རྒྱང་སྐྱོད་ལམ་གྱི་ཉམས་མེད་རྡོ་རིང་ —— མགོ་རྗེ་ཚོགས་འདུ་དང་ལ་གཟར་འགག་གཡུལ་འགྱེད།
ཝུའུ་ཁྲོན་ཀང་། (གཙོས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-02
༡༩༣༤ལོའི་ཟླ༡༠བ་ནས་བཟུང་། ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་བྱས་པའི་ཀྲུང་གོ་བཟོ་ཞིང་དམར་དམག་གིས་ལྕགས་ལྟར་འཐས་པའི་སྙིང་སྟོབས་ལ་བརྟེན་ནས་དཀའ་སྡུག་ཁྲི་ཕྲག་ཁྱད་དུ་བསད་པའི་རྒྱང་སྐྱོད་ཀྱིས། ཀྲུང་གོའི་གསར་བརྗེ་ཡི་ཉམས་པ་མེད་པའི་ལོ་རྒྱུས་སྙན་ངག་དང་འགྲོ་བ་མིའི་ལོ་རྒྱུས་ཀྱི་མཛད་རྗེས་རླབས་ཆེན་བསྐྲུན་ཡོད།
ཀན་སུའུ་ཞིང་ཆེན་ཐེ་བོ་རྫོང་ནི་རིན་པོ་ཆེ་དབང་སྔོན་ཇི་བཞིན་མཚོ་བོད་ས་མཐོ་དང་ས་སེར་ས་མཐོའི་བར་བརྒལ་གྱི་རི་མཐོ་གཡང་གཟར་ཁྲོད་དུ་གནས་ཤིང་། བོད་ཀྱི་ལྷ་སྒྲུང་དུ་ལྷ་ཡི་མཐེབ་ཆེན་གྱིས་མནན་ནས་ཕྱེས་པའི་ས་ཆ་ཞིག་ཡིན་པར་བཤད། དམར་དམག་རྒྱང་བསྐྱོད་ལ་བརྟེན་ནས་ས་ཆ་འདི་ཉིད་ཀྲུང་གོའི་གསར་བརྗེའི་ལོ་རྒྱུས་དང་རྒྱང་སྐྱོད་ལོ་རྒྱུས་ཀྱི་གླེགས་བམ་ཁྲོད་བཀྲག་མདངས་འཚེར་བ་ཞིག་ཏུ་གྱུར།
འདས་པའི་དུས་སུ། ཁྲག་དྲོན་དང་སྐྱོ་བརྗིད། སྤྲོ་སེམས་དང་དད་མོས། ཕུགས་འདུན་དང་གཟི་བརྗིད་རྣམས་འདི་ནས་འཕོས་མྱོང་སྟེ། མགོ་རྗེ་དང་། ཚུར་རི་ནང་། མཚོ་ཡས་གུ་འབྲུ་མཛོད། ལ་གཟར་འགག་བཅས་སུ་ལོ་ཟླའི་གཏིང་རིམ་ན་འོད་ཀྱིས་འཚེར་བའི་གསར་བརྗེའི་དྲན་ཤེས་ཚར་དུ་དངར་བ་ཡོད།
མགོ་རྗེ་ཚོགས་འདུ་དང་ལ་གཟར་འགག་གཡུལ་འགྱེད་ནི་རྒྱང་སྐྱོད་ལམ་གྱི་ཉམས་པ་མེད་པའི་རྡོ་རིང་གཉིས་རེད།
༡༩༣༥ལོའི་ཟླ༩ཚེས༡༡ཉིན། མའོ་ཙེ་ཏུང་གི་ཇུས་བཀོད་དང་བཀོད་འདོམས་འོག་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམར་དམག་ཀན་སུའུ་ཞིང་ཆེན་གྱི་ཐེ་བོའི་མངའ་ཁོངས་སུ་སླེབས། ཟླ༩ཚེས༡༢ཉིན། ཏང་ཀྲུང་དབྱང་གིས་ཐེ་བོ་རྫོང་སྟག་ར་ཞང་གི་མགོ་རྗེ་སྡེ་བ་ནས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱ་བསྐྱེད་གྲོས་ཚོགས་བསྡུས་ཏེ། སྐད་གྲགས་ཅན་གྱི་མགོ་རྗེ་གྲོས་ཚོགས་འཚོགས། མའོ་ཙེ་ཏུང་དང་ཀྲང་ཝུན་ཐེན། པའོ་ཀུའུ། ཝང་ཅ་ཞང་། ཁའེ་ཧྥེང་། ལིའུ་ཧྲའོ་ཆི། ཏེང་ཧྥ་བཅས་ཀྲུང་གུང་ཀྲུང་དབྱང་གི་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་བདུན་གྲོས་ཚོགས་སུ་ཞུགས་པ་དང་། ལིན་པོ་ཆུས། ཡེ་ཅན་ཡིན། ལི་ཝེ་ཧན། ལི་ཧྥུ་ཁྲུན། ཕེང་ཏེ་ཧོའེ། དབྱང་ཧྲང་ཁུན། ལིན་པིའོ། ཉེ་རུང་ཀྲིན། ཚའེ་ཧྲུའུ་ཧྥན། ལུའོ་རུའེ་ཆིན་སོགས་གྲོས་ཚོགས་ལ་ཟུར་ཞུགས་བྱས། མགོ་རྗེ་གྲོས་ཚོགས་མ་འཚོགས་གོང་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམར་དམག་ཉམས་ཉེན་དང་ཚོད་བགམ་དྲག་པོ་ལ་འཕྲད་ཡོད་དེ། ཕྱོགས་གཅིག་ནས་ཅང་ཅེ་ཧྲིས་གཙོས་པའི་གོ་མིན་ཏང་ལོག་སྤྱོད་ཕྱོགས་ཁག་གི་དམག་དོན་གྱིས་འདེད་འགོག་བསྐོར་གསུམ་བྱེད་ཀྱིན་ཡོད་པས། དམར་དམག་ནི་དུས་རྣམ་ཀུན་ཏུ་གཞན་དབང་དང་ཉམ་ཞན་གྱི་གནས་སུ་གྱར་ཏེ་རྐང་འཛུགས་ས་མེད་པར་གྱུར་པ་དང་། ཕྱོགས་གཞན་ཞིག་ནས་དམར་དམག་འབུམ་ཤོག་དང་བོ་དང་བཞི་བ་སི་ཁྲོན་ཞིང་ཆེན་གྱི་མའོ་ཀུང་དུ་དཔུང་འཛོམས་བྱུང་བ་ནས་བཟུང་། ཀྲང་གོ་ཐའོ་ཡི་གཡས་ཐལ་ནོར་འཁྲུལ་ལམ་ཕྱོགས་ཀྱི་ངན་ཤུགས་དང་འགལ་རྐྱེན་གྱིས་ཏང་ཀྲུང་དབྱང་གི་ཡང་དག་པའི་ཆབ་སྲིད་ལམ་ཕྱོགས་དང་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་མཐར་ཕྱིན་བྱེད་མ་ཐུབ་ཅིང་། དམར་དམག་ཁ་བྲལ་གྱི་ཉམས་ཉེན་ལ་ཐུག དེ་དང་ཆབས་ཅིག་ཏུ། དམར་དམག་སི་ཁྲོན་ནུབ་རྒྱུད་ཀྱི་མི་རིགས་གྲངས་ཉུང་གི་ས་ཁུལ་དུ་སླེབས་པ་ནས་བཟུང་ས་མཐོའི་ཁོར་ཡུག་ཞན་པ་དང་། གནམ་གཤིས་གྲང་བ། མང་ཚོགས་ཀྱི་རྨང་གཞི་ཞན་པ། མི་དུད་ཉུང་བ། དངོས་ཟོག་དཀོན་པ། དམག་མིའི་འབྲུ་རིགས་དང་མདའ་མདེལ་ཁ་གསབ་ནུས་ལྡན་བྱེད་མ་ཐུབ་པ་བཅས་ཀྱི་དབང་གིས། དམར་དམག་གི་ཕྱི་ནང་གཉིས་ཀར་དཀའ་སྡུག་དང་ཉེན་ཁ་ཧ་ཅང་ཆེ་བར་གྱུར། དེ་འདྲའི་ཉམས་ཉེན་དང་དཀའ་ངལ་གྱི་སྐབས་སུ་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམར་དམག་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་ས་ཁུལ་དུ་བསླེབས་པ་རེད།
ཉམས་ཉེན་ལ་ཁ་གཏད་གཅོག་པ་དང་ཐབས་ལམ་ཡང་དག་འཚོལ་ཆེད་ཏང་ཀྲུང་དབྱང་གིས་ཐེ་བོའི་མངའ་ཁོངས་སུ་མགོ་རྗེ་གྲོས་ཚོགས་འཚོགས་པ་དང་། མགོ་རྗེ་གྲོས་ཚོགས་སུ《 བློ་མཐུན་ཀྲང་གོ་ཐའོ་ཡི་ནོར་འཁྲུལ་སྐོར་གྱི་ཆོད་དོན》བཞག་སྟེ། ཏང་ནང་ཁུལ་ནས་ཀྲང་གོ་ཐའོ་ཡི་གཡས་ལྷུང་ཁ་བྲལ་རིང་ལུགས་ཀྱི་ནོར་འཁྲུལ་ལ་ཞིབ་ཅིང་ཕྲ་བའི་ཐེར་འདོན་དང་དགག་རྒྱག་ཐེངས་དང་བོ་བྱས་ཤིང་། ཀྲང་གོ་ཐའོ་ལ་སློབ་གསོ་དང་། བློ་འགུག སྐྱོབ་ཐབས་བཅས་ཀྱི་བྱེད་ཕྱོགས་ལག་ལེན་བསྟར་ནས། ཏང་དང་དམར་དམག་མཐའ་མཇུག་ཀྲང་གོ་ཐའོ་ཡི་ཁ་བྲལ་དང་གཏོར་བཤིག་ལས་རྣམ་པར་རྒྱལ་བར་རྨང་གཞི་བཏིངས་ལ། ཏང་ཡོངས་དང་དམག་ཡོངས་ཀྱི་གཅིག་གྱུར་དང་མཐུན་སྒྲིལ་ལ་སྲུང་སྐྱོང་བྱས། གྲོས་ཚོགས་སུ་འཐབ་ཇུས་བྱེད་ཕྱོགས་ལ་འགྱུར་ལྡོག་གཏོང་རྒྱུ་གཏན་འབེབས་བྱས་པ་དང་དམར་དམག་གིས་མུ་མཐུད་དུ་བྱང་སྐྱོད་འཇར་འགོག་བྱེད་པའི་ཆབ་སྲིད་ལམ་ཕྱོགས་བསྐྱར་བསྒྲགས་དང་མཐའ་འཁྱོངས་བྱས་ཏེ། མདུན་སྐྱོད་ཀྱི་ཁ་ཕྱོགས་སྔར་བས་ཇེ་གསལ་དུ་བཏང་། མགོ་རྗེ་གྲོས་ཚོགས་སུ་ཏང་གིས་དམར་དམག་ལ་མགོ་ཁྲིད་བྱེད་ཤུགས་ཆེ་རུ་བསྐྱེད་ནས་མའོ་ཙེ་ཏུང་དང་། ཀྲོའུ་ཨེན་ལའེ། ཝང་ཅ་ཞང་། ཕེང་ཏེ་ཧོའེ་། ལིན་པིའོ་བཅས་ལས་གྲུབ་པའི་མི་ལྔའི་ཚོགས་པ་ཚུགས་ཏེ་དམག་ཡོངས་ཀྱི་མགོ་ཁྲིད་མཐོ་ཤོས་ཆགས་པ་རེད། ཚོགས་འདུའི་ཐོག་དཔུང་སྡེའི་སྒྲིག་ཁུངས་ཇེ་ཉུང་དུ་གཏོང་རྒྱུའི་གྲོས་གཞི་ལ་གྲོས་འཆམ་བྱུང་ནས་ཀྲུང་གོ་བཟོ་ཞིང་དམར་དམག་གི་ཧྲའན་ཀན་ཡན་ལག་རུ་ཁག་འཛུགས་རྒྱུ་ཐག་བཅད་དེ་དམར་དམག་གི་དམག་འཐབ་ནུས་པ་དང་བབ་བསྟུན་ནུས་པ་ཆེ་རུ་བཏང་། ཚོགས་འདུར་ད་དུང་ལ་གཟར་འགག་རྒོལ་ཐབས་བྱ་རྒྱུ་ཐག་གཅོད་བྱས།
མགོ་རྗེ་གྲོས་ཚོགས་ནི་ཏང་ཀྲུང་དབྱང་གིས་རྒྱང་སྐྱོད་ལམ་དུ་འཚོགས་པའི་དཀྱོག་མཚམས་ཀྱི་དོན་སྙིང་ལྡན་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན་པ་དང་། དེས་མཐའ་མཇུག་གོ་མིན་ཏང་དམག་དཔུང་གི་འདེད་འགོག་བསྐོར་གསུམ་རྡུལ་དུ་བརླགས་པར་ནུས་པ་གལ་ཆེན་ཐོན་ཡོད།
ལ་གཟར་འགག་གཡུལ་འགྱེད་ནི་ཀྲུང་དབྱང་དམར་དམག་གིས་རྒྱང་སྐྱོད་སྐབས་སུ་འགག་སྒྲོལ་དཀའ་སེལ་དང་། རང་འགུལ་ཕར་རྒོལ། ཉུང་ཞན་སྟོབས་རྒྱལ་གྱི་ངོ་མཚར་ཆེ་བའི་དམག་འཐབ་ཀྱི་དཔེ་མཚོན་ཞིག་ཡིན་པས། ཀྲུང་དབྱང་དམར་དམག་གིས་དམར་གཙང་ཐེངས་བཞི་བརྒལ་བ་དང་། རྒྱལ་མོ་རྔུལ་ཆུ་དྲག་བརྒལ་བྱས་པ། བློ་བདེ་ལྕགས་ཐག་ཟམ་པ་མྱུར་འཕྲོག་བྱས་པ་དང་འདྲ་བར་འཐབ་ཇུས་ཀྱི་དོན་སྙིང་དང་ཆབ་སྲིད་ཀྱི་དོན་སྙིང་ཆེན་པོ་ལྡན།
ལ་གཟར་འགག་ནི་ཐེ་བོ་རྫོང་གི་བྱང་ཤར་དུ་ཆགས་ཤིང་། དེ་ནི་སི་ཁྲོན་ནུབ་རྒྱུད་ནས་ཀན་སུའུ་རུ་སྐྱོད་པའི་བགྲོད་ལམ་གཅིག་པུ་ཡིན་ལ། རོང་འགག་བརྩན་ཞིང་ནགས་ཚལ་སྟུག་པའི་ས་དེ་ནི་དཔའ་བོ་གཅིག་གིས་འགག་འཕྲང་ཆོད་པའི་གཡང་གཟར་གྱི་བྲག་འགག་ཡིན་པ་དང་། འགག་མཐིལ་ན་ཤིང་ཟམ་འཕངས་པའི་དྲག་འབབ་ཀྱི་ལ་གཟར་ཆུ་བོ་ཡོད།
དམར་དམག་བྱང་བསྐྱོད་འགོག་པའི་ཆེད་དུ། གོ་མིན་ཏང་དམག་དཔུང་གིས་འགོག་སྲུང་ནན་མོ་བྱས་ཏེ། ཟམ་སྣེ་ནས་སྲ་བརྟན་གྱི་བཙན་རྫོང་བསྐྲུན་པ་དང་། གཡང་གཟར་རི་སྐེད་ནས་མདེལ་ཤུགས་ཀྱི་འགོག་སྡོམ་ས་ཚིགས་བཙུགས། ཅང་ཅེ་ཧྲིས་གློག་འཕྲིན་བཏང་ནས་གོ་མིན་ཏང་གིས་གསར་སྒྲིག་བྱས་པའི་ཁྲི་ཤོག་བཅུ་བཞི་བའི་ལུའུ་ཏཱ་ཁྲང་གི་དམག་དཔུང་གིས་རྨེར་རྫོང་དང་ལ་གཟར་འགག་ནས་རང་བྱུང་བརྩན་སར་བརྟེན་ཏེ་དམར་དམག་བོད་རིགས་ས་ཁུལ་དུ་འགོག་རྒྱུའི་རེ་ངན་བཅངས་ཏེ། ལ་གཟར་འགག་ཏུ་སྒར་ཤོག་གཉིས་ཀྱི་སྲུང་དམག་ཡོད་པའི་ཁར། ལ་གཟར་འགག་ནས་རྨེར་རྫོང་བར་དུ་སྟོང་ཤོག༣གྱི་དམག་ཤུགས་བཀོད་སྒྲིག་བྱས་པ་རེད།
རང་བྱུང་བརྩན་ས་ལ་གཟར་འགག་ནས་སྒྲོལ་ཐུབ་མིན་དང་བྱང་སྐྱོད་བགྲོད་ལམ་ཤར་བཏོད་ཐུབ་མིན་དེ་ཀྲུང་དབྱང་དམར་དམག་གི་ཆགས་འཇིག་དང་འབྲེལ་ཡོད་ཅིང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམར་དམག་ཀན་ལྷོ་ནས་བདེ་བླག་ངང་བསྐྱོད་ཐུབ་མིན་དང་ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་བྱང་སྐྱོད་འཇར་འགོག་ཆབ་སྲིད་ལམ་ཕྱོགས་མངོན་འགྱུར་ཐུབ་མིན་གྱི་འགག་རྩ་དང་འབྲེལ་ཡོད་པས། ཟླ༩ཚེས༡༤ཉིན། མའོ་ཙེ་ཏུང་གིས་ཐེ་བོ་རྫོང་བང་གཙང་ཞང་ཚུར་རི་ནང་སྡེ་བ་ནས་ལིན་པིའོ་དང་ཉེ་རུང་ཀྲེན་གཉིས་ལ་ལ་གཟར་འགག་འཕྲོག་ལེན་བྱ་དགོས་པའི་བཀའ་ཕབ་པ་རེད།
བང་གཙང་ཞང་མཚོ་ཡས་གུ་རུ་དམར་དམག་གི་དམག་དཔུང་ལ་ས་གནས་དེ་གའི་བོད་རིགས་ཡུལ་དཔོན་བཟང་བོ་ཁག་གཅིག་གིས་ལྐོག་ཏུ་རོགས་སྐྱོར་བྱས་པའི་འབྲུ་རིགས་ཐོབ་པས། གངས་རི་དང་སྤང་ཐང་བརྒལ་ཐུབ་པ་དང་། གྲང་ལྟོགས་ཀྱིས་མནར་བའི་དམག་མིའི་ལུས་ཤུགས་གསོས་ནས་ལ་གཟར་འགག་ལ་རྒོལ་བར་དངོས་པོའི་རྨང་གཞི་བརྟན་པོ་བཏིངས།
དེ་ནས་བཟུང་མཚོ་ཡས་གུ་འབྲུ་མཛོད་ནི་ཀྲུང་གོའི་གསར་བརྗེ་དང་རྒྱང་སྐྱོད་ལམ་གྱི་སྣུམ་སྣོན་ས་ཚིགས་སུ་གྱུར།
བརྩན་ས་ལ་གཟར་འགག་ལེན་ཆེད་མའོ་ཙེ་ཏུང་དམར་དམག་འབུམ་ཤོག་དང་བོ་དང་ལྷན་ཅིག་ཐད་ཀར་མདུན་སྐྱོད་བྱས་ཏེ་གཡུལ་འགྱེད་ལ་བཀོད་འདོམས་བྱས།
༡༩༣༥ལོའི་ཟླ༩ཚེས༡༦ཉིན། དམར་དམག་འབུམ་ཤོག་དང་བོའི་ཁྲི་ཤོག་གཉིས་པའི་སྟོང་ཤོག་བཞི་བས་ལ་གཟར་འགག་ལེན་པའི་འཐབ་འཛིང་བྱེད་མགོ་བཙུགས། ཕྱི་དྲོའི་ཆུ་ཚོད༤བར་དམར་དམག་འབུམ་ཤོག་བཞི་བའི་སྒར་ཤོག་གཅིག་གིས་སྔོན་ལ་ལ་གཟར་འགག་སྲུང་མཁན་གྱི་དགྲ་བོར་ཕར་རྒོལ་བྱས་ཀྱང་། དགྲ་བོའི་མདེལ་ཤུགས་ལ་གཏུམ་དྲག་ཆེ་སྟབས་ཕར་རྒོལ་ཐེངས་ཁ་ཤས་ཀྱིས་ཕན་ནུས་མ་ཐོན། སྐབས་དེར་དམར་དམག་འབུམ་ཤོག་དང་བོའི་འབུམ་དཔོན་ལིན་པིའོ་དང་ཆབ་སྲིད་ཨུ་ཡོན་ཉེ་རུང་ཀྲེན། ཇུས་འདོན་དཔོན་ཙུའོ་ཆོན། དམར་དམག་ཁྲི་ཤོག་གཉིས་པའི་ཁྲི་དཔོན་ཁྲེན་ཀོང་བཅས་གཡུལ་སར་ཕེབས་ནས་དམར་དམག་སྟོང་ཤོག་བཞི་བའི་སྟོང་ཤོག་དང་སྒར་ཤོག་གི་ལས་བྱེད་པ་དང་ལྷན་དུ་གྲོས་མོལ་གནང་སྟེ། མདུན་ཕྱོགས་ནས་ཕར་རྒོལ་བྱ་རྒྱུ་དང་གཞོགས་ངོས་ནས་འཇབ་རྒོལ་བྱ་རྒྱུ་གཉིས་ཟུང་དུ་འབྲེལ་བའི་དམག་འཐབ་ཀྱི་ཇུས་གཞི་བཟོས་ཤིང་། དམར་དམག་སྟོང་ཤོག་བཞི་བའི་སྟོང་དཔོན་ཝང་ཁའེ་ཞང་གིས་བརྒྱ་ཤོག་གཉིས་ཁྲིད་དེ་ལ་གཟར་ཆུ་བོ་བརྒལ་ཅིང་གཡང་གཟར་ལ་འགོས་ནས་ཤར་ཕྱོགས་རི་རྩེའི་དགྲ་བོ་དང་འཛིང་རགས་རྩ་གཏོར་བྱ་རྒྱུ་དང་། སྟོང་ཤོག་ཆབ་སྲིད་ཨུ་ཡོན་དབྱང་ཁྲིན་ཝུའུ་ཡིས་བརྒྱ་ཤོག༤ལ་བཀོད་འདོམས་བྱས་ཏེ་མདུན་ཕྱོགས་ནས་ཕར་རྒོལ་བྱ་རྒྱུ་བྱས།
ཟླ༩ཚེས༡༦ཉིན་གྱི་དགོང་མོའི་ཆུ་ཚོད་དགུ་བ་ཙམ་ལ་ཕར་རྒོལ་གསར་བ་བྱེད་མགོ་བརྩམས། གཞོགས་ངོས་ཀྱི་འཇབ་རྒོལ་ལས་འགན་འཁུར་མཁན་དམར་དམག་སྟོང་ཤོག་བཞི་བའི་བརྒྱ་ཤོག་དང་བོ་དང་གཉིས་པ་ཡིན་པས། ཐག་རིང་བསྐོར་ཏེ་ལ་གཟར་ཆུ་བོའི་སྨད་རྒྱུད་ནས་ཤིང་སྡོང་ཆེན་པོ་གཉིས་འཕྲེད་དུ་འཕངས་ཏེ་ཆུ་བོའི་ཕ་རོལ་ཏུ་སོང་བ་དང་། བྲག་ངོས་ལ་འཛེག་སའི་གནས་བཙལ་ཏེ་རི་སྐེད་གཡང་གཟར་སྲུང་མཁན་གྱི་མགོ་ཐོག་ལ་བསྐྱོད་རྒྱུ་གྲ་སྒྲིག་བྱས། དེ་དང་ཆབས་ཅིག་ཏུ། མདུན་ཕྱོགས་ཀྱི་གཙོ་རྒོལ་བྱེད་མཁན་དམར་དམག་སྟོང་ཤོག་བཞི་བའི་བརྒྱ་ཤོག་དྲུག་པས་ཕར་རྒོལ་ཐེངས་ལྔ་བྱས་ཀྱང་། དགྲ་བོའི་མདའ་མདེལ་ཆར་ལྟར་བབས་པས་ཕར་རྒོལ་དཔུང་སྡེས་ཟམ་ཆུང་བརྒལ་མ་ཐུབ། དགོང་མོ་ཆུ་ཚོད༡༠ཙམ་ལ་ལིན་པིའོ་དང་ཉེ་རུང་ཀྲེན་གཉིས་ལ་ཕྱི་ཉིན་ཞོགས་པར་ལུའུ་ཏཱ་ཁྲང་གིས་རྨེར་རྫོང་ནས་སྟོང་ཤོག་གཉིས་ཀྱི་དམག་ཤུགས་བཏང་སྟེ་ལ་གཟར་འགག་ལ་དཔུང་རོགས་བྱ་རྒྱུ་ཡིན་པ་དང་། གཞན་ཡང་ནུབ་ཕྱོགས་ནས་ས་གནས་དམག་མི་ཆིག་སྟོང་ལྷག་ཙམ་སླེབས་རྒྱུ་ཡིན་པའི་གསང་འཕྲིན་འབྱོར་བས། ཡུད་ཙམ་ལ་ས་གཞི་སྨག་གིས་གཅུད་པ་ལྟར་གཏོལ་མེད་ཀྱི་གནས་སུ་གྱར།
ཛ་དྲག་ཆེ་བའི་གནས་བབ་ལ་གདོང་གཏད་ནས། བློ་མཐུན་མའོ་ཙེ་ཏུང་གིས་འཕྲལ་ཐག་ཆོད་པོས་དམར་དམག་སྟོང་ཤོག་བཞི་བར་མཛུབ་སྟོན་གནང་སྟེ། ཕྱི་ཉིན་ནམ་མ་ལངས་གོང་དུ་ལ་གཟར་འགག་འཕྲོག་ལེན་བྱ་དགོས་པའི་བཀའ་ཕབ།
ཟླ༩ཚེས༡༦ཉིན་གྱི་དགོང་མོའི་ཆུ་ཚོད༡༢པར། མའོ་ཙེ་ཏུང་དང་ལིན་པིའོ། ཉེ་རུང་ཀྲེན་བཅས་ཀྱིས་མིང་ཐོ་མཉམ་འགོད་ཀྱིས་དམར་དམག་འབུམ་ཤོག་གསུམ་པའི་འབུམ་དཔོན་ཕེང་ཏེ་ཧོའེ་ལ་གློག་འཕྲིན་བཏང་སྟེ། རྒྱབ་སྲུང་དམར་དམག་འབུམ་ཤོག་གསུམ་པ་དང་དམག་དོན་ཨུ་ལྷན་གྱི་གཞུང་སྒྲིག་རུ་ཁག་དང་བོས་དགྲ་དམག་གི་རྒྱབ་དཔུང་འགོག་དགོས་པ་དང་། རི་དྭངས་དང་སྟོད་གཙང་གཞོགས་གཉིས་ནས་ལ་གཟར་འགག་ལ་ཚུར་རྒོལ་བྱེད་མཁན་འགོག་སྲུང་བྱེད་པའི་དམར་དམག་སྟོང་ཤོག་བཞི་བས་སྔོན་སྐྱོད་དམག་དཔུང་གིས་རྒྱལ་ཁའི་ངང་ལ་གཟར་འགག་འཕྲོག་ལེན་བྱེད་ཐུབ་པར་འགན་ལེན་བྱ་དགོས་ཞེས་བཀའ་ཕབ་ཅིང་། དམར་དམག་སྟོང་ཤོག་བཞི་བའི་སྟོང་ཤོག་དང་སྒར་ཤོག་གི་ལས་བྱེད་པས་འཕྲལ་མར་ཏང་ཡོན་དང་ཐོན་ཡོན་གྱི་སྐུལ་སློང་ཚོགས་འདུ་འཚོགས་ཏེ། ཏང་ཡོན་དང་ཐོན་ཡོན༡༥ལས་གྲུབ་པའི་འཕྲལ་རྒོལ་རུ་ཁག་བཙུགས་ནས་ལམ་གཉིས་སུ་བགོས་ཏེ་དགྲ་བོར་ཕར་རྒོལ་ཐེངས་དྲུག་པ་བྱས་པ་རེད། འཕྲལ་རྒོལ་རུ་མིས་ལུས་ལ་དཀྲུམ་མདའ་ཐོགས་ཤིང་སྐེད་ལ་ལག་འབོམ་བཏགས་པ་དང་། ཤང་ལང་རྒྱབ་ཏུ་འཁུར་ནས་མུན་ནག་གི་འགེབས་སྲུང་འོག་ཟམ་ཁར་སྤོ་སྐྱོད་བྱས་མོད། འཕྲལ་རྒོལ་རུ་མི་ཟམ་སྣེར་སླེབས་གྲབས་ཀྱི་སྐབས་སུ་དགྲ་བོའི་ཐུན་པས་ཚོར་ཏེ། མདེལ་ཤུགས་གཅིག་བསྡུས་ཀྱིས་ཟམ་ཁར་མེ་མདའ་བརྒྱབ་ནས་དམར་དམག་གི་ཚུར་རྒོལ་བཀག་འགོག་བྱ་རྒྱུའི་རེ་ངན་བཅངས་ཀྱང་། དམར་དམག་སྟོང་ཤོག་བཞི་བའི་འགེབས་སྲུང་དམག་དཔུང་གིས་འཕྲལ་མར་མདེལ་ཤུགས་དྲག་ཏུ་བསྐྱེད་དེ་དགྲ་བོ་ལ་བཙན་གནོན་ཤུགས་ཆེན་བྱས་པ་དང་། འཕྲལ་རྒོལ་རུ་ཁག་གིས་གོ་སྐབས་དམ་འཛིན་བྱས་ཏེ་མྱུར་དུ་འཛིང་རགས་ལ་རྒོལ་བ་དང་། གྲི་ཆེན་གཡུགས་ནས་དགྲ་བོ་དང་དམར་འཛིང་བྱས། གནད་འགག་དེའི་དུས་སྐབས་སུ། བསྐོར་རྒོལ་དམག་དཔུང་ཁྲོད་ཀྱི་མཚང་མིང་ལ་ཡུན་ཀུའེ་ཁྲོན་ཟེར་བའི་མེའོ་རིགས་ཀྱི་འཐབ་འཛིང་བ་ཞིག་ཡོད་པ་སྔ་མ་བྱས་ནས་གཡང་གཟར་གྱི་བྲག་རྩེར་འཛེགས་ཤིང་། རྐང་བ་སྡོམ་བྱེད་ཀྱི་ཐག་སྣེ་ཐུར་དུ་འཕངས་ཏེ་འཐབ་འཛིང་བ་གཞན་དག་གཡང་གཟར་བྲག་རིའི་ཐོག་འགོས་སུ་བཅུག་པ་མ་ཟད། འཕྲལ་མར་རི་འཛེགས་ལེགས་གྲུབ་བྱུང་བའི་མདེའུ་རྟགས་འཕངས། རི་འདབས་ཀྱི་འཐབ་འཛིང་བཀོད་འདོམས་མཁན་དབྱང་ཁྲེང་ཝུའུ་ཡིས་འཕྲལ་མར་སྤྱིའི་ཕར་རྒོལ་བྱེད་མགོ་འཛུགས་པའི་མདེའུ་རྟགས་འཕངས་པས། རི་བོའི་མགོ་འདབས་གཉིས་ཀྱི་དམར་དམག་འཐབ་འཛིང་བ་ཚོས་དགྲ་བོ་ལ་ཕར་རྒོལ་དྲག་པོ་བྱས། ཆུ་ཚོད༣རིང་གཡུལ་འཐབ་དྲག་པོ་བྱས་མཐར། ཟླ༩ཚེས༡༧ཉིན་གྱི་ཞོགས་པར། དམར་དམག་སྟོང་ཤོག་བཞི་བས་སྔོན་འཁེལ་གྱི་དུས་ཚོད་ལྟར། ལུའུ་ཏཱ་ཁྲང་གི་དམག་དཔུང་གིས་བཀོད་སྒྲིག་ཞིབ་ཚགས་བྱས་པའི་འགོག་སྲུང་འཛིང་རགས་གཉིས་པོ་གཅིག་མཇུག་གཉིས་མཐུད་དུ་གཏོར་ནས་རྒྱལ་ཁའི་ངང་ལ་གཟར་འགག་བླངས་པ་རེད།
ཟླ༩ཚེས༡༨ཉིན། མའོ་ཙེ་ཏུང་དང་དམར་དམག་གི་འཐབ་འཛིང་བ་ཚོ་ལ་གཟར་ཞང་གྱོ་ལེ་སྡེ་བ་ནས་ལམ་ལ་ཆས་ཏེ། རྒྱང་སྐྱོད་ཀྱི་ལམ་བུའི་ཁྲོད་ཀྱི་གངས་རི་མཐའ་མ་སྟེ་ལ་གཟར་རྟ་ར་རི་བོ་བརྒལ་ནས་ལྡོང་ཁྲོམ་རྫོང་གི་ཁ་བཏགས་ཁྲོམ་དུ་བརྟོལ་ཅིང་། དམར་དམག་འབུམ་ཤོག་དང་བོ་ཀན་ལྷོ་བོད་རིགས་ས་ཁུལ་དུ་བསྐྱོད་པའི་མཇུག་སྒྲིལ་པ་རེད།
ལ་གཟར་འགག་གཡུལ་འགྱེད་ནི་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམར་དམག་གི་ལས་དབང་ཐག་གཅོད་ཀྱི་གཡུལ་འགྱེད་གལ་ཆེན་ཞིག་ཡིན་ཞིང་། ལ་གཟར་འགག་གཡུལ་འགྱེད་ལ་རྒྱལ་ཁ་ཐོབ་པ་ཡིས་མགྱོགས་མྱུར་དུ་དམར་དམག་བྱང་ཕྱོགས་སུ་སྐྱོད་པའི་བགྲོད་ལམ་བཏོད་པ་དང་། གོ་མིན་ཏང་ལོག་སྤྱོད་ཕྱོགས་ཁག་གིས་རང་བྱུང་བཙན་འགག་ལ་བརྟེན་ནས་གངས་རི་དང་སྤང་ཐང་དུ་དམར་དམག་རྩ་མེད་གཏོང་རྒྱུའི་ལྐོག་གཡོ་ཐལ་བའི་རྡུལ་དུ་བརླགས། དེ་ནས་བཟུང་དམར་དམག་ཉེན་ཁ་ཆེ་བའི་ཁོར་ཡུག་ལས་གྲོལ་ཏེ་འཕེལ་རྒྱས་ཀྱི་དུས་སྐབས་གསར་བར་སླེབས་ཤིང་། ལ་གཟར་འགག་གཡུལ་འགྱེད་ལ་རྒྱལ་ཁ་ཐོབ་པ་ཡིས་མགོ་རྗེ་གྲོས་ཚོགས་སུ་གཏན་འཁེལ་བྱས་པའི་བྱང་སྐྱོད་འཇར་འགོག་གི་ཆབ་སྲིད་ལམ་ཕྱོགས་ཡང་དག་པ་ཡིན་པ་ར་སྤྲོད་གསལ་བོ་བྱས།
ལ་གཟར་འགག་གཡུལ་འགྱེད་ལ་རྒྱལ་ཁ་ཐོབ་པ་དེས་ཀྲུང་གོའི་གུང་ཁྲན་ཏང་དང་དམར་དམག་གིས་མགོ་རྗེ་གྲོས་ཚོགས་སུ་གཏན་ལ་ཕབ་པའི་འཐབ་ཇུས་ཀྱི་དམིགས་འབེན་གསར་བ་མངོན་འགྱུར་གྱི་རྒྱལ་ཁའི་གོམ་པ་དང་བོ་སྤོས་ཤིང་། ཏང་ཀྲུང་དབྱང་གི་ཡང་དག་པའི་མགོ་ཁྲིད་འོག་དམར་དམག་འབུམ་ཤོག་དང་བོ་དང་། གཉིས་པ། བཞི་བ་བཅས་གཙོ་ཤུགས་གསུམ་རྒྱལ་ཁའི་ངང་དཔུང་འཛོམས་བྱུང་བ་དང་། དམར་དམག་རྒྱང་སྐྱོད་འཐབ་ཇུས་ཀྱི་ལས་འགན་ལེགས་གྲུབ་བྱུང་ལ། ཏང་ཀྲུང་དབྱང་གསར་བརྗེའི་གནས་གཞི་ས་ཁུལ་དུ་གཞི་ཆགས་པ་དང་། ཀྲུང་ཧྭ་མི་རིགས་ཡོངས་ཀྱིས་འཇར་འགོག་བྱེད་པའི་མི་རིགས་འཐབ་ཕྱོགས་གཅིག་གྱུར་སྔར་ལས་ལེགས་པར་གྲུབ་སྟེ། ཀྲུང་གོའི་གསར་བརྗེ་ལ་རྣམ་པ་གསར་བ་གཏོད་པར་མཐུན་རྐྱེན་གསར་བསྐྲུན་བྱས།
ལ་གཟར་འགག་གཡུལ་འགྱེད་ལས་མའོ་ཙེ་ཏུང་གི་དམག་དོན་བཀོད་འདོམས་ཀྱི་དགོངས་པ་གང་ལེགས་སུ་མཚོན་པ་དང་། དམར་དམག་གི་འཐབ་མོ་བ་རྣམས་ཀྱིས་ཐོག་མཐའ་བར་གསུམ་དུ་རང་སྲོག་བློས་གཏོང་ཕོད་པའི་སྙིང་སྟོབས་མཚོན་ལ། དཔའ་ངར་ཆེ་ཞིང་གཉའ་མི་ཆག་པ་དང་། དཔྱོད་ཤེས་ཀྱིས་ཅི་འོས་བབ་བསྟུན་བྱེད་ལ། མཐུན་སྒྲིལ་གྱིས་རོགས་འདེགས་བྱེད་པ། སྔོན་འགྱེལ་རྗེས་མཐུད་ཀྱིས་གཡུལ་འཐབ་དང་རྒྱལ་ཁ་ལེན་ཕོད་པ་བཅས་ཀྱི་སྲོལ་རྒྱུན་བཟང་བོ་མངོན་ཐུབ་པའོ།།
ལ་གཟར་འགག་གཡུལ་འགྱེད་ལས་དམར་དམག་འཐབ་མོ་བ་ཚོས་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་བརྟན་པོ་བཅངས་ཤིང་གསར་བརྗེའི་བྱ་གཞག་ལ་ལྷག་བསམ་རྣམ་དག་བྱེད་པ་མཚོན་ལ། བློ་སྟོབས་ཆེན་པོ་དང་རང་སྲོག་བློས་གཏོང་གི་དཔའ་བོའི་གདེང་ཚོད་ཀྱང་མངོན་ཡོད། སེམས་ཤུགས་གཅིག་སྒྲིལ་དང་དཔའ་སྙིང་ཞུམ་མེད། འབད་འཐབ་རྩོད་ལེན་བྱེད་པ་བཅས་ཀྱི་གསར་བརྗེའི་སྙིང་སྟོབས་ཀྱིས་དམར་དམག་རྒྱང་སྐྱོད་ཀྱི་ཆེས་གཞི་རྩའི་ནང་གཟུངས་གྲུབ་པ་ཡིན་ལ། ཀྲུང་གོའི་གསར་བརྗེ་དང་ཀྲུང་ཧྭ་མི་རིགས་ཀྱི་རིན་ཐང་ཆེ་བའི་བསམ་པའི་རྒྱུ་ནོར་དུ་གྲུབ་པའང་རེད།
རྒྱང་སྐྱོད་སྙིང་སྟོབས་དེ་དཔའ་འབར་ལྟར་རྒྱུན་འཛིན་བྱེད་ངེས་ཤིང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཕུགས་འདུན་མངོན་འགྱུར་ཡོང་བའི་བསམ་བློའི་སྒུལ་ཤུགས་སུའང་འགྱུར་ངེས་རེད།