རྒྱལ་གཅེས་ཆོས་གཅེས་ཀྱི་དགེ་བཤེས་ཆེན་མོ་རྗེ་ཤེས་རབ་རྒྱ་མཚོ།
(ཐང་དགེ་པདྨ་བཀྲ་ཤིས་ཀྱིས་བསྒྱུར) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-02
མཚོ་རྒྱས་ན་ཉ་སྐྱིད།།
མཚོ་སྐམ་ན་ཉ་ཤི།།
རྒྱལ་ཁབ་དར་ན་མི་དམངས་སྐྱིད།།
མི་དམངས་སྐྱིད་ན་ཆོས་ལུགས་དར།།
རྗེ་ཤེས་རབ་རྒྱ་མཚོ་མཆོག་ནི་རབ་བྱུང་བཅོ་ལྔ་བའི་ཤིང་ཕོ་སྤྲེལ་ལོ་སྟེ་སྤྱི་ལོ༡༨༨༤ལོར་མདོ་སྨད་ཞུན་ཧྭ་རྫོང་རྡོ་སྦིས་ཞང་གི་ཧོར་བྲོ་བ་སྡེ་བར་ངོ་མཚར་བའི་ལྟས་མང་པོ་དང་བཅས་ཏེ་སྐུ་བལྟམས། དགུང་ལོ་ལྔའི་སྟེང་རྡོ་སྦིས་གྲྭ་ཚང་གི་ཆོས་སྒོར་ཞུགས་ཏེ། དགེ་བའི་བཤེས་གཉེན་ལྷ་རམས་པ་ནོར་བུ་དང་ཐོགས་མེད་རྣམ་གཉིས་དགེ་རྒན་དུ་བསྟེན་ནས་ཡི་གེ་འབྲི་འདོན་དང་། རྡོ་སྦིས་གྲྭ་ཚང་གི་འདོན་པ་སྟེ་ཀུན་རིགས་དང་རྒྱན་འཇུག་སོགས་བློ་འདོན་སྐོར་ཚེགས་མེད་དུ་ཐུགས་སུ་མཁྱེན་པས་སྐྱེ་བོ་རྣམས་ངོ་མཚར་ཞིང་ཧ་ལས་པར་གྱུར། དེ་ལ་རྗེ་འདི་ཉིད་ཀྱི་སྲས་ཀྱི་ཐུ་བོ་ཨ་ལགས་ལྷ་རམས་པ་སྐལ་བཟང་རྒྱ་མཚོ་ཚང་གིས་རིན་པོ་ཆེར་གསོལ་འདེབས་ཡིད་ཀྱི་གདུང་སེལ་ཞེས་པ་ཞིག་བརྩམས་པ་ལས། “དགུང་ལོ་ལྔ་བར་གཏན་བདེ་པདྨའི་ཚལ།། དགའ་ལྡན་འཕེལ་རྒྱས་གླིང་དུ་ཞུགས་པ་ན།། ཕྲལ་སྦྱོར་ཀློག་གི་ཚུལ་སོགས་ཚེགས་མེད་དུ།། གཟིགས་པའི་འདབ་བརྒྱ་གྲོལ་བའི་རྣམ་ཐར་ཡིན།། ན་གཞོན་བྱིས་པ་ཆུང་ངུའི་དུས་ཉིད་ནས།། སྔོན་སྦྱངས་གཙུག་ལག་སྨྲ་བར་ཆེན་པོའི་ཉམས།། རབ་འཁྲུངས་འཆད་རྩོད་རྩོམ་པའི་གཏེར་ཁ་བརྡོལ།།”ཞེས་གསུངས་པ་བཞིན་ལགས།
དམ་པ་འདི་ཉིད་ཀྱིས་ཐོག་མཐའ་བར་གསུམ་དུ་བཙན་འཛུལ་དང་མེས་རྒྱལ་ཁ་བྲལ་དུ་གཏོང་བར་ངོ་རྒོལ་བྱེད་ཅིང་། མེས་རྒྱལ་གཅིག་གྱུར་དང་ཞི་བདེ་མཉམ་གནས་ལ་ཐུགས་གཏིང་ནས་མཉེས་པའི་མིང་དོན་མཚུངས་པའི་རྒྱལ་གཅེས་ཆོས་གཅེས་མཁན་ཞིག་ཡིན་པས། ཁོང་གིས་འཇར་པན་གྱི་བཙན་འཛུལ་འགོག་ཆེད་བསླབ་བྱ་ཆོས་དུང་དཀར་པོའི་སྒྲ་དབྱངས་ཞེས་པ་ཞིག་བརྩམས་པ་པར་དུ་བསྐྲུན་ཏེ། མདོ་དབུས་ཁམས་གསུམ་ཀུན་ལ་འགྲེམ་སྤེལ་བགྱིས་པར་མ་ཟད། ཁོང་ཉིད་དངོས་སུ་ཀན་སུའུ་དང་མཚོ་སྔོན་བཅས་ཀྱི་མཐའ་མཚམས་ས་ཁུལ་མང་པོར་དྲིལ་བསྒྲགས་སུ་ཕེབས་ཏེ་མཛད་རྗེས་རླབས་ཆེན་བསྐྲུན།
༡༩༤༩ལོར་མཚོ་སྔོན་བཅིངས་འགྲོལ་བྱུང་སྐབས། ཁོང་བྲག་དཀར་སྤྲེལ་རྫོང་དུ་བཞུགས་པ་ན། ཀན་སུའུ་དང་མཚོ་སྔོན་དམག་སྲིད་ཨུ་ཡོན་ལྷན་ཚོགས་མཉམ་འབྲེལ་གྱིས་སྐུ་ཚབ་ཆེད་དུ་སྤྲེལ་རྫོང་དུ་ཁོང་གདན་འདྲེན་ཞུ་བར་མངགས་པ་ལྟར། ཁོང་འཁོར་དང་བཅས་པ་ཟི་ལིང་དུ་ཕེབས་ཏེ། ཐོག་མར་ཞིང་ཆེན་ཏང་སྲིད་ལས་ཁུངས་ཀྱི་མགོ་གཙོ་ལའོ་ཧན་ཧྲིན་དང་ཀྲང་ཀྲོང་ལའང་། ཀྲའོ་ཧྲིག་ཧྲན་བཅས་ལ་མཇལ་འཕྲད་གནང་།
སྐབས་དེར་གོ་མེན་ཏང་ལོག་སྤྱོད་ཕྱོགས་ཁག་གིས་གུང་ཁྲན་ཏང་ལ་སྒྲོ་འདོགས་སྐུར་འདེབས་ཀྱིས་འཆལ་གཏམ་སྣ་ཚོགས་བསྒྲགས་དང་སྒྲོག་བཞིན་ཡོད་པ་འགོག་ཆེད། ཁོང་གིས་ནུབ་བྱང་འཚམས་འདྲི་ཚོགས་པའི་ཡན་ལག་ཁྲིད་དེ་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་སོགས་ས་ཁུལ་མང་པོར་ཕེབས་ཏེ་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་སྣ་ཚོགས་དྲིལ་བསྒྲགས་ངོ་སྤྲོད་མཛད་པས། རྒྱ་ཆེའི་མང་ཚོགས་རང་རེའི་ཏང་ལ་ཡིད་ཆེས་ཤིང་དམངས་སེམས་བདེ་ལ་འགོད་པའི་མཛད་རྗེས་བསྐྲུན།
སྣང་ར་ས་ཆ་མཱ་ཇག་གི་ལྷག་འཕྲོ་དང་གོ་མེན་ཏང་གི་ལོག་སྤྱོད་ཕྱོགས་ཁག་གི་ངན་གཡོའི་མགོ་སྐོར་འོག་ཚུད་དེ། གུང་ཁྲན་ཏང་ལ་མགོ་མ་བཏགས་པར་ངོ་རྒོལ་གྱི་སྣང་ཚུལ་ཞིག་བྱུང་བས། དོན་རྐྱེན་དེ་བཟློག་ཆེད་དུའང་ཁོང་ཐེངས་གསུམ་ལ་སྣང་རར་ཕེབས་ཏེ་སྣང་རའི་དཔོན་པོ་དབང་ཆེན་དང་མང་ཚོགས་ལ་ཏང་གི་སྲིད་ཇུས་ངོ་སྤྲོད་དང་ཁ་ཏ་སློབ་གསོ་བཏང་མཐར། ད་གཟོད་འགལ་བ་ཞི་འཇགས་སུ་བཏང་སྟེ། བདེ་འཇགས་མཐུན་སྒྲིལ་གྱི་ལམ་དུ་བཀོད།
༡༩༥༣ལོར་རྒྱ་ནག་རི་བོ་རྩེ་ལྔར་དགེ་སློང་བསོད་ནམས་རིན་ཆེན་ཟེར་བས་སྤྱན་རས་གཟིགས་ཀྱི་ལུང་བསྟན་ཡིན་ཞེས“གུང་ཁྲན་ཏང་དང་མི་དམངས་སྲིད་གཞུང་གི་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་རྫུན་མ་ཡིན་པ་དང་། གུང་ཁྲན་ཏང་ལ་ཡིད་ཆེས་བློ་གཏད་བྱེད་མི་རུང”ཞེས་བཀོད་པའི་ལུང་བསྟན་རྫུན་མ་ཞིག་སྤེལ་བ་དེ་ལ་ཡང་། ཁོང་གིས་ཁ་ཡིག་ལ《ལུང་བསྟན་རྫུན་མ་སུན་འབྱིན་རྨོངས་པའི་མུན་སེལ་ཤེས་རབ་ཉི་མའི་འོད་ཟེར》ཞེས་པའི་རྒོལ་གཏམ་ཞིག་རྩོམ་གནང་མཛད་པའི་ནང་དོན་གཤམ་གསལ་ལྟར། “ལྷ་ལྡན་ཐིག་ལེ་ར་ས་འཕྲུལ་སྣང་གི། ཤར་ཕྱོགས་སྤྱི་བོའི་གནས་ཆེན་པདྨ་བཀོད།། འདི་ན་བླུན་ཚིག་ཤོག་བུའི་རྒྱལ་མཚན་རྩེར།། སྒྲོ་བཏགས་སྟོང་གིས་བཀུར་བ་ཡི་རེ་མུག། ”ཅེས་དང་། “བློ་ལ་མུན་པའི་འཇིག་རྟེན་རྫོགས་པའི་མཐའ།། རྒྱལ་བའི་ཡབ་ཀྱིས་བཙལ་ཀྱང་རྙེད་དཀའ་བ།། འདི་འདྲ་ནང་གི་དེ་ཉིད་མཚོན་བྱེད་དུ།། མེས་པོ་ཚངས་པ་གདོང་བཞི་སྤྲུལ་ལམ་སྙམ།། གཏམ་རྣམས་ཐམས་ཅད་འདོད་པའི་ཕྱོགས་ནས་འབྱུང་།། ཟེར་བའི་བདེན་རྫུན་ང་ལ་ལྟོས་ཤིག་ཅེས།། སྨྲ་དང་མཚུངས་པའི་ངག་གི་ཕུང་གྲོལ་འདི།། དགྲ་ཡིས་བཏང་བའི་དྲག་ཏུ་སོམ་ཉི་ཅི།།”ཞེས་དང་། “བླུན་སྐྱོན་སྤྱན་རས་གཟིགས་ལ་བསྒོ་འདོད་པའི།། ལུང་བསྟན་རྫུན་མ་དུག་གི་ཁུ་བ་ཅན།། འདི་ནི་ཅོལ་ཆུང་བྱིས་པའི་བླ་རྡོལ་ཏེ།། ཚད་ལྡན་མཁས་པའི་ཉམས་འགྱུར་ཡོད་མ་ཡིན།།”ཞེས་པའི་དགག་ཡིག་པར་དུ་བསྐྲུན་ཏེ་མདོ་དབུས་གཙང་གསུམ་ཀུན་ལ་འགྲེམ་སྤེལ་བགྱིས་པར་མ་ཟད། ཁོང་ཉིད་ཀྱི་གསུང་སྐད་བོད་སྐད་རྒྱང་སྒྲོག་ཏུ་སྒྲ་བླངས་ཏེ་ཀུན་ལ་ཁྱབ་བསྒྲགས་གནང་སྟེ། ལུང་བསྟན་རྫུན་མར་ཡིད་ཆེས་ཤིང་མགོ་སྐོར་ཐེབས་པའི་སྐྱེ་བོ་མ་རུངས་པ་རྣམས་ཀྱི་སྙིང་གི་མུན་པ་དྲུངས་ནས་འབྱིན་པར་མཛད།
༡༩༥༠ལོར“བཙན་འཛུལ་ལ་ངོ་རྒོལ་དང་ཞི་བདེར་སྲུང་སྐྱོང”ཞེས་པའི་ཀྲུང་དབྱང་གི་སྐུལ་མ་ལྟར། དམ་པ་ཁོང་ཉིད་མེ་འགོག་ཁྲའོ་རོགས་ལས་འགུལ་ཆེན་པོ་རྒྱ་མཚོ་འཕྱུར་བ་ལྟ་བུའི་ནང་ཞུགས་ཏེ། ཁོང་གིས་དགུང་ལོ་མཐོ་བའི་སྐུ་ངལ་ལ་མ་འཛེམ་པར་རྨ་ལྷོ་དང་མཚོ་ལྷོ་དང་སྐུ་འབུམ་སོགས་དགོན་སྡེ་མང་པོར་ཕེབས་ཏེ། མང་ཚོགས་སེར་སྐྱ་ཁྲི་སྟོང་མང་པོར་ཚོགས་འདུ་བསྡུས་ཏེ་མེ་འགོག་ཁྲའོ་རོགས་ཐད་རང་རང་གི་ནུས་ཚོད་ཀྱིས་ཞལ་འདེབས་འབུལ་དགོས་པའི་སྐུལ་སློང་གི་བྱ་འགུལ་སྣ་ཚོགས་སྤེལ་བར་བརྟེན། ཞིང་ཆེན་ཡོངས་ཀྱི་དགོན་སྡེ་དང་གྲྭ་བ་རྣམས་ཀྱིས་ཞལ་འདེབས་སུ་ནང་བསྟན་རྟགས་ཅན་གྱི་གནམ་གྲུ་ཞིག་ཉོས་ཏེ་མེ་འགོག་ཁྲའོ་རོགས་སུ་ཞལ་འདེབས་ཕུལ། དེ་བཞིན་རྨ་ལྷོ་དང་མཚོ་ལྷོ་བཅས་ཀྱི་དགོན་སྡེ་དང་བླ་དཔོན་རྣམས་ཀྱིས་རང་རང་གི་འདོད་མོས་ལྟར་སྒོར་མོ་ཁྲི་འབུམ་བཅས་ཀྱི་ཞལ་འདེབས་ཕུལ། དམ་པ་ཁོང་གི་ཕ་ཡུལ་ཏེ་རྡོ་སྦིས་གྲྭ་ཚང་གིས་ཀྱང་དངུལ་སྒོར་ཁྲི་གཉིས་དང་། ནང་ཆེན་རང་གིས་དངུལ་སྒོར་ཁྲི་གཅིག་བཅས་ཀྱི་ཞལ་འདེབས་ཕུལ་བར་མ་ཟད། ཆོས་ལུགས་ཀྱི་ཆོ་ག་ལྟར་རྐྱེན་ངན་བར་ཆད་བཟློག་ཆེད་རྡོ་སྦིས་གྲྭ་ཚང་དུ་མི་འཁྲུགས་ལྷ་ཁང་དང་བདུད་སྡེ་ཟིལ་གནོན་གྱི་ལྷ་ཁང་ཞིག་གསར་བཞེངས་གནང་། སྐབས་དེར་ཁོང་གིས་ཚོགས་འདུ་ཆེ་ཆུང་སྣ་ཚོགས་ཀྱི་སྟེང་ཕྲ་མཛངས་རྣམ་དཔྱོད་ཀྱི་སྒོ་ནས་དངོས་དོན་མང་པོ་ལུང་དང་རིགས་པས་དྲངས་ནས། “མཚོ་རྒྱས་ན་ཉ་སྐྱིད། མཚོ་སྐམ་ན་ཉ་ཤི རྒྱལ་ཁབ་དར་ན་མི་དམངས་སྐྱིད། མི་དམངས་སྐྱིད་ན་ཆོས་ལུགས་དར”ཞེས་ཡང་ཡང་གསུངས།
ས་གནས་ཀྱི་ལས་བྱེད་པ་དང་སློབ་མས་ཁོང་གི་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློར་སློབ་སྦྱོང་བྱེད་བཞིན་པ། ཁོང་རང་ཉིད་ཀྱིས་བརྩམས་པའི《བསླབ་བྱ་ཀུན་བཟང་མཆོད་སྤྲིན》ལས། “ད་ལྟ་ཆབ་སྲིད་གསར་བའི་ས་གཞི་ལ།། ཞི་བའི་འོ་མཚོ་བསྐྱིལ་བ་འདི་འདྲ་ན།། འཚོ་བ་སྤོང་བའི་ཤཱཀྱའི་དགེ་སྦྱོང་གིས།། ཕྲག་དོག་འཁོན་འཛིང་འདོར་བ་ཅིས་མི་རིགས།།”ཞེས་དང་། “བསྟན་པ་འོ་མཚོ་བཞིན་དུ་འཕྱུར་བ་ལ།། གུང་ཁྲན་ཟླ་བའི་འཛུམ་དཀར་གཉེན་དུ་ཆེ།། བྱམས་བརྩེ་བ་གམ་མཐོན་པོར་དཀྲིགས་པའི་སྤྲིན།། ཕྱོགས་བཅུའི་འཁོར་ལོ་འགེམས་པའི་གྲིབ་བསིལ་ཅན།། དེ་ལ་རྒྱལ་བ་ཏིལ་གྱི་གང་བུའི་ཚོགས།། ཤིས་བརྗོད་མེ་ཏོག་གསར་བའི་གྲུ་ཆར་བསྙིལ།།”ཞེས་དང་། “རང་གི་ཆོས་ལུགས་རྩྭ་ལྟར་འདོར་བའི་བློ།། རང་གཤེད་གཟུགས་མེད་མི་དགེའི་མགོ་དགུ་ལ།། རང་སྐྱོན་ཞིབ་མོའི་རིག་པའི་གཟིར་བའི་མིར།། རང་དང་གུང་ཁྲན་རྡོ་རྗེའི་སྤུན་དུ་བསྡེབས།།”ཞེས་དང་། “མའོ་ཙེ་ཏུང་གི་དགོངས་པ་ནམ་མཁའི་དབྱིངས།། སྤྱི་ཚོགས་གཞན་ཕན་བདུད་རྩིའི་རྒྱ་མཚོ་ཆེ།། སྲས་གཙང་སྲས་ཀྱི་ལུང་རྟོགས་ཉི་ཟླའི་འོད།། འཛིན་མའི་ཁྱོན་ན་དགེ་བར་ཁོ་བོས་འཁུམས།།”ཞེས་གསུངས་པ་འདི་དག་གིས་ཀྱང་། ཁོང་ཚང་ནི་ཏང་དང་མའོ་ཀྲུའུ་ཞི་མཆོག་ལ་དད་ཞེན་ཆེ་བའི་ངེས་པ་དོན་གྱི་རྒྱལ་གཅེས་ཆོས་གཅེས་པ་ཞིག་ཡིན་པ་མཚོན་ནུས།
༡༩༦༡ལོར། ཀྲུང་གོའི་ནང་བསྟན་སློབ་གྲྭར་བོད་ཡིག་འཛིན་གྲྭ་ཞིག་བཙུགས་ཤིང་ཀྲོའུ་ཙུང་ལི་མཆོག་གིས་དངོས་སུ་དགེ་བཤེས་རིན་པོ་ཆེར་མཇལ་འཕྲད་གནང་སྐབས“ཁྱེད་རང་ནི་འཛམ་གླིང་ཡོངས་ལ་ཁྱབ་པའི་ནང་བ་སངས་རྒྱས་པའི་བསྟན་པ་འཛིན་པའི་སྐྱེས་ཆེན་དམ་པ་ཞིག་ཡིན་པས། སྐུ་ཚེ་གང་བོར་སངས་རྒྱས་པའི་ཆོས་ཉམས་སུ་བླངས་ཞིང་། རྒྱལ་གཅེས་ཆོས་གཅེས་ཐད་དུ་གྲུབ་འབྲས་གཡུར་དུ་ཟ་བ་འཇོག་གནང་མཛད་པའི་རྒན་པོ་ཞིག་ཡིན་པས། ད་ནི་ཁྱེད་དགུང་ལོ་ཧ་ཅང་མཐོ་བའི་བགྲེས་པོ་ཡིན་སྟབས། ཅིས་ཀྱང་ཁྱེད་ཀྱི་རྗེས་འཛིན་པ་རེ་སྐྱེད་སྲིང་བྱ་དགོས་པ་སྐབས་སུ་བབ་འདུག”ཅེས་གསུངས་པ་ལྟར། དེ་འཕྲལ་ནང་བསྟན་མཐུན་ཚོགས་ཀྱིས་སྒྲིག་འཛུགས་བྱས་ནས་མདོ་དབུས་ཁམས་གསུམ་གྱི་བླ་མ་དང་དགེ་བཤེས་དང་གྲྭ་བ་ཤེས་ཡོན་ཅན་ཉི་ཤུ་བསྡུས་ཏེ། དགེ་བཤེས་རིན་པོ་ཆེ་རང་གི་སློབ་བུ་ལྷ་རམས་པ་སྐལ་བཟང་རྒྱ་མཚོ་དང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས་སྦྱིན་པ་གཉིས་དང་། ཆབ་སྲིད་དང་རྒྱ་ཡིག་གི་དགེ་རྒན་རྒྱ་རིགས་གཅིག་བཅས་དགེ་རྒན་གསུམ་བསྐོས། ཁོང་རིན་པོ་ཆེ་དགུང་ལོ་ཧ་ཅང་མཐོ་བས། དུས་རྒྱུན་སློབ་ཁྲིད་གནང་མི་ཐུབ་ཅིང་། ཀྲོའུ་ཙུང་ལི་མཆོག་གི་དགོངས་པ་ལྟར་སྐབས་འགར་ཁོང་དངོས་སུ་སློབ་གྲྭར་ཕེབས་ཏེ། སློབ་མ་ཚོར་རྒྱལ་བའི་གསུང་རབ་ཀྱི་གཞུང་ལུགས་དང་རྒྱ་བོད་ཀྱི་ལོ་རྒྱུས་སོགས་ཐད་ཀྱི་དཔེ་ཁྲིད་དང་བཀའ་ཆོས་གནང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་འཛིན་གྲྭའི་དགེ་རྒན་རྣམས་ལའང་གྲུབ་མཐའ་ཆེན་མོ་དང་རྒྱལ་རབས་སོ་སོའི་ལོ་རྒྱུས་སོགས་ཀྱི་དཔེ་ཁྲིད་དང་བསླབ་བྱ་གནང་སྟེ། སློབ་མ་ཚོ་བླང་དོར་ལེགས་ཉེས་ཀྱི་རྣམ་བཞག་ཙམ་ཞིག་ཤེས་ནས་ཡ་རབས་ཚུལ་མཐུན་གྱི་ཀུན་སྤྱོད་བཟང་པོ་ཞིག་ལྡན་དགོས་པའི་བསླབ་བྱ་ཡང་ཡང་གནང་། གཞན་ཡང་པན་ཆེན་ཐམས་ཅད་མཁྱེན་པ་མཆོག་ཉིད་དགེ་བཤེས་རིན་པོ་ཆེ་ཚང་གི་མཛད་བཟང་རྗེས་དྲན་ཁང་འགྲུབ་པར་རབ་གནས་གནང་བར་རྡོ་སྦིས་གྲྭ་ཚང་དུ་ཞབས་ཀྱི་པད་མོ་བཀོད་པའི་སྐབས་སུ། ཞལ་ནས“ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་ཤེས་རབ་རྒྱ་མཚོ་ཡིས་སྐུ་ཚེ་གང་ལ་ནང་བ་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་ཞིང་། མི་རིགས་ཀྱི་སློབ་གསོ་དང་མེས་རྒྱས་གཅིག་གྱུར། མི་རིགས་མཐུན་སྒྲིལ་བཅས་ཀྱི་ཐད་དུའང་མཛད་རྗེས་རླབས་ཆེན་འཇོག་གནང་མཛད་ཡོད་པ་ལ། རང་རེ་རྣམས་ཀྱིས་ཀྱང་འབད་བརྩོན་ཆེན་པོས་སློབ་སྦྱོང་བྱེད་དགོས་པ་ཞིག་རེད”ཅེས་གསུངས་པའོ།།
གསར་བརྗེའི་མེ་སྟག་སྤང་ལ་བསྒོས་པའི་ཞོན་ཞཱ་ཧྥུ།
ཞོན་ཞཱ་ཧྥུ (༡༨༩༩-༡༩༣༨) ཡི་སྔར་མིང་ལ་ཡོ་ཧོ་ཟེར་ཞིང་། མཚན་ཅན་ཧུང་ཡིན། བོད་མིང་ལ་བཀྲ་ཤིས་ཚེ་རིང་ཟེར། ཀྲེ་ཅང་ཞིང་ཆེན་ཀྲུའུ་ཅི་རྫོང་གི་མི་ཡིན། ༡༩༡༦ལོའི་དབྱར་ཁ་ནས་ཀྲེ་ཅང་ཐེ་ཀྲིག་གཞུང་བཙུགས་ཆུ་ཐོན་སློབ་གླིང་ཉ་འཛིན་སྡེ་ཁག་ཏུ་དངོས་གཞི་བཏོན་ཞིང་། ༡༩༢༠ལོའི་དབྱར་ཁར། སྤྱིའི་རྒྱུགས་འབྲས་ཨང་དང་པོ་བླངས་ནས་གཞུང་གྲོན་ཕྱི་འགྲིམ་གྱིས་ལྗར་པན་གྱི་པེ་ཧེ་ཏོ་བཙན་རྒྱལ་སློབ་ཆེན་དུ་ཆུ་ཐོན་ཆེད་ལས་སློབ་གཉེར་བྱས། དེ་དུས་ཞོན་ཞཱ་ཧྥུ་ཡིས་སྐོམ་པ་ཆུ་འདོད་ལྟར་མར་ལེའི་གཞུང་ལུགས་ལ་ཐོས་བསམ་གནངས་ཤིང་། མར་ལེ་རིང་ལུགས་ཀྱིས་གཟོད་རྒྱལ་ཁབ་དང་མི་དམངས་སྐྱོབ་ཐུབ་པའི་གནས་ལུགས་མངོན་པར་རྟོགས། ལྗར་པན་དུ་སློབ་གཉེར་བྱེད་བཞིན་པའི་སློབ་མའི་རྒྱལ་གཅེས་ལས་འགུལ་ཁྲོད་དུ་ཞུགས་པས༡༩༢༢ལོར་རྒྱལ་ནང་དུ་ཕྱིར་མི་ལོག་ཀ་མེད་བྱུང་། རྒྱལ་ནང་དུ་ལོག་རྗེས་ཀྲེ་ཅང་ཆུ་ཐོན་སློབ་གྲྭར་དགེ་རྒན་བྱས་ནས་གསར་བརྗེའི་བྱ་བ་སྒྲུབ་འགོ་བརྩམས། ༡༩༢༣ལོར་ཧང་ཀྲུའུ་ནས་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ན་གཞོན་ཚོགས་པར་ཞུགས་པ་མ་ཟད། གུང་གཞོན་ཚོགས་པ་ཧང་ཀྲུའུ་ས་གནས་ཏང་ཨུའི་དྲུང་ཡིག་གི་འགན་ཁུར། ཟླ༧པར་ཀྲུང་གོ་གུང་ཁྲན་ཏང་དུ་ཞུགས། ༡༩༢༤ལོར། ཧོང་ཕུའུ་དམག་དཔོན་སློབ་གྲྭའི་རབས་དང་པོར་རྒྱུགས་འཕྲོད་ཅིང་། སློབ་གྲྭའི་ནང་དུ་རུ་འབྲིང་གསུམ་པ་གོ་མིན་ཏང་ཡན་ལག་པུའུ་ཏང་ཚོ་ཆུང་གི་ཚོ་དཔོན་གྱི་འགན་ཡང་ཁུར་མོད་ཀྱང་། ཅང་ཅེ་ཧྲི་ལ་ཁོང་ཁྲོ་བསླངས་པས་སློབ་གྲྭ་ནས་ཕུད། ༡༩༢༥ལོའི་དཔྱིད་ཀར། ལི་ཏཱ་ཀྲའོ་ཡིས་མཚམས་སྦྱོར་བྱས་པ་བརྒྱུད་ཀྲང་ཅ་ཁོའུ་ཡི་ཧྥུན་ཡུས་ཞང་གི་རྒྱལ་འབངས་དམག་རུའི་ཁྲོད་རིག་གནས་སློབ་གསོའི་བྱ་བ་སྒྲུབ། ཟླ༡༠བར། རྒྱལ་དམངས་དམག་གི་ཁྲི་དམག་གཉིས་པ་ནུབ་ཕྱོགས་སུ་སྐྱོད་པར་འགྲོགས་ཏེ་ལན་ཇུར་སླེབས། ལོ་དེའི་དགུན་ཁར། གུང་ཁྲན་ཏང་མི་ཀྲང་དབྱི་ཝུའུ་དང་ཆན་ཆིན་ཆོན་སོགས་དང་མཉམ་དུ་ལན་ཇུ་རུ་ཀྲུང་གོ་གུང་ཁྲན་ཏང་གི་རྩ་འཛུགས་ཐོག་མ་སྟེ་ཀྲུང་གུང་ཀན་སུའུ་དམིགས་བསལ་ཀྲི་པུའུ་བཙུགས་པ་མ་ཟད། ཀྲི་པུའུ་ཨུ་ཡོན་གྱི་འགན་ཁུར།
༡༩༡༨ལོ་ནས༡༩༢༥ལོའི་བར། ཉིང་ཧའེ་དམག་ཤེད་མཱ་ཆི་ཡིས་ཀན་སུའུ་དང་སི་ཁྲོན། མཚོ་སྔོན་ས་མཚམས་སུ་དབང་སྒྱུར་དང་འཕྲོག་བཅོམ་བྱེད་ཕྱིར། དམག་དཔུང་བཏང་ནས་བླ་བྲང་དགོན་པ་བཙན་བཟུང་བྱས། མཱ་ཚང་གི་གཉའ་གནོན་མྱོང་འདོད་མེད་པའི་བླ་བྲང་ས་ཆའི་མི་དམངས་ཀྱིས་གཞི་རྒྱ་ཆེ་བའི་ངོ་རྒོལ་ཐེངས་མང་བྱས་མོད་ཀྱང་མཱ་ཇག་གིས་དྲག་གནོན་བྱས་པ་མ་ཟད། ཉེ་འཁོར་གྱི་དགོན་པ༣༧མེར་བསྲེགས་ཤིང་། སེར་སྐྱ༧༠༠༠ལྷག་དམར་གསོད་བྱས། ཀུན་མཁྱེན་སྐུ་ཕྲེང་ལྔ་བ་ཚང་ཡང་ཀན་སུའུ་དང་སི་ཁྲོན་ས་མཚམས་ཀྱི་རྨ་ཆུ་དངུལ་རྭར་ཉེན་གཡོལ་དུ་མི་ཕེབས་ཐུ་མེད་དུ་གྱུར། ༡༩༢༥ལོའི་ལུགས་རྙིང་གི་ཟླ༡༠བར། ཀུན་མཁྱེན་ཚང་གི་གཅེན་ཨ་པ་ཨ་བློ་ཚང་གིས་བོད་རིགས་འཐུས་མི༡༠ཁྲིད་དེ་ལན་ཇུར་མཱ་ཚང་གི་ནག་ཉེས་གཏུག་བཤེར་དུ་བྱོན་པར། ཞོན་ཞཱ་ཧྥུས་སྐུལ་སྒྲུབ་སྤྱི་ཤག་ཆབ་སྲིད་ཁྲུའུ་ཡི་ཁྲུའུ་ཀྲང་ཡན་གོ་ཧྥུ་ཡི་སར་མཇལ་བས་བླ་བྲང་དོན་རྐྱེན་གྱི་གནས་ཚུལ་ཡོངས་རྫོགས་གསལ་རྟོགས་བྱས། ཞོན་ཞཱ་ཧྥུས་སྔོན་ལ་བོད་མིའི་རིག་གནས་དང་གོ་རྟོགས་ཇེ་མཐོར་གཏོང་ཕྱིར་ལན་ཇུར“གངས་ཅན་རིག་གནས་ཡར་སྐུལ་ཚོགས་པ”བཙུགས་ཤིང་། རིམ་གྱིས་མཱ་ཇག་ལ་འཐབ་རྩོད་བྱེད་པར་ཁྲིད་སྟོན་དང་རོགས་རམ་བྱས། ༡༩༢༦ལོའི་ཟླ༨པར། ཞོན་ཞཱ་ཧྥུ་ཡིས་ཀྲུང་གུང་ཀན་སུའུ་དམིགས་བསལ་ཀྲི་པུའུ་ཡི་རྒྱབ་སྐྱོར་འོག ཀུན་མཁྱེན་སྐུ་ཕྲེང་ལྔ་བ་ཚང་དང་ཡབ་མགོན་པོ་དོན་གྲུབ། གཅེན་ཨ་པ་ཨ་བློ་ཚང་གི་གདན་ཞུས་ལྟར་དཀའ་ངལ་ལ་མ་འཛེམ་པར་ལན་ཇུ་ནས་ལམ་ཐག་རིང་པོ་བརྒལ་ཏེ་ཀན་ལྷོར་རྡོག་ཐོན་བྱུང་། ལམ་བར་དུ་བསང་ཆུ་དང་ཅོ་ནེ། ཀླུ་ཆུ། རྨ་ཆུ་སོགས་རྫོང་ཁག་ཏུ་བསྐྱོད་དེ། མཱ་ཇག་གིས་དམག་བཏང་ནས་བླ་བྲང་ས་ཆར་གསོད་སྲེག་བཅོམ་གསུམ་དང་། དགོན་པ་མེར་སྲེག བོད་རིགས་མི་དམངས་དམར་གསོད་བྱས་པའི་ནག་ཉེས་ཞིབ་ཕྲ་བརྟག་དཔྱད་བྱས། རྨ་ཆུ་དངུལ་རྭར་སླེབས་རྗེས། ས་གནས་དེ་གའི་བོད་རིགས་མང་ཚོགས་ལ་མཐུན་སྒྲིལ་བྱས་ཏེ་རང་ཉིད་འཚོ་ཐབས་བྱ་དགོས་པའི་གསར་བརྗེའི་གནས་ལུགས་དང་། མཐུན་སྒྲིལ། འདྲ་མཉམ། རོགས་རེས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་ལྟ་བ་དྲིལ་སྒྲོག་བྱས། ཁོང་གི་གྲོས་གཞི་ལྟར། ཡབ་མགོན་པོ་དོན་གྲུབ་དང་ཀུན་མཁྱེན་ཚང་སོགས་མི་རིགས་ཆོས་ལུགས་ལས་རིགས་ཀྱི་མཐོ་རིམ་མི་སྣ་དག་གིས་རྨ་ཆུ་དངུལ་རྭ་སྤང་ཐང་དུ་ལེ་དབར་བརྒྱ་ཕྲག་བཞི་ཡི་ནང་རོལ་གྱི་ཤོག་ཚན་ཁག་གི་འགོ་བ་དང་དཔོན་པོ༢༣༠ལྷག་བསྡུས་ཏེ། “ཀན་སུའུ་དང་མཚོ་སྔོན་གྱི་བོད་འབངས་མནའ་འབྲེལ་ཆེན་མོ”འཛུགས་རྒྱུ་གྲོས་ཐག་བཅད་ཅིང་། ཡབ་མགོན་པོ་དོན་གྲུབ་མནའ་འབྲེལ་ཆེན་མོའི་གཙོ་འགན་དུ་བདམས། ལན་ཇུར་ལོག་པོའི་མཚན་མོར(ཀན་སུའུའི་མཐའ་འཁོབ་བོད་འབངས་ཐུན་མོང་ནས་རྒྱལ་གཞུང་ལ་སྨྲེ་སྔགས་སུ་ཞུས་པ་སྡུག་བརྗོད་མཆི་མའི་ཐིགས་པ)ཞེས་པ་བྲིས་ཏེ། སྐད་ཆ་ཟོལ་མེད་དང་རྣོ་ངར་ལྡན་པས་དམག་ཤེད་ཅན་མཱ་ཆིས་ཀན་ལྷོར་བསགས་པའི་སྡིག་ཉེས་སྣ་ཚོགས་ཐེར་འདོན་དང་ཞུ་གཏུག་བྱས། ཞུ་གཏུག་ཡི་གེ་ཞིང་ཆེན་ནང་ཁུལ་དུ་བཀྲམས་པ་མ་ཟད། རྒྱལ་ཡོངས་ཀྱི་ས་ཆ་སོ་སོར་བསྐུར་བས། མཱ་ཆི་སོགས་བཀས་བཀོད་རྒྱུད་འཛིན་དམག་ཤེད་ཅན་ཚོའི་སེམས་པ་བློང་བློང་དུ་བཏང་། ༡༩༢༦ལོའི་ལོ་མཇུག་ཏུ། ཀན་ལྷོ་བོད་རིགས་མི་དམངས་ཀྱི་དྲང་བདེན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་བྱེད་ཕྱིར། ཞོན་ཞཱ་ཧྥུས་ཞི་ཨན་ནས་དམག་དཔོན་ཧྥུན་ཡུས་ཞང་དང་གོ་མིན་ཏང་གི་དམག་དཔོན་རྒན་པ་ཡིའུ་རེན་ལ་ཐུག་འཕྲད་བྱས། ཞོན་ཞཱ་ཧྥུའུ་ཡིས་འདུམ་འགྲིམ་ཐེངས་མང་བྱས་པར་བརྟེན། མཱ་ཆི་ཚང་འུ་ཐུག་སྟེ་བླ་བྲང་ས་ཆ་ནས་ཕྱིར་མི་འཐེན་རང་འཐེན་དུ་གྱུར། ཀྲུང་གུང་ཀན་སུའུའི་ཆེད་མངག་དང་ཞོན་ཞཱ་ཧྥུ་ཡི་རྒྱབ་སྐྱོར་དང་རོགས་རམ་འོག ལོ་ངོ་བཅུ་ལྷག་གི་རིང་ལ་ཀན་ལྷོའི་བོད་རིགས་མི་དམངས་ཀྱིས་མཱ་ཇག་ལ་ངོ་རྒོལ་བྱས་པའི་འཐབ་རྩོད་རྒྱལ་ཁའི་ངང་མཇུག་རྫོགས།
གསར་བརྗེ་ཆེན་མོར་ཕམ་ཁ་བྱུང་རྗེས། ༡༩༢༧ལོའི་ཟླ༨པར་ཞོན་ཞཱ་ཧྥུ་རང་ཡུལ་དུ་ལོག་ཅིང་། ས་གནས་དེ་གའི་ཞིང་པའི་ལས་འགུལ་རྩ་འཛུགས་དང་འགོ་ཁྲིད་བྱས། ༡༩༢༩ལོར་ཧྲན་ཏུང་གི་ཧྥུན་ཡུས་ཞང་གི་དམག་དཔུང་དུ་བསྐྱོད་ནས་དམག་འདྲེན་གྱི་ལས་ཀ་བྱས། ༡༩༣༡ལོའི་ལོ་མགོར། གོ་མིན་ཏང་གི་དམག་སྡེ་ཉེར་ལྔ་བའི་སྤྱི་ཁྱབ་གྲོས་ཞིབ་ཀྱི་འགན་ཁུར། ཁྲིམས་མཐུན་གྱི་ཐོབ་ཐང་ལ་བརྟེན་ནས་དམག་དཔུང་འདིར་གསང་བའི་སྒོ་ནས་ཀྲུང་གུང་ཏང་གི་རྩ་འཛུགས་བཙུགས་ཏེ། ལྗར་འགོག་རྒྱལ་སྐྱོབ་ཀྱི་བྱེད་སྒོ་སྤེལ། དགུ་བའི་བཅོ་བརྒྱད་ཀྱི་དུས་འགྱུར་བྱུང་རྗེས། ཞོན་ཞཱ་ཧྥུས་ནན་ཅིན་དང་། ཧྲན་ཞིའི་ཅིན་ཁྲེང་། ཀྲང་ཅ་ཁོའུ་སོགས་སུ་འབྲེལ་བ་བྱས་ཏེ། ལྗར་པན་འགོག་ཅིང་ཅང་ཅེ་ཧྲི་ལ་ངོ་རྒོལ་བྱེད་པ་དང་། ཧྥུན་ཡུས་ཞང་སོགས་ཀྱིས་ལྗར་འགོག་མནའ་མཐུན་དམག་དཔུང་འཛུགས་པར་སྐུལ་འདེད་བྱས། ༡༩༣༣ལོའི་ལོ་མགོར། སུང་ཏེན་དབྱིན་དམག་རུ་ཞེ་གཅིག་པའི་དྲུང་ཡིག་ཆེན་མོའི་འགན་ཁུར། ཟླ༥བར། ཧྥུན་ཡུས་ཞང་གིས་བཙུགས་པའི་ཚ་ཧར་ལྗར་འགོག་མནའ་མཐུན་དམག་གི་ཁྲོད་དུ་ཀྲུང་གུང་དགྲ་སྔོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བྱས་ཏེ། མང་ཚོགས་ཀྱི་ལྗར་འགོག་མནའ་མཐུན་དམག་བཙུགས་ཤིང་། ཅི་ཧུང་ཁྲང་གི་འབུམ་དཔུང་གཉིས་པའི་ཆབ་སྲིད་པུའུ་ཀྲུའུ་རིན་དང་ཁྲི་དམག་ལྔ་བའི་ཁྲི་དཔོན་གྱི་འགན་གཅིག་ལྕོགས་སུ་བཞེས། ཟླ༦པར། ཁོང་ལྗར་འགོག་མནའ་མཐུན་དམག་གི་དམག་དོན་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དུ་བདམས་ཤིང་། ཅི་ཧུང་ཁྲང་གི་དམག་དཔུང་དང་བསྡེབས་ནས་ཁང་པའོ་དང་པའོ་ཁྲང་། ཏོ་ལོན་སོགས་ཕྱིར་བླངས་ཏེ། ལྗར་དམག་ལ་རྡུང་རྡེག་དྲག་པོ་བྱས། ཟླ༡༠བར། མནའ་མཐུན་དམག་ཕམ་རྗེས་ཐེན་ཅིན་ལ་སོང་། ༡༩༣༤ལོའི་དཔྱིད་ཀར། ཞོན་ཞཱ་ཧྥུ་དང་ཅི་ཧུང་ཁྲང་སོགས་ཀྱིས་ཐེན་ཅིན་དུ“ཀྲུང་གོ་མི་དམངས་ཀྱིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་མནའ་མཐུན་ཆེན་མོ”རྩ་འཛུགས་བྱས་པ་དང་། གསང་བའི་སྒོ་ནས་ཅི་ཧུང་ཁྲང་ལ་འགྲོགས་ནས་ཧྲང་ཧའེ་ལ་སོང་སྟེ་ཏང་ནང་དུ་ཞུགས་པར། དམག་དཔོན་ཅི་ཧུང་ཁྲང་ཏང་དུ་ཞུགས་པའི་མཚམས་སྦྱོར་བར་ཡང་གྱུར། ལོ་དེའི་དབྱར་ཁར་ཀྲུང་གུང་ཧྲང་ཧའེ་ཀྲུང་དབྱང་ལག་བསྟར་ཅུས་ཀྱི་དམིགས་བསལ་ཁོའོ་རུ་ཏང་གི་གསང་བའི་བྱ་བ་སྒྲུབ། ༡༩༣༥ལོར་ཞང་ཀང་དུ་ལྗར་འགོག་ཅང་རྒོལ་བྱེད་པར་འབྲེལ་གཏུག་བྱས་ནས་ལི་ཅི་ཧྲིན་སོགས་ཀྱིས་མི་རིགས་གསར་བརྗེའི་མནའ་མཐུན་འཛུགས་རྒྱུ་བརྩོན་ལེན་བྱས། ཞང་ཀང་དུ་སྡོད་པའི་སྐབས་སུ། ཁོང་གིས་ཀྲུང་གུང་ལྷོ་ཕྱོགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་པའི་འགན་ཁུར་ནས་ལྗར་འགོག་འཐབ་ཕྱོགས་གཅིག་གྱུར་གྱི་བྱ་བ་ཧུར་ཐག་གིས་བསྒྲུབ། ༡༩༣༦ལོར་ཀོང་ཏུང་དང་ཀོང་ཞི་གཉིས་ཀྱི་དུས་འགྱུར་བྱུང་རྗེས། དམག་སྡེ༡༩བ་བསྐྱར་འཛུགས་བྱེད་པར་ཞུགས་ཤིང་། ཆབ་སྲིད་པུའུ་ཡི་ཀྲུའུ་རིན་དང་ཁྲི་དཔོན༦༡པའི་དམག་ཇུས་ཀྱི་འགན་གཅིག་ལྕོགས་སུ་བཞེས། ཞི་ཨན་དུས་འགྱུར་གྱི་རྗེས་སུ། ཞོན་ཞཱ་ཧྥུ་ཞི་ཨན་དུ་མངགས་ནས་ཀྲུའུ་ཨན་ལེའི་ལག་རོགས་བྱས། ༡༩༣༧ལོའི་ཟླ༥བར་ཡན་ཨན་དུ་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་གྲོས་ཚོགས་སུ་ཞུགས། ཟླ༩བར། དམག་སྡེ་བརྒྱད་པའི་དམག་རུ༡༨པའི་མཐོ་རིམ་དམག་ཇུས་ཀྱི་འགན་ཁུར། གོ་མིན་ཏང་མཐོ་རིམ་གྱི་འཐབ་ཕྱོགས་གཅིག་གྱུར་གྱི་བྱ་བ་སྒྲུབ་ཅིང་། སྔ་གཞུག་ཏུ་ཧུའུ་ཙུང་ནན་དང་ལི་ཙུང་རིན། ཧྥུན་ཡུས་ཞང་སོགས་ལ་མཐུན་སྒྲིལ་ལྗར་འགོག་དང་ཕྱི་དགྲ་མཉམ་རྒོལ་བྱ་དགོས་པའི་འདོད་ཚུལ་དྲིལ་སྒྲོག་བྱས།
༡༩༣༨ལོའི་ཟླ༧པའི་ཚེས༣༡ཉིན། ཧྲའན་ཞི་ཞི་ཨན་དུ་ཅང་ཅེ་ཧྲིས་མངགས་པའི་གསང་མྱུལ་བས་གྲོངས། ལོ་དེར་དགུང་ལོ༣༩ཡིན།
ཞོན་ཞཱ་ཧྥུ་གར་སོང་ཆ་མེད་དུ་གྱུར་རྗེས། གུང་ཁྲན་ཏང་གིས་ཐེངས་མང་བོར་གོ་མིན་ཏང་ཕྱོགས་ལ་རྩད་གཅོད་བྱ་དགོས་པའི་རེ་བ་བཏོན། གོ་མིན་ཏང་གིས་ནག་ཉེས་འགེབས་སྲུང་བྱེད་ཆེད། “ཞོན་ཞཱ་ཧྥུ་བྲོས་བྱོལ་བྱས་སོང་བའི”རྫུན་གཏམ་བསྒྲིགས། ལྐོག་གསོད་བྱས་པའི་བདེན་དཔང་ཕྱིར་མངོན་རྗེས། ཀྲུའུ་ཨན་ལེ་ཡིས་ཅང་ཅེ་ཧྲི་ལ་ལག་དམར་རྩད་གཅོད་དང་ཉེས་ཆད་ནན་མོ་གཅོད་དགོས་པའི་བླང་བྱ་དྲག་པོ་བཏོན་མཐར། ཅང་ཅེ་ཧྲིས“ཞོན་ཞཱ་ཧྥུ་ནི་ངའི་སློབ་མ་ཡིན་མོད། ཐེངས་མང་པོར་ང་ལ་རྒྱབ་འགལ་བྱས་སོང་བས། ངས་གསོད་དགོས་པའི་བཀའ་བཏང་བ་ཡིན”ཞེས་ནག་ཉེས་ཁས་ལེན་བྱས། ཞོན་ཞཱ་ཧྥུ་རྐྱེན་ལམ་དུ་ཤོར་བ་ནས༡༩༤༥ལོར་ཏང་གི་ཚོགས་ཆེན་ཐེངས་བདུན་པ་བར་དུ། ཀྲུང་དབྱང་གིས་ལོ༧གྱི་རིང་ལ་ཁོང་ལ་མྱ་ངན་གྱི་ཚོགས་འདུ་གཟབ་རྒྱས་འཚོགས་པ་དང་། ༡༩༥༡ལོར་ལག་དམར་འཛིན་བཟུང་བྱས་པའི་བར་དུ་ལོ༡༣སོན་ཡོད། ལག་དམར་ལ་ཉེས་ཆད་བཅད་ནས་ཞོན་ཞཱ་ཧྥུ་ལ་དགྲ་ཤ་བླངས་པ་འདིས་ཀྲུང་གོ་གུང་ཁྲན་ཏང་གི་རླབས་ཆེ་བའི་ཆ་མངོན་པར་མཚོན་ཡོད་དོ།།
༢༠༡༥ལོའི་ཟླ༨ཚེས༢༤ཉིན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད། རྒྱལ་ཁབ་དམངས་སྲིད་པུའུ་ཡིས་རྒྱལ་ཡོངས་ཀྱི་ལྗར་འགོག་དམག་འཁྲུག་ཁྲོད་དཔའ་ངར་ཞུམ་མེད་ཀྱིས་རྒྱལ་ཁབ་ཀྱི་ཆེད་དུ་རང་སྲོག་བློས་བཏང་བའི་དཔའ་བོ་དཔའ་མོ༦༠༠ཡི་མིང་ཐོ་ཁྱབ་བསྒྲགས་བྱས་པར་ཞོན་ཞཱ་ཧྥུ་ཡང་ནང་དུ་ཚུད་ཡོད།
ཞོན་ཞཱ་ཧྥུ་ཡིས་མི་ཚེ་གང་བོའི་གསར་བརྗེའི་ལག་ལེན་དངོས་བརྒྱུད་ནས། ཁོང་ནི་ཀྲུང་གོ་གུང་ཁྲན་ཏང་གི་འཐབ་འཛིང་བ་བཟང་བོ་དང་། མི་དམངས་ཀྱི་བུ་ཕྲུག་བཟང་བོ། བོད་རིགས་མི་དམངས་ཀྱིས་ནམ་ཡང་བརྗེད་དུ་མེད་པའི་གྲོགས་པོ་བཟང་བོ་ཡིན་པ་བདེན་དཔང་བྱས་ཡོད། བློ་མཐུན་ཞོན་ཞཱ་ཧྥུ་རྨ་ཆུ་ནས་ཉིན༥༠ལས་བསྡད་མ་མྱོང་མོད། ཁོས་དུས་ནམ་ཡང་ཀན་ལྷོ་མི་དམངས་ལ་སྙིང་ཐག་པ་ནས་རོགས་རམ་དང་རྒྱབ་སྐྱོར་གང་ཐུབ་ཇི་ཐུབ་བྱས་ཤིང་། སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་ཞིང་དམག་ཤེད་ཅན་གྱི་གཉའ་གནོན་ཚད་མེད་མྱོང་བའི་ཀན་ལྷོའི་བོད་རིགས་མི་དམངས་ལ“རང་ཚུགས་རང་སྟོབས”དང“མཐུན་སྒྲིལ་རང་འཚོ”བྱ་དགོས་པའི་འོད་སྟོང་འཕྲོ་བའི་ལམ་ཆེན་བསྟན་པས། བོད་རིགས་མང་ཚོགས་ཁྲོད་དུ་ཀྲུང་གོ་གུང་ཁྲན་ཏང་གི་སྙན་གྲགས་རྒྱས་སུ་བཅུག་ལ། མུན་ནག་ཁྲོད་དུ་མི་རིགས་བཅིངས་འགྲོལ་ཐོབ་རེ་བྱེད་མཁན་གྱི་བོད་པ་ཚོར་རེ་བའི་སྐྱ་རེངས་ཤར་དུ་བཅུག་སོང་། ཞོན་ཞཱ་ཧྥུ་ཡི་དཀའ་ངལ་ལ་མི་སྐྲག་པ་དང་། བདེན་དོན་འཚོལ་བ། ཉམ་ཆུང་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་ཕོད་པའི་གུང་ཁྲན་ཏང་མིའི་སྙིང་སྟོབས་དང་སྣང་བརྙན་འདི་ཡིས་ནི། ཀན་ལྷོའི་བོད་རིགས་མི་དམངས་ཀྱིས་མི་རིགས་བཅིངས་འགྲོལ་དང་། དམངས་གཙོའི་བཅོས་སྒྱུར། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བཅས་བརྩོན་ལེན་བྱ་ཕྱིར་དུས་རྣམ་ཀུན་ཏུ་དཔའ་ངར་ཆེན་པོས་འབད་པ་བྱ་དགོས་པའི་ལྕག་སྐུལ་བཏང་ཡོད།
(ཐང་དགེ་པདྨ་བཀྲ་ཤིས་ཀྱིས་བསྒྱུར)