སྤྱོད་ཡོན་གཉིས་ལྡན་གྱི་ཨ་པ་ཨ་བློ་ཚང།

(ཐང་དགེ་པདྨ་བཀྲ་ཤིས་ཀྱིས་བསྒྱུར) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-02


ཨ་པ་ཨ་བློ་ཚང (༡༩༠༣-༡༩༩༧) གི་མིང་དངོས་ལ་བློ་བཟང་ཚེ་དབང་ཟེར་ཞིང་། རྒྱ་སྐད་དུ་ཧྥང་ཀྲིན་ཆིང (黄正清) དུ་འབོད། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ལི་ཐང་རྫོང་གི་མི་ཡིན། དགུང་ལོ༡༧སྟེང་གཅུང་ཆེ་བ་བསྟན་པའི་རྒྱལ་མཚན་ཚང (黄正光) མདོ་སྨད་བཀྲ་ཤིས་སྒོ་མང་གི་བསྟན་པའི་མངའ་བདག་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེའི་མཆོག་སྤྲུལ་སྐུ་ཕྲེང་ལྔ་བར་ཐུགས་ཐག་བཅད་པས། ཁོང་གི་སྐུ་རྩར་འཁོར་དང་བཅས་པ་ཡབ་གཞིས་དང་བྲལ་ཏེ་ཆོས་སྡེ་ཆེན་པོ་བཀྲ་ཤིས་གཡས་སུ་འཁྱིལ་བར་ཕེབས་བཞུད་གནངས། དུས་རབས༢༠བའི་ལོ་རབས༢༠བར། ཁོང་གིས་བླ་བྲང་དགོན་པར་གཏོགས་པའི་ཚོ་བ་ཤོག་པ་དང་ལྷ་སྡེ་མི་སྡེ་སོགས་བོད་རིགས་མི་དམངས་ཀྱི་སྣེ་ཁྲིད་དེ། མཚོ་སྔོན་གྱི་དམག་ཤེད་ཅན་མཱ་ཆི་ཚང་ལ་འཐབ་རྩོད་ཞུམ་མེད་བྱས་མཐར་མཱ་ཇག་ཀན་ལྷོ་ནས་སྤྱུགས། གཞན་ཡང་ཀན་ལྷོ་ས་ཆའི་རྗེས་ལུས་རྣམ་པར་འགྱུར་ལྡོག་བཏང་ཞིང་བོད་ཀྱི་རིག་གནས་འཕེལ་རྒྱས་གཏོང་ཕྱིར། ཁོང་གིས་མཁས་ཤིང་མཛངས་པའི་མི་སྣ་མང་པོ་སྐུལ་སློང་བྱས་ནས། བླ་བྲང་གངས་ཅན་རིག་གནས་ཡར་སྐུལ་ཚོགས་པ་དང་བླ་བྲང་བོད་དམངས་སློབ་ཆུང་བཙུགས་པས། བླ་བྲང་ས་ཆར་འཇོན་ཐང་ལྡན་པའི་མི་སྣ་མང་པོ་ཞིག་གསོ་སྐྱོང་བྱས་པར་བརྟེན། ཁོང་གི་མཛད་འཕྲིན་ལ་རྒྱ་ཆེའི་བོད་རིགས་མང་ཚོགས་ཀྱིས་ཡི་རང་གོང་བཀུར་ཐོབ། བཅིངས་འགྲོལ་མ་བྱས་གོང་། ཁོང་གིས་གོ་མིན་ཏང་གི་ཚོགས་ཆེན་དྲུག་པའི་འཐུས་མི་དང་། ཀྲུང་དབྱང་གསབ་ཞུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཀྲུང་ཧྭ་རྒྱལ་འབངས་སྲིད་གཞུང་དམག་དོན་གྲོས་ཁང་གི་དམག་སྤྱི་གཞོན་པ། བོད་སོག་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ནུབ་བྱང་དམག་སྤྱི་ཁང་གི་དམག་སྤྱི་གཞོན་པ། བླ་བྲང་བདེ་སྲུང་དམག་སྤྱི་ཁང་གི་བོད་དམག་ཟི་ལེན་ལ་སོགས་པའི་འགན་བཞེས་མྱོང་།

༡༩༤༩ལོར་མི་དམངས་བཅིངས་འགྲོལ་དམག་འཁྲུག་ལ་རྒྱལ་ཁ་ལེན་པའི་སྔ་རོལ་དུ། ཨ་པ་ཨ་བློ་ཚང་གིས་བཅིངས་འགྲོལ་དམག་བསང་ཆུར་ཡོང་བར་དགའ་བསུ་བྱས། ཀྲུང་གོ་གསར་པ་དབུ་བརྙེས་རྗེས། ཁོང་ལ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་ཡིད་ཆེས་ཐོབ་པས། སྔ་གཞུག་ཏུ་ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་དང་། ཞིང་ཆེན་ཞིང་ལས་ཐིང་གི་ཐིང་ཀྲང་གཞོན་པ། ནུབ་བྱང་དམག་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཞིང་ཆེན་ཕྱུགས་ལས་པུའུ་ཡི་པུའུ་ཀྲང་གཞོན་པ། ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ནུབ་བྱང་སྲིད་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན། ཡན་ལག་དམག་ཁུལ་གྱི་ཟི་ལེན་ཡོན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཧྲིན་ཀྲང་གཞོན་པ། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་བཅས་ཀྱི་ལས་འགན་བཞེས་མྱོང་ལ། ༡༩༥༥ལོར་དམག་སྤྱི་གཞོན་པའི་གོ་རྟགས་ཐོབ་ཅིང་། ༡༩༩༦ལོར་ཞིང་ཆེན་རིམ་པ་དང་པོའི་ཐོབ་ཐང་གནངས།

ཨ་པ་ཨ་བློ་ཚང་སྐུ་ན་གཞོན་པའི་དུས་ནས་བཟུང་ཀྲུང་གུང་ས་འོག་ཏང་ཡོན་ཞོན་ཞཱ་ཧྥུ (宣侠父) ལ་འབྲེལ་འདྲིས་བྱས་པ་མ་ཟད། ཁོའི་མདུན་སར་ཡར་ཐོན་གྱི་བསམ་བློ་མང་པོ་ཞིག་དང་ལེན་བྱས་མྱོང་། ཀྲུང་གོ་གསར་པ་བཙུགས་རྗེས། ཁོས་ཏང་གི་རིམ་པ་ཁག་གི་མགོ་ཁྲིད་ལས་བྱེད་རྣམ་པར་ཐུག་འཕྲད་མང་པོ་གནངས་ཤིང་། སྒོས་སུ་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ཀྱིས་གཙོ་བྱས་པའི་ཏང་གིས་སྲིད་ཇུས་སྣ་ཚོགས་ལག་ལེན་བསྟར་བཞིན་པ་མིག་མཐོང་ལག་ཟིན་དུ་གྱུར་པས། ཁོང་ལ་གུང་ཁྲན་ཏང་ལ་སྔར་ལས་ལྷག་པའི་ངོས་ཟིན་ཐོབ། ༡༩༥༠ལོར་ནུབ་བྱང་མི་རིགས་སོ་སོའི་སྐུ་ཚབ་འདུ་བའི་རྙེད་བཀུར་འཚམ་ཞུ་ཚོགས་པ་ཞིག་རྩ་འཛུགས་བགྱིས་པར། ཁོང་གིས་སྣེ་ཁྲིད་གཞོན་པའི་འགན་བཞེས་ནས། པེ་ཅིན་དུ་ཏང་དང་རྒྱལ་ཁབ་ཀྱི་གཙོ་འཛིན་མའོ་ཀྲུའུ་ཞི་དང་ཀྲུའུ་ཙུང་ཟི་ལེན། ཀྲུའུ་ཙུང་ལི་བཅས་ལ་བྱམས་བརྩེའི་མཇལ་འཕྲད་གནང་། གཙོ་འཛིན་ཚོའི་གཞན་དང་མི་མཐུན་པའི་ཐུགས་བསྐྱེད་དང་ལྷག་བསམ་རྣམ་པར་དག་པའི་སྤྱོད་ལམ་གྱིས་ཁོང་ལ་རྒྱལ་ཁབ་ཀྱི་མདུན་ལམ་དང་མི་རིགས་ཀྱི་རེ་བ་མཐོང་དུ་བཅུག དེའི་རྗེས་ཀྱི་དུས་རབས་ཕྱེད་ཀྱི་རིང་ལ། ཁོང་གིས་གུང་ཁྲན་ཏང་གི་མགོ་ཁྲིད་ལ་བརྩི་སྲུང་ནན་མོ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར། ཏང་གི་མི་རིགས་སྲིད་ཇུས་བརྟན་སྲུང་བྱས་ཤིང་། ཚེ་ཡི་འཕེན་པ་རྫོགས་རག་བར་དུ་རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད། མི་རིགས་ས་ཆའི་དཔལ་འབྱོར་ཡར་རྒྱས། སྤྱི་ཚོགས་ཀྱི་ཆབ་སྲིད་བརྟན་འཇགས་བཅས་ལ་འབད་པ་ལྷུར་ལེན་བྱས། ༡༩༥༡ལོར་ཞི་ཀྲུང་ཞོན་དང་བསྡོངས་ཏེ་ཟི་ལིང་དུ་ཀུན་གཟིགས་པཎ་ཆེན་བཅུ་བ་མཆོག་པེ་ཅིན་ནས་ཕྱིར་དབུས་གཙང་དུ་ཕེབས་སྐྱེལ་གནང་བས། བོད་རིགས་མི་དམངས་ཀྱི་མཐུན་སྒྲིལ་ལ་ཡང་མཛད་རྗེས་བླ་ན་མེད་པ་བཞག་ཡོད།

༡༩༥༣ལོར་མཱ་ལང་ཇག་ཚོགས་ཀྱིས་ཀན་ལྷོར་ཟིང་འཁྲུག་བསླངས་ཤིང་། ཅང་ཅེ་ཧྲིས་ཐའེ་ཝན་ནས་མི་མངགས་ཏེ་ཁོང་ལ་བསྐོ་ཡིག་བསྟབས་ནས“ཀན་ལྷོའི་སོ་སྲུང་ཟི་ལེན”དུ་བསྐོས་པར། ཁོས་བསྐོ་གཞག་ཡི་གེ་འཕྲལ་དུ་ཀྲུང་གུང་ཀན་ལྷོ་བཟོ་ཨུའི་ཧྲུའུ་ཅི་ཀྲུའུ་ཞ་ཧྥུ (朱侠夫) ལ་སྤྲད་པ་མ་ཟད། སི་ཁྲོན་དང་། ཀན་སུའུ། མཚོ་སྔོན་ས་མཚམས་ཀྱི་ཇག་རྒོལ་བཀོད་འདོམས་པུའུ་ཡི་ཟི་ལེན་གཞོན་པའི་འགན་ཁུར་ནས། མཱ་ལང་ཇག་ཚོགས་མཐར་སྤྱུགས་ཀྱི་ལས་ལ་འབད་པས་ཞུགས། དུས་རབས༢༠བའི་ལོ་རབས༦༠ཡི་དུས་མགོར། ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱིས་ས་རྩོད་བྱེད་པའི་སྐབས་སུ། ཁོང་གིས་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་མི་རིགས་ས་ཁུལ་གྱི་བརྟན་ལྷིང་སྲུང་འཛིན་བྱ་རྒྱུར་དམིགས་ཏེ། སྐབས་དེར་ཆ་རྐྱེན་གྱིས་ཡོངས་སུ་དབུལ་བའི་རྨ་ཆུ་ས་ཆར་དངོས་སུ་ཕེབས་ནས་དྲིལ་སྒྲོག་སློབ་གསོ་དང་སྣེ་ཁྲིད་མཛུབ་སྟོན་གྱི་མཛད་པ་ལྷུར་བཞེས་གནང་བར་བརྟེན། ཏང་གིས་སྤྲད་པའི་ལས་འགན་བདེ་བླག་ངང་འགྲུབ་ཏུ་བཅུག རིག་གནས་གསར་བརྗེ་ཆེན་པོའི་རིང་ལ། ཨ་པ་ཨ་བློ་ཚང་ལ་མ་ཉེས་ཁ་གཡོགས་ཐེབས་རྐྱེན་ཉེས་མེད་རྒོལ་རྡུང་དང་བཙོན་འཇུག་བཀག་སྐྱིལ་རབས་དང་རིམ་པ་བྱས་མོད་ཀྱང་། ཏང་དང་སྲིད་གཞུང་ལ་བློ་ཁེལ་བའི་ཡིད་ཆེས་བརྟན་པོར་འགྱུར་བ་སྤུ་ཙམ་ཡང་བྱུང་མ་མྱོང་། ༡༩༧༧ལོར་དག་སེལ་དཀར་འདོན་བྱས་རྗེས། སྔ་གཞུག་ཏུ་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཧྲིན་ཀྲང་གཞོན་པའི་འགན་བཞེས་ནས། སེམས་ཤུགས་གཅིག་སྒྲིལ་གྱིས་ཏང་གི་ལས་དོན་ལ་ཚེགས་མེད་དུ་གཞོལ། རང་འགུལ་གྱིས་ཆབ་སྲིད་ཀྱི་བྱེད་སྒོ་སྣ་ཚོགས་པར་ཞུགས་ཤིང་། རྒྱུན་པར་མི་རིགས་ས་ཆར་ལྟ་སྐོར་ཞིབ་མོ་དང་། དམངས་ཀྱི་འདུན་མར་བརྟག་དཔྱད་ཟབ་མོ་བྱས་པར་བརྟེན། ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་པ། མི་རིགས་ས་ཆའི་འཕེལ་རྒྱས་སྐུལ་འདེད་གཏོང་བ་སོགས་ཀྱི་ཕྱོགས་ནས་བྱ་བ་ཆེན་པོ་རབས་དང་རིམ་པ་བསྒྲུབ་མྱོང་། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་ཡང་སྲིད་གསེར་བུམ་དཀྲུག་འདོན་བྱེད་པའི་སྐབས་སུ་ཡང་། ཁོང་གིས་ཀན་སུའུ་དང་མཚོ་སྔོན། སི་ཁྲོན་དང་དབུས་གཙང་གི་ཤུགས་རྐྱེན་བེད་སྤྱད་དེ། རྒྱ་ཆེའི་བོད་རིགས་མང་ཚོགས་ལ་དྲིལ་སྒྲོག་ཡང་དག་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་དང་ལངས་ཕྱོགས་བརྩི་སྲུང་། མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོབ་བྱེད་པར་འགན་འཁྲི་དང་ལེན་བྱས་ཡོད།

ཨ་པ་ཨ་བློ་ཚང་ནི་ཀན་སུའུ་ཞིང་ཆེན་གྱི་མི་རིགས་གྲངས་ཉུང་གི་རྒྱལ་གཅེས་མཐོ་རིམ་མི་སྣའི་སྐུ་ཚབ་ཡིན་པའི་ཆ་ནས། ལོ་ངོ་བཅུ་ཕྲག་དུ་མའི་རིང་ལ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སྲིད་དོན་གལ་ཆེན་གྲོས་བསྡུར་བྱེད་པར་ཞུགས་མྱོང་ལ། མི་དམངས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་དང་སྲིད་ཞུགས་སྲིད་གྲོས་ཀྱི་འགན་ནུས་ལག་བསྟར་བྱེད་པར་ནུས་ཤུགས་གང་ཡོད་བཏོན་མྱོང་། དུས་རབས༢༠བའི་ལོ་རབས༩༠བའི་དུས་མཇུག་ཏུ། ཁོང་ཚང་གི་དགུང་ལོ་བགྲེས་ཤིང་སྐུ་སྙུང་བཞེས་ཡོད་རུང་། ད་དུང་སྲིད་གྲོས་ཀྱི་ལས་དོན་ལ་ཐུགས་ཁུར་གནང་ཞིང་། ཏང་གི་འཐབ་ཕྱོགས་གཅིག་གྱུར་གྱི་སྲིད་ཇུས་ཡང་དག་ལག་བསྟར་བྱེད་པ་དང་། འཐབ་ཕྱོགས་གཅིག་གྱུར་གྱི་དཔུང་ཁག་དང་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་ཡར་རྒྱས་འགྲོ་རྒྱུར་འཆར་གཞི་དང་ཇུས་འགོད་སྣ་ཚོགས་བཏོན་མྱོང་། ༡༩༩༧ལོའི་ཟླ༡༠བར་ཨ་པ་ཨ་བློ་ཚང་དགུང་ལོ༩༥སྟེང་དུ་སྐུ་མྱ་ངན་ལས་འདས་སོ།།

(ཐང་དགེ་པདྨ་བཀྲ་ཤིས་ཀྱིས་བསྒྱུར)

དམར་དམག་ལ་སྦྱིན་པའི་ཕྱག་ཟུང་ཡངས་པོར་ཕྱེ་བའི་ཅོ་ནེ་དཔོན་པོ།

ཅོ་ནེ་དཔོན་པོ (༡༨༨༩—༡༩༣༧) ཡི་མིང་དངོས་ལ་བློ་བཟང་བསྟན་འཛིན་རྣམ་རྒྱལ་རྡོ་རྗེ་ཟེར་ཞིང་། རྒྱ་སྐད་དུ་དབྱང་ཅི་ཆིང (杨积庆) དུ་འབོད། ཀན་སུའུ་ཞིང་ཆེན་ཅོ་ནེ་རྫོང་གི་མི་ཡིན་ལ། ཅོ་ནེ་དཔོན་རབས༡༩བ་ཡིན། མངའ་ཁོངས་སུ་ཅོ་ནེ་དང་ཐེ་བོ། འབྲུག་ཆུ་བཅས་ས་ལེ་གྲུ་བཞི་མ་ཁྲི༢ལྷག་ལ་མི་སེར་ཁྲི༡༠ལྷག་འདུས་ཡོད། མངའ་འོག་ཏུ་དམག་རུ༤༨དང་གྲངས་ཀ༡༦ཡོད་པར། ཅོ་ནེ་དཔོན་པོས“དམག་རྟ་ཞིང་ཁ”དང་དགོན་པར“གྲྭ་ཞིང”ལག་བསྟར་བྱེད་བཞིན་ཡོད། ཅོ་ནེ་དཔོན་པོའི་ཡ་མོན་དུ་ཐོ་འགོད་བྱས་ཡོད་པའི་དམག༢༠༠༠ཡོད་པ་སྟོང་ཤོག༣དུ་བསྒྲིགས་ཤིང་། དུས་དང་རྣམ་པ་ཀུན་ཏུ་ཅོ་ནེ་དཔོན་པོའི་བཀའ་ལ་སྒུག་ནས་ཡོད།

༡༩༣༥ལོའི་ཟླ༩བའི་ཟླ་མགོར། དམར་དམག་གི་དཔུང་ཕྱོགས་དང་པོ་རྒྱང་སྐྱོད་བྱས་ཏེ་ཀན་ལྷོར་སླེབ་རན་དུས། ཅང་ཅེ་ཧྲིས་ཐའོ་རྨིན་ལམ་གྱི་བདེ་སྲུང་དམག་སྤྱི་ཅོ་ནེ་དཔོན་པོར་གློག་འཕྲིན་བཏང་ནས་བོད་དམག་ཚང་མ་རྨེར་རྫོང་དང་ཐེ་བོར་མངགས་ནས་ལུའུ་ཏཱ་ཁྲང་གི་གོ་མིན་ཏང་གི་དམག་དཔུང་དང་མཉམ་འབྲེལ་བྱས་ཏེ། དམར་དམག་འགོག་རྒོལ་བྱ་དགོས་པའི་བཀའ་བསྒོས་ཤིང་། དེའི་གཞུག་ནས་ཀྱང་ཅང་ཅེ་ཧྲི་དང་ཧུའུ་ཙུང་ནན། གོ་མིན་ཏང་གི་གཡུལ་འགྱེད་ས་ཁུལ་བརྒྱད་པའི་དམག་དཔོན་ཀྲུའུ་ཧྲའོ་ལིའང་བཅས་ཀྱིས་དམག་གཏོང་དགོས་པའི་གློག་འཕྲིན་ཡང་ནས་ཡང་དུ་འབྱོར་བ་ན། ཁོས་ཕྱོགས་གཅིག་ནས་དམར་དམག་ནི་དམག་དཔུང་ཅི་འདྲ་ཞིག་ཡིན་པ་མི་ཤེས་པ་དང་། ཕྱོགས་གཞན་ཞིག་ནས་ཅང་ཅེ་ཧྲིས་སྔར་ནས་བཟུང“རང་ལ་མི་མཐུན་པ་རྩ་མེད་དུ་གཏོང་བ”དང་། “ས་གནས་ཀྱི་དམག་ཤེད་ཅན་ཁྱུར་མིད་གཏོང་བ།”“ས་ཞིང་ལམ་ལུགས་བསྒྱུར་ནས་གཞུང་དཔོན་གཏོང་བའི”སྲིད་ཇུས་ལ་དོགས་ཟོན་བྱས་ཡོད། ད་དུང་ལུའུ་ཏཱ་ཁྲང་གིས་དུས་ནམ་ཡང་བསམ་ངན་ཁོག་བཅུག་གིས་ཅོ་ནེ་ཁྱུར་མིད་གཏོང་འདོད་ཀྱི་ཧམ་སེམས་ལ་ཡང་དོགས་ཟོན་བྱས་ནས་ཡོད། དེར་བརྟེན་ཁོང་གིས་ཁ་ཡ་མི་བྱེད་པའི་བར་གནས་ཀྱི་རྣམ་འགྱུར་བཟུང་སྟེ། སུས་གློག་འཕྲིན་བཏང་རུང་ཚང་མར་ཁ་ཡ་མ་བྱས། དམག་དོན་སྟེང་རང་ས་སྲུང་ནས་འདུག་པ་ལས། བོད་དམག་ཉིས་སྟོང་བོ་ཅོ་ནེའི་ས་མཚམས་ནས་གོམ་པ་གང་ཡང་བརྒལ་མི་ཆོག་པ་དང་། རྨེར་རྫོང་དང་ལ་གཟར་འགག་ཏུ་དམག་མི་གཅིག་ཀྱང་གཏོང་རྒྱུ་མིན་པའི་སེམས་ཐག་བཅད། དམར་དམག་རྩ་མེད་དུ་གཏོང་རྒྱུའི་རེ་བ་ཅོ་ནེ་དཔོན་པོའི་བོད་དམག་ལ་བཅོལ་བའི་ཅང་ཅེ་ཧྲིར་མཚོན་ན་རང་གིས་རང་ལ་འགྲམ་ལྕག་གཞུས་པ་ཞིག་ཏུ་གྱུར། ཆབ་སྲིད་ལ་བར་གནས་ཀྱི་ལངས་ཕྱོགས་བཟུང་བ་དང་། དམག་དོན་ལ“རང་ས་རང་སྲུང”གི་བྱེད་ཕྱོགས་ལག་ལེན་བསྟར་བ། བྱ་སྤྱོད་ཀྱིས་དམར་དམག་ལ་འཇིགས་སྐུལ་གང་ཡང་མ་བྱས་པ་ནི་དོན་དངོས་སུ་དམར་དམག་ཀན་སུའུ་ནས་བྱང་བགྲོད་བྱེད་པར་ལམ་ཁ་ཕྱེ་བའི་རོགས་སྐྱོར་གྱི་སྤྱོད་སྟངས་ཤིག་ཏུ་གྱུར་ཡོད།

༡༩༣༥ལོའི་ཟླ༩བའི་ཚེས༡༦ཉིན། དཔུང་ཕྱོགས་དང་པོའི་དམག་དཔུང་ཆེན་པོ་ཐེ་བོ་རྫོང་གི་དབང་ཚང་ནས་མ་ཡ་དགོན་བརྒྱུད་རོང་འགག་ནས་གུར་ཚང་སྡེ་བར་སླེབས་པ་ན། འབྲུ་རིགས་རྒྱ་མ་ཁྲི༢༠ཉར་བའི་འབྲུ་མཛོད་ཆུང་ཆུང་ཞིག་ཡོད་པ་མཐོང་། དམར་དམག་གིས་རང་འགུལ་གྱིས་འབྲུ་མཛོད་ཕྱེ་ནས་འབྲུ་རིགས་བགོ་བའི་ཐག་བཅད། འབྲུ་མཛོད་ནས་འབྲུ་རིགས་ལེན་མཁན་གྱིས་རང་གི་དམག་དཔུང་གི་ཨང་རྟགས་དང་འབྲུ་རིགས་བླངས་པའི་གྲངས་ཀ་གསལ་བོར་བྲིས་ནས་མཛོད་ཁང་གི་སྒོ་ཤིང་དུ་བྲིས་པ་དང་། ཁ་ཤས་ཀྱིས་ད་དུང་དངུལ་སྒོར་ཉུང་ངུ་རེ་བཞག་ཡོད། དམར་དམག་གུར་ཚང་ནས་ཐོན་རྗེས་ཀྱང་ཅོ་ནེ་དཔོན་པོས་ཡུན་རིང་བོར་གནས་ཚུལ་རྩད་གཅོད་མ་བྱས་པ་མ་ཟད། མཛོད་གཉེར་དང་མཛོད་སྲུང་པར་ཡང་འགན་འཁྲི་རྩད་གཅོད་བྱས་མེད། ༡༩༣༦ལོའི་ཟླ༨པའི་ཚེས༢༠ཉིན། དམར་དམག་གི་དཔུང་ཕྱོགས་བཞི་བའི་འབུམ་ཤོག༣༢པའི་ཁྲི་ཤོག༡༢པ་རྒྱང་སྐྱོད་བྱས་ཏེ་བཱ་ཙེ་རྫོང་གི་ཐའོ་ཇུ་མཁར་དུ་སླེབས་པ་ན། ཅོ་ནེ་དཔོན་པོས་མཚན་མོར་གསང་བའི་སྒོ་ནས་ཕོ་ཉ་མངགས་ཏེ་ཐའོ་ཇུ་མཁར་གྱི་དམར་དམག་སྤྱི་ཁྱབ་པུའུ་ལ་འཕྲིན་ཡིག་སྐྱེལ་ཞིང་། རྟ་གཉིས་དང་ལུག་བདུན་ཕུལ་ནས་མཛའ་བརྩེའི་འཚམས་འདྲི་བྱས། དོན་དུ་དམར་དམག་དང་ཕན་ཚུན་བཙན་འཛུལ་མི་བྱེད་པའི་གྲོས་མཐུན་ཞིག་རེད། བཱ་ཙེའི་ལོག་སྤྱོད་སྟོབས་ཤུགས་ཀྱིས་སྒྲིག་འཛུགས་བྱས་པའི“ཚོང་ཚོགས”དང་མ་པུའུ་ཧྥང་གི་རྟ་དམག་ཧྲི་ཤོག་དང་པོས་དམར་དམག་ལ་ཚུར་རྒོལ་དང་སྐོར་རྒོལ་བྱེད་སྐབས། ཁོ་ཚོས་མི་མངགས་ནས་ཅོ་ནེ་དཔོན་པོར་བོད་དམག་མངགས་ནས་དམག་རོགས་བྱ་དགོས་པའི་བཀའ་ཕབ་མོད་ཀྱང་། ཅོ་ནེ་དཔོན་པོས་རྒྱུ་མཚན་སྣ་ཚོགས་ལ་ཁ་གཡར་ནས་ཡང་དང་ཡང་དུ་ཕྱིར་འཐེན་ནར་འགྱངས་བྱས་པས། བོད་དམག་དང་དམར་དམག་བར་དུ་དམག་འཐབ་གཅིག་ཀྱང་བྱུང་མ་མྱོང་། དམར་དམག་སོང་རྗེས། ལུའུ་ཏཱ་ཁྲང་གིས་སྨྱོ་ཧམ་ཆེན་པོས“གཙང་ཕྱགས”བྱས་ཏེ། ཐེ་བོ་རྫོང་གི་ལ་གཟར་འགག་དང་། གཙང་པ། རི་དྭངས་སོགས་སུ་གཞུག་ལུས་ཐེབས་པའི་དམར་དམག་ཚོ་འཛེམ་དོགས་མེད་པར་འཛིན་བཟུང་དང་དམར་གསོད་བྱས་མོད་ཀྱང་། ཅོ་ནེ་དཔོན་པོ་དང་ཐེ་བོ་ས་ཆའི་མི་དྲག་བསམ་ཤེས་ཅན། ས་གནས་དཔོན་པོ་ཚོས་དམར་དམག་ལ་གནོད་འཚེ་སྤུ་ཙམ་ཡང་བྱས་མེད་པས། བཅིངས་འགྲོལ་ཡར་སྔོན་དུ། ཐེ་བོ་རྫོང་གི་མངའ་ཁོངས་སུ་དམར་དམག་ཉིས་བརྒྱ་ལྷག་ལུས་ཡོད་ལ། ལོ་རབས༩༠བའི་མགོར་ཡང་མི་བཅུ་ལྷག་འཚོ་ཡོད། ཁོ་ཚོ་སྟབས་ལེགས་ནས་འཚོ་གནས་ཐུབ་བྱུང་བ་དང་། ཀྲུང་གོ་གསར་བ་དབུ་བརྙེས་པ་མིག་མཐོང་ལག་ཟིན་དུ་གྱུར་པ་ཚང་མ་དེ་སྔའི་ཅོ་ནེ་དཔོན་པོ་ལ་སོགས་པས་འགེབས་སྲུང་དང་ལྐོག་ཉར་བྱས་པར་ཁ་འབྲལ་ཐབས་མེད།

དམར་དམག་ཐེངས་གཉིས་ལ་ཀན་ལྷོ་བརྒྱུད་ནས་རྒྱང་སྐྱོད་བྱས་པས། ལུའུ་ཏཱ་ཁྲང་གིས་ཅང་ཅེ་ཧྲི་ལ་ལ་གཟར་འགག་གཡུལ་འགྱེད་ལ་ཕམ་ཁ་ཐེབས་པའི་འགན་ཚང་མ་ཅོ་ནེ་དཔོན་པོས་བོད་དམག་མ་མངགས་པར་འཁྲིས་པ་མ་ཟད། ད་དུང“ཅོ་ནེ་དཔོན་པོས་དམར་དམག་ལ་འབྲུ་སྒོ་ཕྱེ་ཞིང་། དམར་དམག་ལ་ལྐོག་འབྲེལ་བྱས་སོང”ཞེས་ཉེས་འགལ་བྱས། ༡༩༣༦ལོའི་ལོ་མཇུག་ཏུ། ཀྲུའུ་ཧྲའོ་ལིའང་གིས་དམག་དཔོན་གཞོན་པ་པན་ཞིན་ཅོ་ནེར་མངགས་ནས་དོན་འདི་རྩད་གཅོད་བྱས་མོད། ཅོ་ནེ་དཔོན་པོས་ལྐོག་རྔན་སྤྲོད་པ་དང་ལེགས་སྐྱེས་འབུལ་བ་སོགས་ཀྱི་ཐབས་སྤྱད་ནས་པན་ཞིན་གྱི་ཁ་བཀག དེའི་རྗེས་སུ་ཀྲུའུ་ཧྲའོ་ལིའང་ནན་ཅིན་དུ་ལས་གནས་སྤོས་པའི་དབང་གིས་གནས་ཚུལ་དེ་ལའང་བདའ་འདེད་བྱེད་མཁན་མེད་སོང་། འོན་ཀྱང་ལུའུ་ཏ་ཁྲང་གིས་ཅོ་ནེར་ཧམ་སེམས་བཟུང་ཡོད་པས། ལྐོག་གཡོ་སྣ་ཚོགས་ཀྱིས་ཅོ་ནེ་དཔོན་པོའི་མངའ་འོག་གི་མདའ་དཔོན་ཅི་ཚུང་ཀྲུའུ་སོགས་སླུ་བྲིད་སྒོས། ༡༩༣༧ལོའི་ཟླ༨ཚེས༢༥ཉིན། “དཔོན་ཡུལ་དུས་འགྱུར”ངན་སྐུལ་བྱས་ནས། ཅོ་ནེ་དཔོན་པོ་འཁོར་དང་བཅས་པ་ནང་མི་བདུན་དམར་གསོད་བཏང་། ལོ་དེར་ཅོ་ནེ་དཔོན་པོ་དགུང་ལོ༤༨ཡིན།

བཅིངས་འགྲོལ་བྱས་རྗེས། ཏང་དང་སྲིད་གཞུང་གིས་གསར་བརྗེར་དཀའ་ཚེགས་ཆེ་བའི་དུས་སྐབས་སུ་ཅོ་ནེ་དཔོན་པོས་དམར་དམག་ལ་རོགས་སྐྱོར་བྱས་མྱོང་བ་བརྗེད་དུ་མེད་པར། ༡༩༩༤ལོའི་ཟླ༡༠བར་ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཅོ་ནེ་དཔོན་པོར་སྔོན་གཤེགས་དཔའ་བོའི་མཚན་སྙན་ཕུལ་བ་མ་ཟད། ཅོ་ནེ་རྫོང་མཁར་དུ་བང་སོ་བསྐྲུན་ཞིང་རྡོ་རིང་བཙུགས་ནས། བླ་ན་མེད་པའི་མཛད་རྗེས་ལ་དུས་མཐའི་བར་དུ་བསྟོད་བསྔགས་བྱས་ཡོད་དོ།།

(ཐང་དགེ་པདྨ་བཀྲ་ཤིས་ཀྱིས་བསྒྱུར)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1