གུ་ཝེ་ཐི་མ་ལ། མ་ཡ་རིག་གནས་ཀྱི་ཕ་ས

བསོད་ནམས་རྡོ་རྗེས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-02


གུ་ཝེ་ཐི་མ་ལའི་གནས་མང་པོ་ཞིག་ཏུ་གཡུ་ལོ་ཐགས་སུ་བཀྲ་བའི་ནགས་ཚལ་དང་སྐར་ཚོགས་ཐང་ལ་ལྷུང་འདྲའི་མཚེའུ། དགུ་ཚིགས་ས་ལ་ལྷུང་འདྲའི་གཙང་པོ་སོགས་རང་བྱུང་གི་བཀོད་པ་ངོ་མཚར་བ་དང་། གཞན་སྒལ་ཚིགས་སྲོག་ཆགས་དང་འོ་འཐུང་སྲོག་ཆགས། ལྟོ་འཕྱེའི་སྲོག་ཆགས་ཀྱི་འཕེལ་ཁ་དར་ཞིང་། འཛམ་གླིང་ཡུལ་གྲུ་གཞན་ལ་དཀོན་པའི་སྲོག་ཆགས་ཀྱི་རིགས་ཀྱང་ཤིན་ཏུ་མང་། གུ་ཝེ་ཐི་མ་ལའི་དུས་ཚིགས་བཞིའི་གནམ་གཤིས་བསིལ་ཞིང་ཆར་ཆུ་མོད་པས། མེ་ཏོག་འདེབས་འཛུགས་ཀྱི་ལས་རིགས་ཆེས་ཆེར་དར་ཞིང་། འཛམ་གླིང་གི་མེ་ཏོག་ཐོན་སྐྱེད་ཀྱི་ས་གནས་གལ་ཆེན་ཞིག་ཀྱང་ཡིན།

ཨིན་དི་ཆོས་ལུགས་ནི་གུ་ཝེ་ཐི་མ་ལའི་གཉུག་མའི་མི་རིགས་ཀྱི་ཆོས་ལུགས་ཤིག་ཡིན་ཞིང་། ད་ལྟ་ད་དུང་ཆོས་ལུགས་ཀྱི་དད་མོས་དང་འབྲེལ་བའི་སྲོལ་རྒྱུན་མང་པོ་ཉམས་མེད། ཨིན་དི་ཆོས་ལུགས་ནི་བླ་དད་ཀྱི་ཁྱད་ཆོས་ལྡན་ཞིང་རང་བྱུང་ཁམས་ཀྱི་སྟོབས་ཤུགས་ལ་དད་གུས་བྱེད་པ། ཞིང་ལས་ཐོན་སྐྱེད་ཀྱི་རིག་གནས་དང་འབྲེལ་བ་དམ་ཟབ་ཡོད་པའི་ཆོས་ལུགས་ཡིན་པར་བཞེད། གཡུར་དུ་ཟ་བའི་ལོ་ལེགས་སྨིན་པའི་ཆེད་དུ་མ་ཡ་མིས་ལྷ་ཆེན་དབྱི་ཁྲ་མོ་ནཱ་དང་ཆར་ལྷ་སོགས་ལ་མཆོད་གུས་བྱེད་པའི་སྲོལ་ཡོད།

མ་ཡའི་གནའ་རབས་ཤེས་རིག་གི་ཁྱབ་ཁོངས་གཙོ་བོ་ནི་གུ་ཝེ་ཐི་མ་ལའི་ཞི་བདེ་རྒྱ་མཚོའི་འགྲམ་ངོགས་དང་མཐོ་སྒང་ས་ཁུལ་ཡིན་ཞིང་། དུས་སྐབས་དེའི་མ་ཡ་རིག་གནས་ཀྱི་ཁྱད་ཆོས་གཙོ་བོ་ནི་གྲོང་ཁྱེར་གྱི་ཐང་ཆེན་དུ་གཞི་ཁྱོན་ཆེ་བའི་རྡོ་བརྐོས་མང་པོ་གསར་བཞེངས་བྱས་པ་དང་། རྡོ་རིང་དེ་དག་གི་སྟེང་དུ་རྒྱལ་རབས་རིམ་བྱུང་གི་མཛད་འཕྲིན་དང་སྣང་བརྙན་བཞེངས་སྐྲུན་བྱས་ཡོད་པ་དེ་རེད། སྤྱི་ལོ་དུས་རབས་དང་པོ་ནས་གཉིས་པའི་བར་དུ་འདྲ་གཟུགས་ཡི་གེ་དར་བས། རྡོ་རིང་གི་ངོས་སུ་དབང་སྒྱུར་པའི་ལོ་རྒྱུས་མཚོན་པའི་ཡི་གེ་མང་པོ་མཐོང་དུ་ཡོད་པ་དང་།དེ་མིན་ད་དུང་རྡོ་བཟོས་བཟོ་བཀོད་མང་པོ་ཡོད་པ་སྟེ། བཟོ་བཀོད་དེ་དག་གིས་སྐབས་ཐོག་དེར་གཞི་ཁྱོན་དང་ཆུ་ཚད་ངེས་ཅན་གྱི་བཟོ་བཀོད་སྒྱུ་རྩལ་དར་ཡོད་པ་མཚོན། གནའ་རབས་ཤེས་རིག་གི་ལྟེ་གནས་ནི་མེ་གླིང་དཀྱིལ་མའི་ན་ཁི་པེ(Nakbe)དང་ཨེར་ལ་ཏོར(ElMirador)ཡིན་པར་བཞེད།གནའ་རབས་དུས་སྐབས་ཀྱི་ཤེས་རིག་འཕེལ་རྒྱས་ཀྱི་ལྟེ་གནས་ནི་གུ་ཝེ་ཐི་མ་ལ་ས་ཁོངས་ཀྱི་ཏིས་ཁཱར་དང་ཕཱ་ལོན་ཁི(Palenque)པོ་ནན་ཕཱ་ཁི(Bonampak)སོགས་ཡིན་ལ། དུས་སྐབས་དེའི་རིག་གནས་ཀྱི་ཁྱད་ཆོས་གཙོ་བོ་བཟོ་བཀོད་དང་བརྐོས་རིས། རི་མོ་སོགས་ཀྱི་སྟེང་ན་མངོན་ཞིང་། བྷོ་ནན་ཕཱ་ཁིའི་ལྡེབས་རིས་ནི་འཛམ་གླིང་གི་མིང་དུ་གྲགས་པའི་སྒྱུ་རྩལ་གྱི་བང་མཛོད་ཅིག་ཏུ་ངོས་འཛིན།མེ་གླིང་དཀྱིལ་མའི་མ་ཡ་ཤེས་རིག་དུས་རབས་དགུ་པར་ཉམས་རྒུད་དུ་སོང་ཞིང་། དེའི་རྗེས་མ་ཡ་རིག་གནས་ཀྱི་ལྟེ་གནས་བྱང་ཕྱོགས་ཀྱི་མེག་སུ་ཁེའི་ཡུག་ཁཱ་ཏན་ཕྱེད་གླིང་དུ་གནས་སྤོས། གནས་དེར་མ་ཡ་ཤེས་རིག་གི་གནའ་རབས་ཕྱི་མའི་འགོ་བརྩམས་པར་བཞེད། མ་ཡ་ཤེས་རིག་གི་གནའ་རབས་ཕྱི་མའི་ལྟེ་གནས་གཙོ་བོ་ནི་ཆི་ཆིན་ཡེ་ཚཱ(ChichenItza)དང་ཝོ་སི་མ(Uxmal)མཱ་ཡཱ་ཕན(Mayapan)བཅས་གསུམ་ཡིན་པར་བཞེད།མ་ཡ་མི་རིགས་ཀྱིས་འབྲུ་རིགས་མང་པོ་ཐོན་སྐྱེད་བྱས་པ་སྟེ། དཔེར་ན་འབྲས་དང་ཀྲོ་མ་ཀྲི། སྲན་མ། ཞོག་ཁོག་མངར་མོ་དང་སུར་པན། དུ་རྩྭ་སོགས། དེ་དག་ལས་འབྲས་ཀྱི་གསོ་སྤེལ་ལ་གསུབ་ཏུ་མེད་པའི་མཛད་རྗེས་བཞག་པ་རེད། མ་གཞི་འབྲས་ནི་མེ་གླིང་གི་རི་སྐྱེས་སྐྱེ་དངོས་ཤིག་ཡིན་ལ། རྗེས་ནས་མ་ཡའི་མིས་རྨོ་འདེབས་བརྒྱུད་ཐོན་ཚད་མང་བའི་འབྲུ་རིགས་ཤིག་ཏུ་གྱུར་པ་རེད། འབྲས་ཀྱི་རིགས་མང་ཞིང་འཚོ་བཅུད་ཕུན་སུམ་ཚོགས་པ། ཐོན་སྐྱེད་ཀྱི་ཚད་མང་བས་མེ་གླིང་གི་ཨིན་དིའི་རིག་གནས་ཀྱི་དངོས་པོའི་རྨང་གཞིར་གྱུར་ཞིང་། རྗེས་ནས་ཡོ་རོབ་གླིང་གི་མི་མེ་གླིང་དུ་ཐོན་རྗེས། འབྲས་འཛམ་གླིང་ཡོངས་ལ་ཁྱབ་བརྡལ་དུ་བཏང་ནས་འཛམ་གླིང་ཡོངས་ཀྱི་བཟའ་ཆས་གཙོ་བོར་གྱུར།

བསྡོམས་རྩིས་བྱས་པ་ལྟར་ན། སྤྱི་ལོ་རྗེས་ཀྱི་དུས་རབས་བརྒྱད་པའི་ནང་དུ་རིགས་མི་མཚུངས་པའི་མ་ཡའི་ཚོ་པ་སོ་སོས་སྔ་རྗེས་སུ་གྲོང་ཁྱེར་བརྒྱ་ལྷག་བསྐྲུན་པ་དང་། དེའི་ཁྲོད་ཕཱ་ལོན་ཁི་དང་ཁི་ལོན་སོགས་མིང་གྲགས་ཆེ། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུ་རྐྱེན་གཙོ་བོ་ནི་མ་ཡ་མི་རིགས་ཀྱི་ལག་ཤེས་བཟོ་ལས་ཀྱི་ཆུ་ཚད་ཅུང་མཐོ་བ་དང་འབྲེལ་བ་དམ་ཟབ་ཡོད་པར་བཞེད། སྐབས་དེར་རྡོའི་ཡོ་ཆས་དང་མཚོན་ཆ། རས་སོགས་ཀྱི་ཚོང་ཟོང་བྱུང་ཡོད་པ་དང་། གྲོང་རྡལ་དང་གྲོང་ཁྱེར་དུ་ཚོང་ར་ཡོད་པར་མ་ཟད་ཚོང་དོད་ཀྱང་བྱུང་ཡོད་པར་སྐད།
མ་ཡའི་མིས་རྡོ་སྤྱད་དེ་རྔམ་བརྗིད་ལྡན་པའི་ཚོམས་ཆེན་དང་ལྷ་ཁང་། བང་སོ། རྡོ་རིང་ཆེན་པོ་སོགས་བཞེངས་བསྐྲུན་བྱས་ཤིང་། ད་ལྟ་རྙེད་སོན་བྱུང་བའི་བཟོ་བཀོད་ཀྱི་ཤུལ་བཞག་དག་ལས་ཚོན་རིས་ཀྱི་སྡེབ་སྟངས་དང་རི་མོའི་ཐིག་རྩ་སོགས་གསལ་པོར་མངོན་ཞིང་། དེ་མིན་ལྡེབས་རིས་དག་ལས་མི་སྣའི་སྣང་བརྙན་གསོན་ཉམས་ལྡན་ཞིང་ཉམས་འགྱུར་གྱིས་ཕྱུག །
མ་ཡའི་མིར་གྲོང་ཁྱེར་ནང་རྡོ་རིང་བཙུགས་ཏེ་ལོ་རྒྱུས་མཚོན་པའི་སྲོལ་ཡོད་ལ། རྒྱུན་ལྡན་ལྟར་ན་ལོ་ངོ་ཉི་ཤུའི་ནང་ཐེངས་གཅིག་ལ་རྡོ་རིང་བཙུགས་ནས་གལ་ཆེའི་སྲིད་དོན་ལོ་རྒྱུས་སོགས་བཀོད་པ་རེད།
མ་ཡའི་མིས་གསར་དུ་བཏོད་པའི་འདྲ་གཟུགས་ཡི་གེ་ནི་གཙོ་བོ་བཟོ་བཀོད་དང་རྫ་ཆས། སྡོང་ཤུན། རས་སོགས་ཀྱི་ངོས་སུ་བྲིས་ཡོད་པ་དང་། དེ་མིན་རྡོ་རིང་དང་དུར་ས། གཏོར་གཟུགས་མཆོད་རྟེན་སོགས་ཀྱི་སྟེང་དུའང་གནའ་བོའི་མ་ཡའི་འདྲ་གཟུགས་ཡི་གེ་མཐོང་དུ་ཡོད། མ་ཡ་སྐད་ཀྱི་མིང་ཚིག་ཕུན་སུམ་ཚོགས་ཏེ་ཧ་ལམ་ཁྲི་གསུམ་ལྷག་ཡོད། མ་ཡའི་ཡི་གེ་ལ་འདྲ་གཟུགས་ཡི་གེ་ཡོད་པར་མ་ཟད། དོན་མཚོན་ཡི་གེ་དང་སྒྲ་མཚོན་ཡི་གེའང་ཡོད། དོན་དམ་དུ་མ་ཡའི་ཡི་གེ་ནི་དོན་མཚོན་དང་སྒྲ་དོན་མཉམ་འདྲེས་ཀྱི་བྱེད་ནུས་ལྡན་པའི་ཡི་གེ་ཞིག་ཏུ་ངོས་བཟུང་ན་དོན་དང་མཐུན་པར་བཞེད། ཡི་གེ་འབྲི་ཡུལ་གཙོ་བོ་ནི་སྡོང་ཤུན་དང་ཤ་བའི་ལྤགས་པ་སོགས་ཡིན་ཞིང་། ཁོ་ཚོས་རྒྱུ་ཆ་དེ་དག་སྤྱད་དེ་དཔེ་ཆ་བཟོས་ཤིང་། དཔེ་ཆ་དེ་དག་གི་ནང་དོན་གཙོ་བོ་ལ་ལོ་རྒྱུས་དང་ཚན་རིག །གུས་སྲོལ་སོགས་འདུས། མ་ཡའི་མིས་བཀོལ་སྤྱོད་བྱེད་བཞིན་པའི་འདྲ་གཟུགས་ཡི་གེ་བརྒྱད་བརྒྱ་ལྷག་ཡོད་པ་དང་། དེ་ལས་བཞི་ཆའི་གཅིག་སྐད་བརྡ་སྨྲ་བ་དག་གིས་གསེད་བཀྲོལ་བྱས་ཤིང་། གཙོ་བོ་ཟླ་ཚེས་དང་གྲངས་ཀ །ཁ་ཕྱོགས། ཁ་དོག་སོགས་མཚོན་པའི་མིང་ཚིག་ཡིན་པ་རེད།
མ་ཡའི་མི་ནི་གནའ་བོའི་མི་རིགས་གཞན་པ་དང་འདྲ་བར་ཐོག་མར་འཇིག་རྟེན་པའི་ལྷ་ལ་མཆོད་གུས་བྱེད་ཅིང་། རྗེས་ནས་རིམ་བཞིན་ཆོས་ལུགས་ཀྱི་བསམ་བློར་མཚན་ཉིད་རིག་པ་དང་འཆར་ཡན་གྱི་བསམ་བློས་ཤུགས་རྐྱེན་ཐེབས་ནས་འཐུས་ཇེ་ཚང་དུ་གྱུར། མ་ཡའི་མིས་སྟེང་ཕྱོགས་ལྷ་ཡུལ་ཁམས་ན་དགོས་འདོད་ཆར་བཞིན་འཇོ་བའི་འཇིག་རྟེན་ཞིག་ཡོད་པར་འདོད་ཅིང་། འཇིག་རྟེན་དེར་མགོན་དུ་བཀུར་བའི་ལྷ་ཆེན་ཡེ་སི་ཐ(Ixtab)ནི་བྱམས་སྙིང་རྗེ་ལྡན་ཞིང་དྲང་བདེན་ལ་གཞོལ་བ། བརྩེ་བས་ཕྱུག་པ་ཞིག་ཡིན་ཞིང་། ལྷ་ཆེན་ཡེ་སི་ཐ་ཡི་བདག་སྐྱོང་འོག་ལྷ་ཡུལ་གྱི་འཇིག་རྟེན་དེར་ནད་ཡམས་དང་མུ་གེ། སྡུག་བསྔལ་དང་དཀའ་སྡུག་མེད་པར་བཟའ་བཏུང་ཕུན་སུམ་ཚོགས་ལ། སྡོད་ཁང་རིན་པོ་ཆེས་བརྒྱན་པ། གཟབ་མཆོར་གང་འདོད་དུ་གྱོན་ཆོག་པར་སྨྲ། མ་ཡའི་མིའི་འདུ་ཤེས་སུ་མི་ཞིག་འཇིག་རྟེན་འདིར་འཚོ་སྡོད་བྱེད་པའི་གོ་རིམ་ཁྲོད་རྣམ་དཀར་གྱི་ལེགས་བྱས་ལ་གཞོལ་ན། ཤི་རྗེས་ལྷ་ཡུལ་དུ་འཕོས་ནས་རང་གི་འདོད་འདུན་ལྟར་འཚོ་ཐུབ་པ་དང་། དེ་ལས་ལྡོག་པར་རྒྱུ་འབྲས་དང་འགལ་ཞིང་དྲང་བདེན་ལ་མ་གཞོལ་ན། འོག་དམྱལ་ཁམས་སུ་ལྟུང་ནས་དཀའ་སྡུག་གྲངས་མེད་མྱོང་དགོས་པར་བཤད། མ་ཡའི་མིའི་འདུ་ཤེས་ནང་དུ་མི་ཚེ་ལས་འདས་པ་ནི་མི་ཞིག་གི་ཚེ་སྲོག་དེ་མཇུག་རྫོགས་པར་ངོས་འཛིན་མི་བྱེད་པར། དེ་ནི་འགྲུལ་བཞུད་ཀྱི་མགོ་གསར་པ་ཞིག་བརྩམས་པར་ངོས་འཛིན་བྱེད། ཁོ་ཚོས་མིའི་ཚེ་སྲོག་ནི་དུས་ཀྱི་འཁོར་སྐྱོད་ཁྲོད་རེས་འཁོར་བྱེད་བཞིན་པ་ཡོད་པ་དང་། ལོ་ངོ52ནང་འཁོར་བ་གསར་པ་ཞིག་གི་འགོ་བརྩམས་པར་བཞེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1