བཞུད་ལམ་ཕྲ་མོ—— གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་ལོན་པའི་རྗེས་དྲན་དུ།

རྨེ་རུ་མགོན་པོ་སྐྱིད།(ཅོ་ནེ་རྫོང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-02


སྐྱིད་སྡུག་རེས་སུ་འཐབ་པའི་འཚོ་བའི་ཁུགས་སོ་ནས་འདས་ཟིན་པའི་མི་ཚེའི་བཞུད་ལམ་ལ་ཕྱིར་མིག་འཕངས་ཚེ། གཅིག་འཇགས་གཅིག་ལངས་ཀྱི་ཚོར་འདུ་དང་ཡོ་ལང་སྐྱེན་པོ་རྒྱང་རིང་གི་རི་ཚོགས་ཀྱི་རླབས་གཉེར་ཁྲོད་ནས་དྲན་པའི་ཡོལ་གོ་རུ་འཚང་ཡོང་། དར་རྒུད་ཀྱི་གཡོ་འཁྱོམ་དང་མངར་སྐྱུར་གྱི་བྲོ་བ་མྱངས་ཤིང་། བརྩོན་པའི་རྔུལ་ཆུ་ཁྲོམ་ཁྲོམ་དུ་བཞུར་མྱོང་བ་ཡང་མང་ཤས་བདེ་སྐྱིད་ལ་འཐིམས་པའི་འབོད་པ་འབའ་ཞིག་གོ

བྱིས་པའི་དུས་སུ་རྩེད་ཆས་སུ་ཐེ་གེ་དང་ཆ་རྡེའུ་ལས་མེད་ཀྱང་། སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཇུས་བཟང་བོའི་ཉི་འོད་གང་སར་འཕྲོས་པས་བག་ཡངས་ཀྱི་འཚོ་བ་ལོངས་སུ་སྤྱད་མྱོང་། ཟས་ལ་སྲན་ཐུག་དང་རྩམ་སྐྱ་ལས་མེད་ཀྱང་ཁྱིམ་ཚང་སོ་སོའི་དུ་ཁུང་ནང་གི་དུ་ཞགས་ཀྱི་རི་མོ་བྲི་སྟངས་ཡང་དུད་ཁྱིམ་རང་ཉིད་ལ་དབང་བས། ན་ཆུང་གི་འཇིག་རྟེན་ལ་སྤྲོ་སྣང་གིས་ཁྱབ་མྱོང་། དེ་ཡང་འཚོ་བ་ཞི་བདེ་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བསྒྱུར་བཅོས་སྒོ་འབྱེད་ཀྱི་ལམ་ལུགས་བཟང་བོའི་དྲིན་ཡིན།

དུས་བདེ་ཞོད་འཇགས་ཀྱི་སྐལ་བཟང་རྫོགས་ལྡན་གསར་བའི་ནང་དུ་ཕོ་མཆོག་མོ་དམན་གྱི་རྙིང་ཞེན་དོར་ནས་རིག་པའི་གནས་ལྔ་སྦྱོང་བའི་སྐལ་བཟང་ཐོབ་པ་ཡང་། ཏང་གི་སྲིད་ཇུས་ཀྱི་བཀའ་དྲིན་ལོས་ཡིན། མིན་ཚེ་སྐྲ་རིང་མ་དང་བློ་ཐུང་མ་ཞེས་པའི་ཐ་སྙད་དེས་སྤྱི་ཚོགས་རྙིང་བའི་ནང་གི་བུད་མེད་ག་ཚོད་ཀྱི་ལས་དབང་དང་ལང་ཚོར་བཙན་གཡེམ་བྱས་མྱོང་བ་སྨྲེང་བའི་རྒྱུ་ལས་ཅི།

དུས་རབས་གསར་བ་དང་སྲིད་ཇུས་བཟང་བོའི་ཉི་གཞོན་གྱི་དྲོད་ཁོལ་འོག་ནས་གཉོམ་ཆུང་གི་རང་གཟུགས་གཡོགས་པའི་བུད་མེད་དང་བྱིས་པ་ཚོར་འགྲོ་བ་མིའི་ཐོབ་ཐང་འདྲ་མཉམ་དང་རང་མགོ་རང་འཛིན་གྱི་ཁེ་དབང་སྤྲད་པས། འཚོ་བ་དང་བརྩེ་དུང་ལ་རང་ཉིད་ཀྱིས་བདག་པོ་རྒྱག་ཆོག་པའི་གདམ་ག་ཡོད་ཀྱང་། གནས་འགྲོ་བུ་མོའི་མིག་མཐའ་མཆི་མས་བརླན་མི་དགོས་པར། གནག་སྣུམ་གྱི་ལན་བུར་གཡུ་བྱུར་གྱི་རྫོངས་པ་བཏགས་ཆོག་པ་ཡང་། ཡོད་ཚད་འཕེལ་རྒྱས་ལ་ཕྱོགས་པ་ལོས་ཡིན།

ལྷག་དོན་ཉེ་བའི་ལོ་འདི་འགའི་ནང་དུ་རྒྱལ་ཁབ་ཀྱི་འགོ་ཁྲིད་བཟང་བོའི་ཐུགས་བསྐྱེད་ཀྱིས་དབུལ་ཐར་ཕྱུག་བསྒྱུར་གྱི་འགག་སྒྲོལ་གྱི་ལམ་བུར་སྐྱ་འཐབ་སྔོ་འཐབ་བྱེད་པའི་སྲིད་ཇུས་གསར་བའི་དྲི་གཞོན་ཤིག་ཤིག་ཏུ་ལྡང་སྟབས། ཕྱི་གསལ་ནང་འཇམ་གྱི་སྡོད་ཁང་གྲུ་བཞི་ནས་ཉིན་མོར་རི་སྒང་གི་ནོར་ལུག་གི་ཁ་གྲངས་བརྩི་ཆོག་ལ། མཚན་མོར་ནམ་མཁའི་སྐར་མ་ཡང་ཁྲ་ལམ་མེར་ཡིད་ཀྱི་ཞིང་ཁམས་ལ་བཏབ་ཆོག་པའི་ཆ་རྐྱེན་འཛོམས་པོ་འདི་འདྲ་རྒྱས་པ་ཡང་། གུང་ཁྲན་ཏང་ཚུགས་ནས་ལོ་འཁོར་བརྒྱ་ལོན་པའི་དུས་སྟོན་གྱི་ཆོ་ག་རུ་སྤེལ་ཆོག

སྔོན་ཆད་ལོ་སར་ལ་མ་གཏོགས་མིག་གིས་རིག་ཐབས་བྲལ་བའི་བཅུད་ལྡན་གྱི་ཟས་རིགས་སྣ་འཛོམས་དག་ཀྱང་། ད་བར་དུས་དང་དུས་མིན་དུ་ལོངས་སུ་སྤྱོད་ཆོག་ལ། ལྷམ་མཐིལ་ལ་ལྷན་པ་ཡང་ཡང་བརྒྱབ་མྱོང་བའི་གྲང་ཤུར་ཤུར་གྱི་ལོ་ཟླ་དག་ཀྱང་ད་ནི་རྒྱང་ལ་བཞུད་དེ། བཤད་རྒྱུན་ཁྲོད་ཀྱི་རྒྱ་གར་ཞྭ་མོ་དང་ཐེར་མ། བལ་ཡུལ་གྱི་འདོགས་རྒྱན་སྣ་ཚོགས་ཀྱང་དེང་སྐབས་འདོགས་རྐྱང་དང་གོན་རྐྱང་བྱེད་ཆོག

ཆོས་དད་རང་མོས་དང་ཤེས་རིག་སྦྱོང་བར་རིགས་རུས་དང་ཕོ་མོ། རྒན་གཞོན་སོགས་ཀྱི་ཁྱད་པར་ཅི་ཡང་མེད་པར་མི་ཚེའི་ཐང་ཆེན་ནས་དགའ་རྐྱང་དང་འདུར་རྐྱང་བྱེད་ཆོག་པ་ནི་མི་རིགས་ཤིག་གམ། ཐ་ན་ཁྱོན་ཡོངས་ཀྱི་བསམ་བློའི་ཡར་རྒྱས་ཤིག་དང་བསམ་པའི་དཔལ་ཡོན་གྱི་གཞི་རུ་སྨིན་པ་དབུལ་ཕྱུག་ཀྱི་དབྱེ་བ་མེད་པར་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་ཆོག་ཆོག་རེད།

༢༠༢༠ལོའི་ཟླ༣བའི་ཚེས༢༠ཉིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1