རླབས་ཆེའི་ཏང་འཛུགས་སྙིང་སྟོབས་ནི་ཀྲུང་གོ་གུང་ཁྲན་ཏང་གི་སྙིང་སྟོབས་ཀྱི་འབྱུང་ཁུངས་ཡིན། ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་ཀྱི་རྒྱུད་འཛིན་གྱི་ཡ་གྱལ་གླེང་བ།

མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་བརྗོད་པ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-02


ཏང་གི་རླབས་ཆེའི་སྙིང་སྟོབས་དང་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་ནི་ང་ཚོའི་རིན་བྲལ་གྱི་བསམ་པའི་རྒྱུ་ནོར་དང་། ང་ཚོར་ཧུར་བརྩོན་མདུན་སྐྱོད་ལ་སྐུལ་མ་གནང་བའི་སྟོབས་ཆེ་བའི་བསམ་པའི་སྒུལ་ཤུགས་ཡིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་100ལོན་པར་དགའ་སྟོན་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག །སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལགས་ཀྱིས་གནད་ལ་འཁེལ་བའི་ངང་རླབས་ཆེའི་ཏང་འཛུགས་སྙིང་སྟོབས་ཀྱི་གཏིང་ཟབ་པའི་ཡང་སྙིང་ཕྱོགས་བསྡུས་གནང་བ། ཁོང་གིས། ལོ་ངོ་བརྒྱའི་ཡར་སྔོན། ཀྲུང་གོ་གུང་ཁྲན་ཏང་གི་སྔོན་སྐྱོད་པ་རྣམས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ཏེ། བདེན་དོན་རྒྱུན་འཁྱོངས་དང་། ཕུགས་འདུན་བརྟན་སྲུང་། ཐོག་མའི་སེམས་འདུན་ལག་ཏུ་བསྟར་བ་དང་། འགན་འཁྲི་ཕྲག་ཏུ་ཁུར་བ། བློས་གཏོང་ཕོད་པ་དང་། དཔའ་མཛངས་ཀྱིས་འཐབ་རྩོད་བྱེད་པ། ཏང་ལ་བློ་དཀར་བ་དང་། མི་དམངས་ལ་རྒྱབ་འགལ་མི་བྱེད་པའི་རླབས་ཆེའི་ཏང་འཛུགས་སྙིང་སྟོབས་ཆགས་ཤིང་། འདི་ནི་ཀྲུང་གོ་གུང་ཁྲན་ཏང་གི་སྙིང་སྟོབས་ཀྱི་འབྱུང་ཁུངས་ཡིན་ཞེས་བསྟན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་ངོ་བརྒྱའི་རིང་། ཀྲུང་གོ་གུང་ཁྲན་ཏང་གིས་རླབས་ཆེའི་ཏང་འཛུགས་སྙིང་སྟོབས་དར་སྤེལ་བྱས་ཏེ། དུས་ཡུན་རིང་པོའི་འབད་འཐབ་ཁྲོད་ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་ཀྱི་རྒྱུད་འཛིན་སྒྲིག་འཛུགས་བྱས་པ་དང་། གསལ་ཆ་དོད་པའི་ཆབ་སྲིད་ཀྱི་ཀུན་གཤིས་སྦྱོང་བརྡར་བྱས་ཏེ། ང་ཚོར་ནན་བསྟན་གནང་ཡོད་པ་ཞིག་སྟེ། མུ་མཐུད་དུ་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་དང་། དམར་པོའི་ཁྲག་རྒྱུན་རྒྱུད་འཛིན་བྱེད་བཞིན། དུས་དང་རྣམ་པ་ཀུན་ཏུ་རླབས་ཆེའི་ཏང་འཛུགས་སྙིང་སྟོབས་རྒྱུད་འཛིན་དང་དར་སྤེལ་གཏོང་དགོས་ཞེས་གསུངས།

ཉེ་རབས་ཀྱི་ཀྲུང་གོའི་ལོ་རྒྱུས་ལ་ཕྱི་མིག་བལྟས་ཙ་ན། ཉལ་ཐ་དམག་འཁྲུག་གི་རྗེས་སུ། རྒྱལ་ཁབ་ལ་ངོ་ཚ་དང་མི་དམངས་ཀྱིས་དཀའ་སྡུག་མྱོང་ཞིང་། ཤེས་དཔལ་ལ་གཏོར་སྐྱོན་ཐེབས་པར་མ་ཟད། ཀྲུང་ཧྭ་མི་རིགས་ཀྱིས་སྔར་བྱུང་མ་མྱོང་བའི་དཀའ་སྡུག་ཆེན་པོ་མྱོང་། དུས་དེ་ནས་བཟུང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་རྒྱུ་ནི་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་ཆེས་ཆེ་བའི་ཕུགས་བསམ་དུ་གྱུར། ཟླ་བཅུ་པའི་གསར་བརྗེའི་བོའུ་སྐད་ཐོག་མས་ཀྲུང་གོར་མར་ཁེ་སི་ལེ་ཉིང་རིང་ལུགས་བསྐྱལ་ཏེ། དཀའ་སྡུག་གི་ཁྲོད་དུ་རྒྱལ་ཁབ་དང་མི་རིགས་སྐྱོབ་པའི་ཐབས་ལམ་འཚོལ་བཞིན་པའི་ཀྲུང་གོའི་སྔོན་སྐྱོད་པ་རྣམས་ལ་ཁ་ཕྱོགས་བསྩལ་ཞིང་། ཀྲུང་གོ་གུང་ཁྲན་ཏང་གོ་སྐབས་དེ་དང་བསྟུན་ནས་སྐུ་བལྟམས། ཀྲུང་གོའི་ཆབ་སྲིད་སྟེགས་བུའི་ཐོག་བུད་པའི་སྐབས་དེ་ནས་བཟུང་། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་བྱ་རྒྱུ་དེ་རང་ཉིད་ཀྱི་ཐོག་མའི་སེམས་འདུན་ལ་གཏན་འབེབས་བྱས་པ་དང་། རླབས་ཆེའི་ཏང་འཛུགས་སྙིང་སྟོབས་ཆགས་པ་དེ་རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། མདུན་སྐྱོད་ལམ་བུའི་ཐོག་གི་དཀའ་ཁག་དང་ཉེན་ཁ་ལས་རྒྱལ་བར་བྱེད་པའི་བསམ་པའི་འདེགས་ཤུགས་དང་སྟོབས་ཆེའི་སྒུལ་ཤུགས་སུ་གྱུར། ལོ་རྒྱུས་ལས་ར་སྤྲོད་གཏིང་ཟབ་བྱས་ཏེ། ཀྲུང་གོར་གུང་ཁྲན་ཏང་བྱུང་བ་ནི་གནམ་ས་གསར་འབྱེད་ཀྱི་དོན་ཆེན་ཡིན་ཞིང་། དུས་དེ་ནས་བཟུང་། ཀྲུང་གོ་མི་དམངས་ཀྱིས་བསམ་པའི་ཐོག་ནས་གཞན་དབང་ནས་རང་དབང་དུ་བསྒྱུར་ཐུབ་པ་དང་། ཀྲུང་ཧྭ་མི་དམངས་ཀྱིས་དཀའ་བ་སྤྱད་ཀྱང་ལྡོག་ཐབས་མེད་པའི་སྒོས་རླབས་ཆེན་བསྐྱར་དར་གྱི་ཕྱོགས་སུ་བསྐྱོད།

བསམ་པའི་སྙིང་སྟོབས་ནི་རྫོགས་མཐའ་མེད། རླབས་ཆེའི་ཏང་འཛུགས་སྙིང་སྟོབས་ཀྱི་སྐུལ་ཁྲིད་འོག །ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་མཛད་དེ། ཁྲག་བཏོན་དམར་འཛིང་དང་ཐེངས་བརྒྱར་ཕམ་རུང་དཔའ་མི་ཞུམ་པ། རང་ཁ་རང་གསོ་དང་ཧུར་ཐག་འབད་བརྩོན་བྱེད་པ། བསམ་བློ་བཅིངས་འགྲོལ་དང་ཡར་རྒྱས་བརྩོན་ལེན་བྱེད་པ། རང་རྟོན་རང་བརྩོན་དང་དྲང་ཚིགས་གསར་གཏོད་བྱས་ཏེ། གཏོར་ཐབས་མེད་པའི་འགག་སྒོ་རེ་རེ་ཡང་ནས་ཡང་དུ་གཏོར་བར་མ་ཟད། ལོ་རྒྱུས་དེབ་ཐེར་དུ་ཚུད་པའི་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་ཡང་ནས་ཡང་དུ་བཏོད། ལྷག་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ཐོག་གི་ཆེས་གཟི་འོད་ཅན་གྱི་ལོ་རྒྱུས་སྙན་ངག་བྲིས་ཤིང་། ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་། དེ་བཞིན་འབྱོར་ཕྱུག་ནས་སྟོབས་ལྡན་དུ་གྱུར་བའི་རླབས་ཆེའི་མཆོང་བརྒལ་བསུས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལྡོག་ཐབས་མེད་པའི་ལོ་རྒྱུས་འཕེལ་རིམ་དུ་བསྐྱོད་ཡོད། འཛམ་གླིང་ཐོག་ཏང་ཁག་གང་རུང་ཞིག་ཡིན་རུང་རང་རེའི་ཏང་ལྟ་བུར་དཀའ་ཁག་འདི་འདྲ་མྱོང་ཞིང་། ཤི་གསོན་གྱི་ཚོད་བགམ་འདི་འདྲ་ཐེབས་པ། ཉམ་ཐག་པའི་བློས་གཏོང་འདི་འདྲ་བྱས་མྱངས་པ་གཅིག་ཀྱང་མེད། དེ་བཞིན་དུ་རླབས་ཆེའི་ཏང་འཛུགས་སྙིང་སྟོབས་ཀྱི་སྐུལ་ཁྲིད་འོག །དཀའ་ཁག་དང་འགྲན་སློང་གང་རུང་གི་ཁྲོད་ནས། རང་རེའི་ཏང་གིས་དགྲ་བོ་སྟོབས་ཆེན་ལ་མི་སྐྲག་ཅིང་། ཉེན་ཟོན་ལ་མི་འཛེམ་པ། འཐབ་རྩོད་བྱེད་ཕོད་ཅིང་། རྒྱལ་ཁ་ལེན་ཕོད་པའི་དཔའ་ཉམས་དང་གཤིས་རྒྱུད་སྦྱོང་བརྡར་བྱས་པར་མ་ཟད། ཐལ་དྲགས་དཀའ་གནས་ཀྱི་ཀློང་ནས་འཕེལ་རྒྱས་སྟོབས་ལྡན་དུ་གྱུར་པ་དང་། འགྲོ་ལམ་མེད་པའི་གནས་མཚམས་སུ་ཕྱིར་མཆོང་བ། དཀའ་ཚེགས་ཆེ་བའི་ལྡོག་ལམ་ནས་ཐེ་ཚོམ་སྤུ་ཙམ་མེད་པར་སྤོབས་པ་ཆེ་རུ་བསྐྱེད། སྡུག་མཐའ་བརྒལ་ཏེ་བཞིན་མདངས་རབ་ཏུ་རྒྱས། ཐོག་མར་དབུ་བརྙེས་སྐབས་ཏང་ཡོན་50ལྷག་ལས་མེད་པ་ནས། ད་ལྟར་ཏང་ཡོན་བྱེ་བ་དགུ་དང་ས་ཡ་ལྔ་ལྷག་དང་། མི་འབོར་དུང་ཕྱུར་14ལྷག་གི་རྒྱལ་ཁབ་ཆེན་པོ་དེར་སྣེ་ཁྲིད་གནང་བཞིན་པ་དང་། གོ་ལ་ཧྲིལ་པོའི་ཤུགས་རྐྱེན་གལ་ཆེན་ལྡན་པའི་འཛམ་གླིང་གི་སྲིད་འཛིན་ཏང་ཆེས་ཆེ་བར་གྱུར་ཡོད།

ལོ་རྒྱུས་ནི་རྒྱུན་ཆད་མེད་ཅིང་། སྙིང་སྟོབས་ནི་མི་རབས་ནས་མི་རབས་བར་རྒྱུད་འཛིན་བྱེད་པ་ཡིན། ལོ་ངོ་བརྒྱ་རིང་གི་ཐུན་མིན་འབད་འཐབ་ཀྱི་ལོ་རྒྱུས་ལམ་བུའི་ཁྲོད། མི་རབས་ནས་མི་རབས་བར་གྱི་ཀྲུང་གོ་གུང་ཁྲན་ཏང་མིས་རླབས་ཆེའི་ཏང་འཛུགས་སྙིང་སྟོབས་དར་སྤེལ་བྱས་པ་དང་། བློ་བརྟན་འགྱུར་མེད་ཀྱིས་འབད་བརྩོན་དང་སེམས་ཤུགས་ཉམས་མེད་ཀྱིས་འབད་འཐབ་བྱས་ཏེ། འཆི་བ་རི་བོང་ཚང་ལོག་ལྟ་བུའི་གསར་བརྗེའི་སྔོན་གཤེགས་དཔའ་བོ་ཁག་ཅིག་དང་། བློ་བརྟན་འགྱུར་མེད་ཀྱིས་འབད་བརྩོན་བྱས་པའི་དཔའ་བོའི་མི་སྣ་ཁག་ཅིག །རང་དོན་རྒྱབ་སྐྱུར་གྱིས་གཏོང་ཕོད་བྱས་པའི་སྔོན་ཐོན་དཔེ་བཟང་ཁག་ཅིག་བྱུང་བར་མ་ཟད། ཅིང་ཀང་རི་བོའི་སྙིང་སྟོབས་དང་། སུའུ་ཁུལ་གྱི་སྙིང་སྟོབས། རྒྱང་སྐྱོད་ཀྱི་སྙིང་སྟོབས། ཡན་ཨན་གྱི་སྙིང་སྟོབས། འཇར་འགོག་སྙིང་སྟོབས། ཨ་འགོག་ཁྲའོ་རོགས་ཀྱི་སྙིང་སྟོབས། དཔུང་ཚོགས་ཀྱི་སྙིང་སྟོབས། ལུའེ་ཧྥུང་གི་སྙིང་སྟོབས། ཅའོ་ཡུས་ལུའུ་ཡི་སྙིང་སྟོབས། ཏཱ་ཆིང་སྙིང་སྟོབས། མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས། ཁྱད་ཁུལ་སྙིང་སྟོབས། བུད་མེད་ཕྲེང་གྲུག་གི་སྙིང་སྟོབས། ཆུ་ལོག་འགོག་པའི་སྙིང་སྟོབས། སར་སི་འགོག་པའི་སྙིང་སྟོབས། ཡོམ་འགོག་གནོད་སྐྱོབ་ཀྱི་སྙིང་སྟོབས། མི་སྡོད་མཁའ་སྐྱོད་ཀྱི་སྙིང་སྟོབས། ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས། ངལ་རྩོལ་གྱི་སྙིང་སྟོབས། ལག་བཟོ་པའི་སྙིང་སྟོབས། ཚན་རིག་པའི་སྙིང་སྟོབས། རིམས་འགོག་སྙིང་སྟོབས། དབུལ་གྲོལ་འགག་སྒྲོལ་གྱི་སྙིང་སྟོབས་སོགས་རླབས་ཆེའི་སྙིང་སྟོབས་ཆགས་པ་དང་། ཏང་གི་ངོ་བོའི་དགོངས་དོན་དང་ཆབ་སྲིད་ཀུན་སྤྱོད་མཚོན་པའི་སྙིང་སྟོབས་རྒྱུད་འཛིན་ཐུབ་པ། རླབས་ཆེའི་སྙིང་སྟོབས་རབ་དང་རིམ་པ་འདི་དག་ནི་དུས་ཚོད་དང་བར་སྟོང་བརྒལ་རུང་ཉམས་པ་མེད་དེ། གཅིག་བསྡུས་ངང་ཏང་གི་ཡིད་ཆེས་བརྟན་པོ་དང་། རྩ་བའི་དགོངས་དོན། སྤྱོད་ཚུལ་བཟང་པོ་མཚོན་ཡོད་པ་དང་། ཀྲུང་གོ་གུང་ཁྲན་ཏང་མིའི་དཀའ་སྤྱད་འབད་འཐབ་དང་། རང་སྲོག་བློས་གཏོང་། གསར་འབྱེད་ཡར་ཐོན་གྱི་རླབས་ཆེན་གཤིས་རྒྱུད་གོང་བུ་གཅིག་ཏུ་འགྲིལ་ཞིང་། རང་རེའི་ཏང་དང་རྒྱལ་ཁབ། མི་རིགས། མི་དམངས་ཀྱི་ཁྲག་རྒྱུན་ཁྲོད་ཟབ་མོར་འདྲེས་ཏེ། ང་ཚོར་ཏང་འཛུགས་པ་དང་། ཏང་དར་སྤེལ་གཏོང་བ། ཏང་སྟོབས་ལྡན་དུ་གཏོང་བར་ཕུན་སུམ་ཚོགས་པའི་སྙིང་བཅུད་མཁོ་འདོན་བྱས་ཡོད། རླབས་ཆེའི་སྙིང་སྟོབས་རབ་དང་རིམ་པ་འདི་དག་ལ་ང་ཚོ་གང་ནས་ཡོང་བ་དང་། གང་དུ་འགྲོ་དགོས་པའི་བསམ་པའི་གསང་རྒྱ་ཚུད་དེ། འདས་སོང་དང་། ད་ལྟ། མ་འོངས་པའི་དུས་ནམ་ཡིན་ཡང་རང་རེའི་ཏང་གི་བསམ་པའི་རྒྱུ་ནོར་རྩ་ཆེན་ཡིན་ཞིང་། ཏང་ཡོངས་བློ་མཐུན་གྱིས་ཐོག་མའི་སེམས་འདུན་གསོ་བྱེད་དང་། རྣམ་ཤེས་སྦྱོང་བརྡར་བྱེད་ཆས། ཡིད་ཆེས་ཀྱི་སྟོབས་ཤུགས་བསྡུ་ལེན་དང་། ཏང་གཤིས་ཀྱི་བར་ཁྱད་འཚོལ་ཞིབ་དང་།
མདུན་སྐྱོད་ཀྱི་ཁ་ཕྱོགས་ཐིག་ཚད་སྒྲིག་བྱེད་ཀྱི་ཕུན་སུམ་ཚོགས་པའི་འབྱུང་ཁུངས་ཡིན་པར་མ་ཟད། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་ཆར་རླུང་འཚུབ་ཀྱང་མཚམས་མི་འཇོག་པར་དཔའ་ངར་ལྡན་པའི་ངང་མདུན་སྐྱོད་བྱེད་པར་སྐུལ་མ་བྱེད་པའི་སྟོབས་ཤུགས་ལྡན་པའི་བསམ་པའི་སྒུལ་ཤུགས་ཡིན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རྒྱལ་ཁབ་སྟོབས་འབྱོར་ལྡན་ཞིང་མི་རིགས་བསྐྱར་དར་བྱེད་པར་དངོས་པོའི་དཔལ་ཡོན་གྱི་གསོག་ཉར་མཁོ་ཞིང་། ལྷག་པར་དུ་བསམ་པའི་དཔལ་ཡོན་གྱི་བཙོ་སྦྱང་གལ་ཞེས་ནན་གསུང་གནང་། དེང་དུས་ཀྱི་འཛམ་གླིང་ལ་ལོ་བརྒྱར་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་མྱོང་བཞིན་པ་དང་། རང་རྒྱལ་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་བའི་འགག་རྩའི་དུས་སྐབས་སུ་གནས་ཡོད་པ་རེད། དེ་བཞིན་ང་ཚོ་གོ་སྐབས་རྩ་ཆེན་དང་འཕྲད་ཡོད་ཅིང་། དུས་མཚུངས་སུ་འགྲན་སློང་དྲག་པོ་དང་གདོང་གཏད་བྱས་ཡོད་དེ། ངེས་པར་དུ་ཐོག་མའི་སེམས་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང་སྟེ། ངར་ཤུགས་གཅིག་སྒྲིམ་དང་རྒྱུད་ཆད་མེད་པར་འབད་འཐབ་བྱེད་དགོས་པ་དང་། ངེས་པར་དུ་རླབས་ཆེའི་ཏང་འཛུགས་སྙིང་སྟོབས་དར་སྤེལ་དང་། གུང་ཁྲན་ཏང་མིའི་སྙིང་སྟོབས་ཀྱི་ཁྲག་རྒྱུན་རྗེས་མཐུད་བྱས་ཏེ། གསར་བརྗེ་དང་འབད་འཐབ་ཀྱི་སྙིང་སྟོབས་བོར་མི་རུང་ཞིང་། ཁེངས་སྐྱུང་བག་ཡོད་དང་ང་རྒྱལ་དང་འཚབ་འཚུབ་སྤང་བ། དཀའ་སྤྱད་འབད་བརྩོན་དང་ཧུར་བརྩོན་གྲོན་ཆུང་གི་སྲོལ་རྒྱུན་འདོར་མ་རུང་བ། དགྲ་བོ་བཙན་པོར་མི་སྐྲག་པ་དང་ཉེན་ཟོན་ལ་མི་འཛེམ་པ། འཐབ་རྩོད་བྱེད་ཕོད་པ། རྒྱལ་ཁ་ལེན་ཕོད་པའི་སྙིང་སྟོབས་འདོར་མི་རུང་། ཏང་ཡོངས་བློ་མཐུན་རྣམས་ཀྱིས་ཏང་གི་ལོ་བརྒྱའི་འབད་འཐབ་ཁྲོད་ཆགས་པའི་རླབས་ཆེའི་སྙིང་སྟོབས་ཀྱིས་རང་ཉིད་ལ་གསོ་བཅུད་ལེན་པ་དང་། རང་ཉིད་ལ་སྐུལ་མ་བྱེད་པ། ལྷག་པར་དུ་དཔའ་ཉམས་ཆེར་སྐྱེད་ཀྱི་འདུ་ཤེས་ཀྱི་རྣམ་འགྱུར་ལས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཁག་ཡག་པོར་བསྒྲུབ་པ་དང་། ཏང་ལ་ངོ་གནོང་མི་དགོས་ཤིང་། མི་དམངས་ལ་ངོ་གནོང་མི་དགོས་པ། དུས་རབས་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་གཏོད་དགོས་ཤིང་། རྒྱུན་ཆད་མེད་པར་ཀྲུང་གོ་གུང་ཁྲན་ཏང་མིའི་སྙིང་སྟོབས་ཀྱི་ལོ་རྒྱུས་སྙན་རྩོམ་གསར་པ་བྲི་དགོས།

རི་ཆུ་འགག་ཕྲེང་བརྒྱུད་པའི་བློ་སྤོབས་ཀྱིས། །མདུན་སྐྱོད་ངར་ཤུགས་ཉམས་མེད་སྤོབས་སེམས་བསྐྱེད། །དེ་རིང་། ཕྱོགས་ཡོངས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཀྱི་གོམ་བགྲོད་གསར་པའི་མགོ་ཚུགས་ཤིང་། ལོ་བརྒྱའི་འབད་འཐབ་དམིགས་འབེན་གཉིས་པར་མདུན་སྐྱོད་བྱེད་པའི་དུང་བརྡ་གྲགས། འདས་སོང་གི་ལོ་རྒྱུས་བརྒྱུད་རིམ་ལ་ཕྱི་མིག་དང་། མདུན་ཕྱོགས་ཀྱི་གོམ་ཁར་རྒྱང་ལྟ་བྱེད་བཞིན། དུས་དང་རྣམ་པ་ཀུན་དུ་རླབས་ཆེའི་ཏང་འཛུགས་སྙིང་སྟོབས་དར་སྤེལ་བྱས་ཏེ། ཏང་གི་འབད་འཐབ་ཀྱི་ལོ་རྒྱུས་བརྒྱུད་རིམ་དང་རླབས་ཆེའི་གྲུབ་འབྲས་ཀྱིས་དཔའ་སེམས་སྐྱེ་རུ་འཇུག་ཅིང་ཁ་ཕྱོགས་ཁྲིད་སྟོན་བྱེད་པ། ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོས་ཡིད་ཆེས་ཇེ་བརྟན་དུ་གཏོང་ཞིང་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། ཏང་གི་ལོ་རྒྱུས་ཉམས་མྱོང་དང་ལག་ལེན་གསར་གཏོད་ཀྱིས་ཤེས་རབ་ཀྱི་བློ་སྒོ་འབྱེད་ཅིང་ཀུན་སྤྱོད་ལ་ཞུན་བརྡར་བྱེད་པ། སྔ་འཛིན་ཕྱི་གཏོད། གསར་གཏོད་མདུན་སྐྱོད་བྱས་ན། ང་ཚོས་རྒྱུགས་གཞི་གསར་པའི་ཐོག་སྔར་ལས་བཟང་བའི་དྲིས་ལན་འདོན་ཐུབ་ཅིང་། སྔར་ལས་ཆེ་བའི་གཟི་བརྗིད་གསར་པ་བསྐྲུན་ཐུབ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1