སྒྲིལ་གྱི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར། འཕེལ་རྒྱས་ཚང་མར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་ལྡན་པ་དང་། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་དོན་སྙིང་ལྡན་པ་བྱེད་དགོས་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟབ་ཏུ་འགྲོ་རྒྱུར་ཕན་པ་ཡོད་པ་མཐའ་འཁྱོངས་བྱེད་དགོས། དགེ་སྤེལ་སྐྱོན་སྤོང་དང་ཡུལ་བབ་དང་བསྟུན་ཏེ། སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ་དང་། ལྕགས་ལམ་དང་། གཞུང་ལམ། དེ་བཞིན་རྨང་གཞིའི་སྒྲིག་བཀོད་གལ་ཆེན་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ། རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་གང་མགྱོགས་བསྐྲུན་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ་བཅས་ཀྱི་ཐོག་ནས་བོད་ཀྱི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལོ་འདི་དག་རིང་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོའི་འཚོ་བ་དང་བསམ་པའི་ཉམས་འགྱུར་གཉིས་ཀར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ང་རང་སླེབས་ས་ཚང་མ་ནས་མང་ཚོགས་ལ་འཚོ་བ་ཡག་པོ་སྐྱེལ་རྒྱུ་བྱུང་བའི་བདེ་སྐྱིད་ཚོར་སེམས་ཀྱིས་ཁེངས་པ་དང་། ཏང་དང་རྒྱལ་ཁབ་ལ་དྲིན་ཚོར་བྱེད་སེམས་ཀྱིས་ཁེངས་པ་ཚོར་བྱུང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་རྒྱུ་དང་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་སྦྲེལ་མཐུད་ནུས་ལྡན་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། མང་ཚོགས་ཚང་མས་དོ་ཁུར་ཡོངས་ཁྱབ་བྱེད་པའི་དམངས་འཚོའི་གནད་དོན་ལ་དེ་བས་དམིགས་པ། ལས་ཞུགས་དང་། སློབ་གསོ། སྤྱི་ཚོགས་འགན་སྲུང་། སྨན་བཅོས། རྒན་གསོ། བུ་བཅོལ། སྡོད་ཁང་སོགས་ཀྱི་དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་པ། ལས་དོན་རེ་རེ་བཞིན་དོན་འཁྱོལ་ཐུབ་རྒྱུར་དམ་འཛིན་བྱེད་པ་བཅས་ཀྱི་ཐོག་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དེ་བས་ཟབ་པ་དང་། སྐྱིད་སྣང་དེ་བས་རྒྱུན་མཐུད་ཆོག་པ། བདེ་འཇགས་ཚོར་སྣང་དེ་བས་འགན་ལེན་ཐུབ་པ་བཅས་བྱེད་དགོས། མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ། མི་རིགས་ཁག་གི་མང་ཚོགས་མཐའ་མཚམས་སུ་རྩ་བ་ཚུགས་པ་དང་། རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་། ཕ་ཡུལ་འཛུགས་སྐྲུན་བཅས་བྱེད་པའི་སྐུལ་ལྕག་གཏོང་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱས་ཏེ། ཕན་འབྲས་བསྐལ་བརྒྱར་ཐོན་པ་དང་གནམ་འོག་ཀུན་ལ་ཕན་པ་ཐོབ་པ་བྱེད་དགོས། སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་ལ་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ཟབ་ཏུ་བཏང་སྟེ། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ། མཚོ་བོད་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་དུ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་སྐྱོད་པ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཧུར་ཐག་བྱེད་པ་བཅས་ཀྱི་ཐོག་ནས་སའི་གོ་ལའི་སྣེ་གསུམ་པའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ལོ་རྒྱུས་སྦྱངས་ནས་ལག་ལེན་ཧུར་ཐག་བསྟར་རྒྱུ་ནི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་དོན་ལ་བབས་ས་ཞིག་ཡིན་པས། ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་གདེང་ཚོད་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར་བཅས་ཀྱི་གྲུབ་འབྲས་དེ་རང་སྣང་གི་འཇིག་རྟེན་དང་ཕྱི་རོལ་ཡུལ་གྱི་འཇིག་རྟེན་ལ་སྒྱུར་བཀོད་བྱེད་པའི་བྱ་སྤྱོད་དངོས་ལ་སྒྱུར་དགོས། ཏང་གཤིས་ཞུན་བརྡར་ཐད་ལག་ལེན་ཧུར་ཐག་བསྟར་ནས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོར་ཏང་གི་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་། གསར་བརྗེའི་ཁྲག་རྒྱུན་གྱི་རྒྱུན་མཐུད་དེ། རླབས་ཆེན་གྱི་ཏང་འཛུགས་སྐྱོང་གི་སྙིང་སྟོབས་ལ་བརྟེན་ནས་ཏང་གཤིས་བློ་སྦྱོང་བྱེད་པ་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། “རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལ་འཆང་བ། ཐོག་མཐའ་བར་གསུམ་དུ་ཏང་གཤིས་ཀྱི་རྩ་དོན་ལ་བརྟེན་ནས་བློ་སྦྱོང་རང་གཅུན་བྱེད་པ་བཅས་ཀྱི་ཐོག་ནས་འགྱུར་མེད་ཀྱི་ཏང་གཤིས་ལ་བརྟེན་ནས་དམངས་ཀྱི་ཡིད་ཆེས་ཐོབ་པ་དང་མང་ཚོགས་ལ་སྣེ་ཁྲིད་ཏན་ཏིག་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས། དམངས་ལ་ཞབས་འདེགས་ཞུ་བའི་ཐད་བྱ་སྤྱོད་ཧུར་ཐག་སྤེལ་ནས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོར་སྔ་ཕྱི་བར་གསུམ་དུ་མི་དམངས་སེམས་དབུས་སུ་འཇོག་པ་དང་། མི་དམངས་མང་ཚོགས་ཀྱི་གྲོགས་པོ་བློས་ཐུབ་དང་། སྙིང་ཉེ་བ། སྣེ་ཁྲིད་པ་ཡག་པོ་བྱེད་པ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་སེམས་ནུས་ཡོད་རྒུས་ཐག་གཅོད་ཡག་པོ་བྱེད་པར་སློབ་གསོ་ཁྲིད་སྟོན་བྱས་ནས། མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་པོ་ཆགས་པར་དེ་བས་མངོན་གསལ་དོད་པའི་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ལག་ལེན་ཧུར་ཐག་བསྟར་ནས་ཏང་ཡོན་དང་ལས་བྱེད་པ་ཚོར་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱ་རྒྱུ་དང་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་ཟུང་འབྲེལ་བྱེད་པ་དང་། དམ་པ་དོན་གཉེར་དང་ཁུར་ལེན་ལས་སྒྲུབ་མཐའ་འཁྱོངས་བྱེད་པ། གསར་གཏོད་རང་བཞིན་གྱི་སྒོ་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པ། འཕེལ་རྒྱས་ཀྱི་དཀའ་གནད་ཧུར་ཐག་སེལ་བ། འཕེལ་རྒྱས་ཀྱི་ལེགས་ཆ་མང་དུ་གཏོང་བ་བཅས་བྱས་ཏེ་ཏང་དང་མི་དམངས་ལ་ངོ་མི་གནོང་བ་དང་ལོ་རྒྱུས་དང་དུས་རབས་ལ་ངོ་མི་གནོང་བའི་ལས་རྗེས་གསར་པ་ཧུར་ཐག་འཇོག་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་བྱེད་པ་དང་ལས་བཟོར་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་ནས་བོད་ཀྱི་ཧ་ཅང་དཀའ་ཚེགས་ཆེ་བའི་ལས་དོན་དང་འཚོ་བ་ནས་འགོ་བརྩམས་ཏེ། དམིགས་བསལ་གྱི་གླ་ཕོགས་དང་འབྲེལ་ཡོད་ཕན་བདེའི་སྲིད་ཇུས་གཏན་འབེབས་བྱས་ཡོད། དེར་བརྟེན་དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་བྱེད་པ་དང་ལས་བྱེད་པ་དང་ལས་བཟོའི་བདེ་ཐང་འགན་སྲུང་ལས་དོན་ལ་མཐོང་ཆེན་བྱས་ནས་ལས་བྱེད་པ་དང་ལས་བཟོའི་ཕུགས་ཀྱི་སེམས་ཁྲལ་སེལ་དགོས།
སྙན་སེང་ཚོགས་འདུ་མ་འཚོག་གོང་། ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་དང་ས་ཁུལ་དང་གྲོང་ཁྱེར་ཁག་གི་འགན་འཁུར་བློ་མཐུན་དང་། བློ་མཐུན་རྒན་གྲས་ཀྱི་འཐུས་མི། མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི། བོད་སྐྱོར་ལས་བྱེད་པའི་འཐུས་མི། སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའི་འཐུས་མི། ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་མི་སྣའི་འཐུས་མི་བཅས་ལ་མཇལ་འཕྲད་གནང་བ་རེད། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་གངས་ལྗོངས་ས་མཐོར་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་བློ་མཐུན་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།
ཟླ་7ཚེས་21ནས་23ཉིན་བར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་བོད་དུ་ཕེབས་ཏེ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུས་གནང་བ་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་ཞིང་། འདི་ནི་ཚེས་23ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་གིས་ལྷ་སར་བོད་སྡོད་དཔུང་སྡེའི་དཔོན་དམག་གི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་ནས་བོད་སྡོད་དཔུང་སྡེའི་བཀོད་འཐབ་པ་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་དང་སྦྲགས། བོད་སྡོད་དཔུང་སྡེས་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བར་ཁས་ལེན་གང་ལེགས་གནང་བ།
ཟླ་7ཚེས་23ཉིན། ཞི་ཅིན་ཕིང་གིས་ལྷ་སར་བོད་སྡོད་དཔུང་སྡེའི་དཔོན་དམག་གི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་ཞིང་། ཁོང་གིས་བོད་སྡོད་དཔུང་སྡེའི་བཀོད་འཐབ་པ་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་དང་འབྲེལ། བོད་སྡོད་དཔུང་སྡེས་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བར་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེན་གྱི་དགོངས་པ་ལག་བསྟར་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་མཛད་ཕྱོགས་ལག་བསྟར། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་ཤུགས་ཆེན། དམག་སྦྱོང་དམག་གྲབས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བཅས་ཀྱིས་བོད་ལྗོངས་ཡུན་རིང་བདེ་འཁོད་དང་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་སྐྱེས་སུ་ཧུར་ཐག་འབུལ་དགོས་པའི་ནན་བཤད་གནང་བ་རེད།
མིག་སྔར་རྒྱལ་ཡོངས་སུ་འབྲུབ་འགོག་དང་ཆུ་ལོག་སྔོན་འགོག་གི་འགག་རྩའི་དུས་སུ་སླེབས་ཤིང་། རྟོག་ཞིབ་གནང་རིང་། ཞི་ཅིན་ཕིང་གིས་ཧོ་ནན་དུ་རྒྱུན་གཏན་དང་མི་འདྲ་བའི་ཆར་པ་དྲག་པོ་བབས་པ་མཁྱེན་རྗེས་འཕྲལ་དུ་མཛུབ་སྟོན་གལ་ཆེན་གནང་ནས། སྔ་ཕྱི་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ཨང་དང་པོར་བཞག་ནས། སྟོབས་ཤུགས་མགྱོགས་མྱུར་སྒྲིག་འཛུགས་ཀྱིས་འབྲུབ་འགོག་གེགས་སེལ་དང་། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ། ཞོར་ཐོན་གནོད་འཚེ་སྔོན་འགོག་ནན་པོ་བཅས་བྱས་ནས་མི་སྣ་ཤི་རྨས་ཉུང་དུ་གཏོང་བ་དང་རྒྱུ་ནོར་གྱི་གྱོང་གུན་ཆུང་དུ་གཏོང་གང་ཐུབ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད། ཞི་ཅིན་ཕིང་གིས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེས་ས་གནས་ཀྱི་ཉེན་སེལ་གེགས་སེལ་གྱི་ལས་དོན་ལ་གཞོགས་འདེགས་ཧུར་ཐག་བྱེད་པ་དང་། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་དང་། འཕྲལ་སྡོམ་དོ་དམ་པུའུ། ཆུ་བེད་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་བཅས་ཀྱིས་སྤྱི་འདོམས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། གནམ་གཤིས་ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡ་དང་ས་གཤིས་གནོད་འཚེའི་དཔྱད་དཔོག་ལ་ཤུགས་སྣོན་རྒྱག་པ། འབྲུག་འགོག་གེགས་སེལ་གྱི་ལས་དོན་ཁག་ལ་དམ་འཛིན་ཞིབ་ཕྲ་དང་ཏན་ཏིག་བྱེད་དགོས། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ལས་དོན་ཁག་ཡག་པོ་ཏན་ཏིག་སྒྲུབ་པ་དང་། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་མགྱོགས་མྱུར་སླར་གསོ་ཡོང་བར་བྱེད་པ། གནོད་འཚེ་ཕོག་པའི་མང་ཚོགས་ལ་རོགས་སྐྱོར་རོགས་སྐྱོབ་དང་འཕྲོད་བསྟེན་རིམས་འགོག་གི་ལས་དོན་ཡག་པོ་སྒྲུབ་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་དུ་གཏོང་བར་མཐོང་ཆེན་བཅས་བྱེད་དགོས་པ་དང་འབྲེལ། བོད་ལྗོངས་ཀྱིས་ཀྱང་བླང་བྱ་འདི་དག་དོན་འཁྱོལ་ཡག་པོ་བྱས་ནས། རང་བྱུང་གནོད་འཚེ་འགོག་ཟོན་དང་ཐག་གཅོད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་གནང་བ་རེད།
ཏིང་ཞུའེ་ཞང་དང་། ལིའུ་ཧོ། དབྱང་ཞའོ་ཏུའུ། ཀྲང་ཡིའུ་ཞ། ཁྲེན་ཤིས། ཧོ་ལི་ཧྥུང་། དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་མཉམ་དུ་རྟོག་ཞིབ་གནང་བར་ཕེབས་པ་དང་། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་འབྲེལ་ཡོད་བྱེད་སྒོར་ཞུགས་ཡོད།