ངོ་མཚར་འབུམ་གྱིས་ཕྱུག་པའི་ཀྲུང་གོ ( གཞན་གཅིག ) —— ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པར་རྗེས་དྲན་དུ།

ཚུར་རི་ནང་གི་སྐྱ་རེངས། ནུབ་བྱང་མཚམས་སུ། འབྲས་ལྡན་སྟོན་གྱི་རང་མདངས་མངོན་པར་བཀྲ། བྲེལ་འཚུབ་ཀྱི་རྦབ་རླབས་ཆལ་ཆིལ་གཡོ་བའི་འབྲུག་དཀར་གཙང་བོས་རི་འདབས་ཀྱི་ཚུར་རི་ནང་དུ་རུས་པ་གཟེར་བའི་གྲང་རླུང་ངར་མ་རེ་བསྐྱལ་འོང་། སྟོན་ཟླ་དགུ་བར། བོད་གྲོང་ཆུང་ཆུང་འདིར་ངོ་མཚར་བའི་མ རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-02


འཇིག་རྟེན་གོ་ལ་ཟླུམ་པོའི་ཡ་གླིང་གཞིར།།

བདོག་པའི་དགེ་མཚན་རྫོགས་ལྡན་ལྷ་ཡི་དཔལ།།

སྲིད་གསུམ་ཁམས་ལ་འབར་བས་བརྗིད་ཆགས་པ།།

གུང་ཁྲན་ཏང་ཞེས་མཚན་གྱི་གྲགས་པ་འབར།།

ཀྲུང་ཧྭ་ནོར་འཛིན་སྒེག་མོའི་ལྟོ་ལྗོངས་སུ།།

སྲིད་འབྱོར་རིག་གསུམ་ཡར་ངོའི་ཟླ་ལྟར་འཕེལ།།

ཕུན་ཚོགས་སྡེ་བཞིའི་དཔལ་ལ་དབང་འབྱོར་བའི།།

རྨད་བྱུང་ཀྲུང་གོའི་གྲགས་སྙན་རླུང་ལྟར་ལྡང་།།

ཞེས་ན་ཆུང་བུ་མོ་གར་ལ་རོལ་བའི་སྙན་འཇེབས་དྲུག་ལྡན་གྱི་གླུའི་རང་བཞིན་དུ་བསྡེབས་པའི་ཤོ་ལོ་ཀ་གཉིས་ཀྱིས་མདུན་བསུས་ཏེ། འཛམ་གླིང་ས་ཡི་གོ་ལ་ཟླུམ་པོའི་ཤར་ཕྱོགས་ཀྱི་ལྗོངས་སུ་རྔམ་ཞིང་བརྗིད་ཆགས་ལ་ཕུན་ཚོགས་སྡེ་བཞིའི་ལོངས་སྤྱོད་ལ་མངའ་གསོལ་ཞིང་། སྟོབས་འབྱོར་མངའ་ཐང་སུམ་རྩེན་གནས་ལ་ཅོ་འདྲི་བའི་ཀྲུང་གོ་རྒྱལ་ཁབ་ཅེས་མཚན་དོན་དང་སྙན་གྲགས་འཛམ་གླིང་ཡོངས་ལ་ཁྱབ་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཆེན་པོ་འདི་ཉིད། གླིང་ཆེན་ལྔ་ཡི་ཡ་གྱལ་ལས་ཡ་གླིང་གི་དཀྱིལ་དུ་གཟེངས་སུ་མཐོ་བར་གྱུར་བའི་རྒྱལ་མཚན་དང་མཚུངས་ཤིང་། ས་རྒྱ་སྤྱི་ལེ་གྲུ་བཞི་མ་ས་ཡ་དུ་མ་ཡོད་པའི་སྟེང་དུ། འཛད་མཐའ་མེད་པའི་རིན་པོ་ཆེ་གསེར་དངུལ་ཟངས་ལྕགས་ལ་སོགས་པའི་འདོད་དགུའི་དཔལ་ཡོན་གཏེར་དུ་བརྡོལ་བའི་རིན་ཆེན་གཏེར་མཛོད་གྲགས་མེད་མཆིས་པ་མ་ཟད། ཡུལ་ཁམས་འདིའི་གསེར་ལྡན་ཡངས་པའི་དཀྱིལ་འཁོར་དུ་གྲོང་ཁྱེར་རྒྱུ་སྐར་བགྲང་ཡས་ཀྱང་མང་བོ་གཅིག་ལས་གཅིག་ལྷག་གཟེངས་སུ་ཐོན་པ་ནི་དྲི་ཟའི་ཞིང་ཁམས་ས་ལ་འཕོས་པ་བཞིན་དགེ་མཚན་ཟླ་བ་འབུམ་གྱི་འོད་སྣང་གིས་ཁེངས་ཏེ། ལྟ་བས་ཆོག་མི་ཤེས་པ། ལྷའི་གྲོང་ཁྱེར་གྱི་ཡོན་ཏན་ཚང་བ། བསྔགས་པར་འོས་པ། བརྗོད་ཀྱིས་མི་ལང་བ་དང་བསམ་གྱིས་མི་ཁྱབ་པའི་དགེ་མཚན་བྱེ་བ་བརྒྱ་ཕྲག་གིས་བརྟས་པ། མདོར་ན་སྲིད་འབྱོར་རིག་གསུམ་གྱི་ཕྱོགས་སུ་མཁོ་དགུའི་རེ་འདོད་ལྟར་འཇོ་བའི་འཛད་མེད་འབྱམས་ཀླས་ཀྱི་བང་མཛོད་ཅིག་ཡིན་པས། ཡ་གླིང་རྒྱལ་ཁབ་མང་བོའི་དབུས་སུ་ཉི་ཟླ་ལྟར་ཁྱད་དུ་འཕགས་པ་ཞིག་ལགས་ཏེ། ཀྲུང་གོ་རྒྱལ་ཁབ་ཅེས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་དབྱར་སྐྱེས་རྔ་གསང་ཇི་བཞིན་རིས་མེད་དུ་གྲགས་སོ།

འདི་ལྟ་བུའི་མེས་རྒྱལ་གྱི་འཛིན་མའི་ཁྱོན་དུ་འཚོ་བའི་མི་རིགས་ལྔ་དྲུག་གི་སྐྱེ་བོ་མཐའ་དག་ནི་གཤིས་རྒྱུད་བཟང་ཞིང་རིག་པའི་གནས་ལ་བློ་གྲོས་ཀྱི་འཇུག་པ་རྒྱས་པ། ལས་ལ་བརྩོན་ཞིང་དཔའ་ངར་ཆེ་བ། མི་རིགས་བར་ཕན་ཚུན་མཐུན་སྒྲིལ་དང་རོགས་རམ་གྱིས་མཛའ་ཞིང་བརྩེ་བའི་གཉེན་ཉེ་ལྟར་དུ་གནས་ཏེ། མེས་རྒྱལ་གྱི་འཛུགས་སྐྲུན་ལ་བརྩོན་ཞིང་འཛམ་གླིང་གི་ཞི་བདེའི་ལས་དོན་ལ་སྤྱི་སེམས་དཀར་བོ་བཅངས་ཡོད་པ་བཅས་རེད། ལྷག་པར་དུ་ཉེ་བའི་ལོ་འགའི་རིང་ལ་ཟླ་མེད་ཏང་གི་མཁས་མཛངས་ལྡན་པའི་ཡང་དག་འགོ་ཁྲིད་འོག་ཏུ། ཀྲུང་གོའི་ཡུལ་གྲུ་ཀུན་ཏུ་འབྱོར་འབྲིང་སྤྱི་ཚོགས་ལ་དཔུང་འཇུག་བྱེད་པའི་དུང་བརྡ་རླབས་ཆེན་ལྷང་ལྷང་དུ་བསྒྲགས་པ་དེ་ནི། སྐྱ་རེངས་དང་བོ་དང་བསྟུན་ཏེ། རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་ཚོས་ཡོད་རྒུའི་ནུས་རྩལ་སྤྲུགས་ཤིང་བློ་གྲོས་ཀྱི་མིག་ཡངས་ཕྱེ་ནས། ཀྲུང་གོའི་འཛིན་མའི་ཁྱོན་དུ་འབྱོར་འབྲིང་གི་གྲུབ་འབྲས་གསེར་བའི་བཟོ་བཀོད་ཀྱི་མེ་ལྕེ་ནམ་མཁའི་ལྷ་དང་མཉམ་ཞིང་། འདོད་དགུའི་དཔལ་ཡོན་གྱི་ལོངས་སྤྱོད་མཚོ་གཏིང་ཀླུ་ཡུལ་ལས་ལྷག་པར་གྱུར། ཨེ་མ་གཅེས་སུ་རུང་བའི་མ་ཡུལ་ཀྲུང་གོ་ལགས། ཁྱེད་ནི་ང་ཚོའི་མི་རིགས་ང་དྲུག་གི་སེམས་ཁོག་དུ་ཤར་བའི་ཉི་མ་ཡིན་པ་དང་། ཁྱེད་ནི་ང་ཚོའི་མི་རིགས་ང་དྲུག་གི་སྙིངས་དབུས་སུ་ཉར་བའི་རེ་བ་ཡིན། ཉིན་རེ་བཞིན་ཁྱེད་ཀྱི་སྟོབས་འབྱོར་མངའ་ཐང་དར་རྒྱས་སུ་འགྲོ་བཞིན་ཡོད་པས། འཛམ་གླིང་གི་རྒྱལ་ཁབ་སོ་སོས་རང་དབང་མེད་པར་ཡིད་སྨོན་བྱེད་བཞིན་མཆིས།

ཨེ་མ་ཧོ། ཆེས་དགའ་བའི་རླབས་ཆེན་གྱི་ཀྲུང་གོ་ལགས། ཁྱེད་ནི་ད་ལྟའི་དུས་སུ་འདི་ལྟར་སྙན་གྲགས་ལྡན་ལ། མ་འོངས་པ་ནི་དེ་བས་ཀྱང་གཟི་བརྗིད་ཆེ་ཆེར་སོང་སྟེ། སྙན་པའི་གྲགས་པ་ཕྱོགས་ཀྱི་བུ་མོའི་རྣ་ལོང་དུ་བཀོད་པ་དང་། སྔར་ལས་ཀྱང་སྲིད་འབྱོར་རིག་གསུམ་ཡར་ངོའི་ཟླ་བཞིན་འཕེལ་ཏེ་སྟོབས་འབྱོར་མངའ་ཐང་འཛམ་གླིང་ན་འགྲན་ཟླ་བྲལ་བའི་སྟོབས་ལྡན་རྒྱལ་ཁབ་ཅིག་ཏུ་གྱུར་ཏེ། བསྐལ་བ་མ་སྟོངས་པར་དུ་རྔམ་བརྗིད་ཀྱི་གཟི་དཔལ་རབ་ཏུ་འབར་བའི་སྨོན་འདུན་ཞུ།།

འདིར་སྨྲས་པ། ཏང་གི་གཟི་བྱིན་རྟ་བདུན་དབང་བོ་ཡིས།།

སྲིད་ཇུས་འོད་སྣང་འབུམ་ལྡན་ཡོངས་སུ་འཕྲོས།།

མི་དམངས་དུང་ཕྱུར་མང་བོའི་དགའ་ཚལ་དུ།།

མི་སེམས་འདབ་བརྒྱ་བཞད་པའི་ཚུལ་འདི་མཚར།།

ཏང་གི་བཀའ་གསུང་དབྱར་རྔའི་སྒྲ་འབྱིན་ཚེ།།

མི་དམངས་མདོངས་ལྡན་དགའ་བའི་སྒྲོ་གུར་ཕུབ།།

དམངས་སེམས་རྨ་བྱ་དགྱེས་པའི་གར་བསྒྱུར་ཏེ།།

བསྟོད་པའི་མགྲིན་གླུ་སྙན་མོའི་སྒྲ་དབྱངས་སྒྲོག།།

སྲིད་འབྱོར་རིག་གསུམ་དཔྱིད་ཀྱི་དཔལ་ཡོན་ཤར།།

སྣ་ཚོགས་འཛུགས་སྐྲུན་ལྗོན་པའི་ཁོ་ལག་རྒྱས།།

སྣ་མང་དཔལ་འབྱོར་ཙན་དན་དྲི་བསུང་གིས།།

འཇིག་རྟེན་མི་ཡིད་བརྟན་པ་རབ་ཏུ་འཕྲོག།།

བསང་ཆུ་སྔོན་མོའི་བཞུར་དབྱངས།

ཨེ་མ་ཧོ། དྭངས་གཙང་ཆུ་ཤེལ་གྱི་མདོག སྤང་ལྗོངས་སྔོན་མོའི་སྤུན། བཞུར་བ་ལྟོ་འགྲོའི་ཉམས་དང་ལྡན་པའི་བསང་ཆུ་སྔོན་མོའི་རླབས་ཀྱི་འཁྲི་ཤིང་གཡོ་བའི་འདབ་བརྒྱ་བཞད་ཅིང་། གཟེགས་མ་མཁའ་ལ་འཕྱོ་བའི་འོད་སྣང་རྩེ་དགའ་འབྱེད་བཞིན་ཤར་གྱི་ཕྱོགས་སུ་བཞུར་བ་ཀུན་གྱི་འདྲེན་བྱེད་ཟུང་གི་གཟིགས་མོར་ཕུལ་བར་གྱུར་ཅིང་། དེ་ནི་ཆུ་རྒྱུན་གཞན་དང་མི་མཚུངས་ཏེ་ཤར་གྱི་གཡུ་འབྲུག་སྔོན་མོ་ཞིག་ང་རྒྱལ་གྱིས་མ་བཟད་པར་ས་ལ་བབས་ནས་འཁྱུག་འགྲོས་ཀྱི་གར་སྟབས་སྒྱུར་བར་བྲེལ་བའི་གཟིགས་བརྙན་འཛིན་པས། ཡུལ་དེའི་སྐྱེ་འགྲོ་ཀུན་གྱི་ཡིད་ཀྱི་བརྩེ་དུང་། སེམས་ཀྱི་འདུན་པ། དགའ་བའི་སྣང་བ་སོགས་དེའི་རླབས་ཕྲེང་འཕྱོ་བའི་རྩེད་འཇོའི་ངང་ཚུལ་ནི་དབྱར་གྱི་རྣ་བའི་དགའ་སྟོན་དུ་སིམ་པ་ནི་དབྱངས་ལྡན་རྫོགས་པའི་གར་མཁན་མཛེས་མ་སྟོང་གིས་དགའ་བའི་ཉམས་དང་དགོད་པའི་འཛུམ་གྱིས་གླུ་དག་གི་རྩེད་འཇོ་རུ་རྩེན་པ་དང་དབྱེར་མ་མཆིས།

གསོན་དང་། བསང་ཆུ་སྔོན་མོའི་སྙན་འཇེབས་ཀྱི་གླུ་གཞས་འདི་གནའ་སྔ་མོའི་དུས་ཀྱི་གདོད་མའི་གླུ་གཞས་ཤིག་ཡིན་པ་འདྲ་སྟེ། དེའི་རླབས་སྒྲའི་རྒྱུད་ལས་འཕོས་པའི་དབྱངས་ཀྱིས་ས་སྣ་འབུམ་ཕྲག་གི་བཅུད་དང་ཆུ་སྣ་སྟོང་ཕྲག་གི་རྒྱུད་ལས་བལྟམས་ཤིང་གྲུབ་སྟེ་བསྐལ་བ་སྟོང་ཕྲག་གི་དུས་སུ་ས་ཡི་དཀྱིལ་འཁོར། གླིང་གི་སྙིང་བོ། གངས་ཀྱི་ར་བ། བསིལ་ལྡན་ཁ་བའི་ལྗོངས་སུ་ང་ཚོའི་བོད་པ་ཚོའི་ཚ་གདུང་གི་སྡུག་བསྔལ་དང་སྐོམ་པ་ཡི་འདུན་པ་སེལ་བར་ཆེད་དུ་བབས་པ་དང་ཀུན་ནས་མཚུངས།

ཀྱེ་ཀྱེ་བསང་ཆུ་ལགས། ཁྱོད་ནི་ཐད་པའི་བྲག་རི་གཏོར་བའི་གནམ་ལྕགས་ཀྱི་ཐོག་མདའ། ཁྱོད་ནི་ཚ་བའི་བདུང་བ་སེལ་བའི་འཆི་མེད་ཀྱི་བདུད་རྩི། ཁྱོད་ནི་སྐོམ་པའི་སྡུག་བསྔལ་འཇིལ་བའི་སྦྲང་ཆར་གྱི་བསིལ་མ། ཁྱོད་ཀྱིས་དུས་ནམ་ཀུན་ཏུ་ཕུན་ཚོགས་ཀྱི་ལོ་ལེགས། བདེ་སྐྱིད་ཀྱི་འཚོ་བ། དགའ་སྐྱིད་ཀྱི་དབྱངས་རྣམས་འགྲོ་བ་ཀུན་ལ་དགའ་བའི་སྐྱེས་སུ་འབུལ་བཞིན་དུས་འདའ་བར་བརྩོན། གསན་བྱུང་ངམ་བསང་ཆུ་ལགས། ཁྱོད་ལ་རྨ་ཆུ་འདྲ་བའི་སྤོབས་པ་མེད་ན། ཕ་ཡུལ་ཡར་རྒྱས་འབྱུང་བའི་འཕར་རྩ་ཇི་ལྟར་ལྡིང་། ཁྱོད་ལ་ཆལ་ཆིལ་གཡོ་བའི་རླབས་ཕྲེང་མེད་ན། ཕ་ཡུལ་མདུན་སྐྱོད་ཀྱི་གོམ་སྟབས་ཇི་ལྟར་བསྒྱུར། ཁྱོད་ལ་ཝུ་བའི་རླབས་ཕྲེང་གི་གཟེགས་མ་མེད་ན། ཕ་ཡུལ་སྔོན་ཐོན་གྱི་ཁྲག་རྒྱུན་ཇི་ལྟར་རྒྱུ། ཁྱོད་ལ་འུར་འུར་བཞུར་བའི་ཆུ་སྒྲ་མེད་ན། ཕ་ཡུལ་ཕྱུག་འགྱུར་གྱི་ལམ་ཁ་ཇི་ལྟར་བསྙེགས།

འོ། རེད་ལགས། ང་ཚོས་གསལ་བོར་རྟོགས་པ་ཞིག་ནི། བསང་ཆུ་ལགས། ཁྱོད་ལ་མ་འོངས་སྔོན་མཐོང་གི་མཁྱེན་དཔྱོད། སྔར་མེད་གསར་བཏོད་ཀྱི་སྙིང་སྟོབས། རྙིང་བ་རྒྱབ་བསྐྱུར་གྱི་སྤོབས་པ། གསར་བ་ནང་འདྲེན་གྱི་བློ་གྲོས་བཅས་མངའ་རྙེས་པ་ནི་ནམ་ཡང་འཛད་མཐའ་མེད་ཅིང་འགྱུར་བ་མེད་པ། ཉམས་པ་མེད་པ། འཇིགས་པ་མེད་པ་བཅས་ཡིན་པས། མདུན་སྐྱོད་ཀྱི་བཤུལ་ལམ་དུ་གནས་པའི་དཀའ་ངལ་གྱི་རི་བོ་འབིགས་པར་ནུས་ཤིང་མཐའ་འགྲམ་གྱི་འཁྱག་རོམ་འདེགས་པར་སྤོབས། དེ་ལས་གཞན་ཁྱོད་ཀྱིས་ངལ་བ་མཐའ་དག་ཁྱད་དུ་བསད་ཅིང་དཀའ་བ་འབུམ་ཕྲག་གདོང་གིས་བསུས་ཏེ། ཤར་ཕྱོགས་སུ་རྒྱུ་བ་ནི་འབྱུང་འགྱུར་གྱི་ཆེད་དུ་ཡིན་པ་དང་། འབྱུང་འགྱུར་གྱི་དགེ་མཚན་དང་། སྟོབས་འབྱོར། རིག་གནས། ཚན་རིག བདེ་སྐྱིད། སྔོན་ཐོན། དར་རྒྱས་སོགས་འཚོལ་བའི་ཆེད་དུ་སྙིང་སྟོབས་ཀྱི་གོ་ཆ་བགོས་ཤིང་། བློ་སྤོབས་ཀྱི་དབུ་རྨོག་གྱོན། འདུན་པ་ཡི་མཚོན་ཆ་བཏགས་པ་བཅས་ཀྱིས་མཛེས་པའི་རླབས་ཕྲེང་མཁའ་རུ་འཕྱོ་བའི་གར་སྟབས་བསྒྱུར་ཅིང་འགྱུར་བ་མེད་པའི་ཕུགས་འདུན་གྱི་གླུ་དབྱངས་ལེན་བཞིན་རྒྱུ་བཞིན་འདུག།

རེད་ལགས། ང་ཚོའི་བདེ་སྐྱིད་ཀྱི་འབྱུང་གནས། ལོངས་སྤྱོད་ཀྱི་གཞི་མ། ཕུན་ཚོགས་ཀྱི་དཔལ་ཡོན། བཀྲ་ཤིས་པའི་ལེགས་ཚོགས། འཚོ་བ་ཡི་གཟི་བརྗིད། འདུན་མ་ཡི་རྟེན་གཞི། ལ་རྒྱ་ཡི་བདག་པོ། ཀུན་སེམས་ཀྱི་མ་མ། ང་ཚོ་ཁྱོད་ལ་དགའ། ཁྱོད་ལ་སྤྲོ། ཁྱོད་ལ་ཕྱོགས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1