ཐེ་བོ། གསར་བརྗེའི་ཕྱིར་དྲན་ ( ཚན་པ་བཞི )
ཐེ་བོ། གསར་བརྗེའི་ཕྱིར་དྲན་ ( ཚན་པ་བཞི ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-02
ཚུར་རི་ནང་གི་སྐྱ་རེངས།
ནུབ་བྱང་མཚམས་སུ། འབྲས་ལྡན་སྟོན་གྱི་རང་མདངས་མངོན་པར་བཀྲ། བྲེལ་འཚུབ་ཀྱི་རྦབ་རླབས་ཆལ་ཆིལ་གཡོ་བའི་འབྲུག་དཀར་གཙང་བོས་རི་འདབས་ཀྱི་ཚུར་རི་ནང་དུ་རུས་པ་གཟེར་བའི་གྲང་རླུང་ངར་མ་རེ་བསྐྱལ་འོང་། སྟོན་ཟླ་དགུ་བར། བོད་གྲོང་ཆུང་ཆུང་འདིར་ངོ་མཚར་བའི་མཛེས་ཉམས་ཤིག་ལྷང་ངེར་མངོན་འོང་། མཚན་གོང་གི་ཐོག་ཁང་དུ་སྤར་བའི་སྒྲོན་འོད་ཀྱིས་ཁྱེད་ཀྱི་སྐམ་རིད་ཀྱི་གཟུགས་རིས་དལ་བུར་སྒུལ་ཅིང་། སྒྲོན་འོད་དུ་ཕྱག་ལས་ལ་བརྩོན་པའི་སྐུ་ཉིད་ཀྱིས་ཐུགས་བསམ་རིང་དུ་བཞེས། སྒོ་ཁྱིས་ཟུག་སྐད་འབྱིན་ཅིང་། བྱ་ཕོས་གསལ་ཐིང་ཐང་གི་གནམ་བརྡ་བཏང་བས། སྐུ་ཉིད་བསམ་གཞིག་གི་ཀློང་ནས་རྦད་དེ་དཀྲོག དེ་མུར་སྒེའུ་ཁུང་གི་འདེད་སྒོ་ཕྱེ་ཤིང་། མེ་ཕོར་ལས་དམར་ལམ་ལམ་འབར་བའི་སྟག་པའི་སོལ་བའི་དྲི་བསུང་ཤུར་བུར་ལྡང་། རོན་ཀྲིས་མགོ་བོ་དགྱེ་བཞིན་མཁའ་དབྱིངས་ཀྱི་སྐར་ཚོགས་ལ་ཅེར། ལྷིང་འཇགས་སུ་ཡོད་པའི་ཚུར་རི་ནང་ལའང་སྐབས་འདིར་སྔར་མེད་ཀྱི་སེམས་ཁྲལ་ཞིག་ཐོལ་གྱིས་སྐྱེས། ཕྱག་ཟུང་ཆེན་པོ་ཞིག་གིས་དམག་སྐྱོད་ས་ཁྲའི་སྟེང་ཐིག་རིས་ཕབ་ཅིང་། སྔོ་ལོང་ངེར་འཕྱུར་བའི་ཐ་མག་རྐང་གཅིག་ཕྱག་མཛུབ་གཉིས་ཀྱི་བར་དུ་བཙུར་འདུག བསམ་གཞིག་གི་ཀློང་དབྱིངས་འགྲིམས་པའི་ཁོ་བོའི་སྤྱན་ཟུང་ལ་དམར་མདངས་འཁོར་ཅིང་གཟབ་ནན་གྱིས་ཁང་བའི་ནང་གི་ཡོད་ཚད་ལ་ཞིབ་གཟིགས་ལན་ཅིག་གནང་། གནས་ཚུལ་གཞི་ནས་འབྱོར་བྱུང་། ཅོ་ནེ་ས་སྐྱོང་དཔོན་པོས་གསང་བའི་སྒོ་ནས་འབྲུ་མཛོད་ཀྱི་སྒོ་མོ་ཕྱེ་བྱུང་། རྒྱ་མ་ཁྲི་ཉི་ཤུ་ལས་བརྒལ་བའི་སྲོག་སྐྱོབ་འབྲུ་རིགས་དེ་ཚིས་ཀོའུ་འབྲུ་མཛོད་ཁང་ནས་ཕྱིར་རུ་མངོན་། རོན་ཀྲིས་སེམས་ཀྱི་ཁུར་བོ་ཐང་ལ་ཕོབས་ཏེ་ཐོད་པའི་གཉེར་མདུད་དལ་གྱིས་གྲོལ་བྱུང་། ༡༩༣༥ལོའི་ཟླ༩པའི་ཚེས༡༥ཉིན། ཚུར་རི་ནང་གི་ཞོགས་པའི་སྐྱ་རེངས་ཁྲོད་བློ་མཐུན་མའོ་ཙེ་ཏུང་ལ་སྐྱེལ་མ་བྱས། བོད་སྡེའི་ཉེ་འདབས་སུ་གྲོང་ངེར་གནས་པའི་བང་གཙང་དགོན་པའི་ཅོང་སྒྲ་དེ་རོན་ཀྲིའི་་སྒྲ་འཛིན་གྱི་གསོས་སུ་སྨིན།
མགོ་རྗེ་གྲོང་གི་གདམ་ཀ
ནུབ་བྱང་མཚམས་སུ། སྟོན་གྱི་རང་མདངས་མངོན་པར་ཚེས། ཟླ་དགུ་བའི་སྟག་རའི་ཆུ་བོས་བརྩེ་བའི་དྲོད་ཁོལ་སྔོན་མོའི་རླབས་བཞིན་འཕྱོ། མགོ་རྗེའི་བོད་གྲོང་གིས་བྲེལ་སྟབས་ངང་ཅི་ཞིག་ལ་རེ་སྒུག་བྱེད་ཅིང་། ཤི་གསོན་དང་འབྲེལ་བའི་གདམ་ཀ་ཞིག་ལ་ངང་སྒུག་བྱེད་ཀྱིན་མཆིས། རི་ངོགས་ཁེབས་པའི་སྟག་མའི་མེ་ཏོག་གིས་དམར་མདངས་ཆེམ་ཆེམ་གྱིས་ནང་སེམས་ཕྱིར་ལ་མངོན་འོང་། རླུང་བུ་འཇམ་ཅིང་བསིལ་ལ། རི་ཆུ་སྟོང་ཕྲག་བརྒལ་བའི་དཔུང་ཚོགས་ཤིག་དལ་བུར་སྡེ་བ་འདི་རུ་གོམ་ཁ་བསྒྱུར། ༡༩༣༥ལོའི་ཟླ༩བའི་ཚེས༢༠ཉིན། རོན་ཀྲིས་བོད་ལུགས་ཀྱི་ཤིང་ཁང་དེ་རུ། ལས་དབང་ནི་རང་གི་ལག་ཏུ་ཡོད་ཅེས་དཔའ་གདེང་ཡོད་པའི་གསུང་སྐད་གསལ་ལྷང་ལྷང་དུ་མཆེད་འོང་། མགོ་རྗེ་གྲོས་ཚོགས་ཀྱི་དཔའ་འབར་གྱིས། དམར་དམག་བྱང་སྐྱོད་ཀྱི་འགྲུལ་བཞུད་ལམ་སྣེ་གསལ་སྟོན་བྱས། མགོ་རྗེའི་རི་སྡེ་དེའང་ལྷིང་འཇགས་ཁྲོད་ནས་དར་རྒྱས་ཀྱི་མཐོ་རླབས་འཕྱུར་ཅིང་། རྒྱང་སྐྱོད་ལམ་གྱི་ལྷམ་མེར་བཀྲ་བའི་མཚར་སྡུག་གི་མཛེས་ལྗོངས་ཤིག་ཏུ་གྱུར། དགོང་མོ་དེར། རི་སྒང་ཁེབས་པའི་ལོ་མ་དམར་བོ། མེ་ལྕེ་བཞིན་མཆེད། དེ་ནི་འཐབ་མོ་བའི་བརྟན་བརླིང་གི་སྤྱན་ཟུང་དང་མཚུངས། ངར་སྐད་སྒྲོག་པའི་སྟག་རའི་ཆུ་བོའི་འགྲམ་དུ། རྩེ་མོ་དགུང་ལ་ཟུག་པའི་མ་གལ་སྡོང་བོ་དེ་དག་གིས་དོགས་ཟོན་གྱི་རྣམ་རིག་གྲིམ་གྲིམ་ངང་། རླབས་ཆེ་བའི་གསུངས་དབྱངས་ཤིག་ལ་རྣ་བ་གླགས་ནས་ཡོད། མི་ཁྲི་སྟོང་མང་བོས་མིག་ཟུང་ཆེ་ཆེར་བགྲད་དེ་དམར་དམག་བྱང་སྐྱོད་ཀྱི་བཀའ་གསུངས་ལ་ངང་སྒུག་བྱས་ནས་ཡོད།
ད་ལྟ་སྟག་ཆུ་སྔར་བཞིན་རྟོགས་སད་བྱུང་ཤིང་། མགོ་རྗེ་ཆུ་བོའང་སྔར་བཞིན་རྟོགས་སད་བྱུང་། ལོ་རྒྱུས་ཀྱི་བདེན་དཔང་དུ་གྱུར་བའི་མ་གལ་སྡོང་བོ་དེ་དག་ཀྱང་རྟོགས་སད་བྱུང་སྟེ། ནམ་ཞར་བླ་མེད་ཀྱི་གོང་བཀུར་དང་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་མཁན་དག་ལ་ངང་སྒུག་བྱས་ནས་ཡོད།
ཚི་ཀོའུ་ཚང་གི་འབྲུ་རིགས།
བང་གཙང་ཞེས་པའི་ཡུལ་ཚོ་དེའི་རོང་འགག་ཁོག་ཅེས་པའི་ལུང་ཁོག་ཟབ་ས་ཞིག་ཏུ། མིང་ལ་ཚི་ཀོའུ་ཚང་ཟེར་བའི་གྲོང་སྡེ་ཆུང་ཆུང་ཞིག་ཅི་ཞིག་ལ་ཡིབ་སྐུང་བྱས་པ་བཞིན་ཆགས་ཡོད། འབྲུ་རིགས། སྲོག་སྐྱོབ་ཀྱི་འབྲུ་རིགས་དེ་གང་དུ་ཡོད་ཨང་། འདི་ནི་ཁ་ཚ་དགོས་གཏུགས་ཀྱི་རེ་སྒུག་ཞིག་ཡིན་ལ། ཧམ་འདོད་ཚ་བོ་ཞིག་དེ་བས་ཀྱང་ཡིན་ནོ། དུས་ཚོད་སྐར་ཆ་རེ་རེར་བརྩོན་ལེན་བགྱི་བཞིན། འབྲུ་རིགས་བཙལ་འཚོལ་གྱི་དོན་དེ་མུ་མཐུད་དུ་རྒྱུན་སྐྱོང་ཅིང་མཆིས། རྒྱ་མ་ཉིས་ཁྲི་ལྷག་གི་འབྲུ་རིགས་དེ། ཚི་ཀོའུ་འབྲུ་མཛོད་ཁང་ནས་མངོན་བྱུང་། དེ་ནི་དམར་དམག་ལ་གྲགས་འགུལ་སློང་ཐུབ་པའི་གྲངས་ཀ་ཞིག བཀྲེས་སྐོམ། ཐང་ཆད། དགའ་མགུ། མིག་ཆུ་སོགས་ཀྱིས་གཡུལ་འཐབ་ལས་རྒྱལ་བའི་ཡིད་ཆེས་ཀྱི་མེ་ཕོན་སྤར། རྒྱབ་རྟེན། དཔུང་ཤུགས་ཀྱིས་བཏེགས་པའི་རྒྱབ་རྟེན། དེ་ནི་བོད་གྲོང་གི་ཕུ་ནུ་མིང་སྲིང་ཚོའི་ལྷད་མེད་ཀྱི་མཛའ་གཅུགས་ལས་བྱུང་བའི་བརྩེ་བ་ཡིན།
ཚི་ཀོའུ་ཚང་། གསར་རྗེའི་དཀའ་སྡུག་གི་བཞུད་ལམ་ཁྲོད་ཀྱི་སྣུམ་གནོན་ས་ཚིགས། གནས་ཚུལ་འབྱོར་རྗེས། རོན་ཀྲིའི་བཞིན་གྱི་གཉེར་མདུད་བཀྲོལ་བ་རང་བགར་ཞིག་མིན་ཨང་། ཚི་ཀོའུ་ཚང་། ཅོ་ནེའི་ས་སྐྱོང་དཔོན་པོ་ཡང་དམར་བོའི་ཕྱིར་དྲན་ཀློང་དུ་ཆེས་བརྗེད་པར་དཀའ་བའི་མཚན་མིང་ཞིག་ཏུ་གྱུར་ཡོད།
ལ་གཟར་འགག་གི་མཚར་སྒྲུང་།
འདི་ནི་འཆི་གསོན་ལ་ཐུག་པའི་གདོང་ཐུག་ཤིག འདི་ནི་བྱང་རྒྱུད་ཀྱི་ཀྲུང་གོའི་ཆེས་མཛེས་པའི་མཚར་སྒྲུང་སྙན་མོ་ཞིག གཡུལ་འཐབ་ཀྱི་དཔུང་བཤམས། རི་བོ་ལྗང་མདོག་རྒྱས་ཤིང་ཆུ་རྒྱུན་སྔོ་མེར་འཁྱིལ་བའི་ལྷ་གཟིགས་འགག་ནི་དེ་ལྟར་མི་སེམས་ལ་སྐྲག་འདར་སློང་བ་ཞིག ཕྱིར་དྲན་གྱི་ཟབ་སར། སྒྱོགས་མདེའུ་ཡི་འགད་སྒྲ་དང་དམག་རྟའི་གསལ་ལྷང་ལྷང་གི་འཚེར་སྐད་རྣ་ལམ་དུ་མཆེད་ཅིང་། སྐབས་རེར་གཡུལ་འཐབ་ཀྱི་ཛ་དྲག་དང་ཡ་ང་བའི་བྲོ་བ་རེ་རེའང་སྣོམ་ཐུབ། དམར་དམག་འཐབ་མོ་བའི་གཟུགས་བརྙན་རེ་རེར་སེར་ལམ་ལམ་གྱི་ཉི་འོད་ཁྲོད་དུ་རྡུང་བཟོ་བྱས་པའི་ཟངས་སྐུ་བཞིན་ནམ་ཡང་ནུབ་པར་མེད་པར་ཀྲོང་ངེར་འགྱིངས་ཡོད། དཔའ་རྒོད་ཅིག་གིས་འགག་སྲུང་ན། དཔའ་བོ་ཁྲི་འབུམ་འགག་ལས་ཤོར་ཐུབ་ཅེས་སུ་ཡིས་སྙད་ཕོད། ཁྲག་དྲོན་གྱིས་བགྲོད་ལམ་གཏོད་ཅིང་། མདུན་སྐྱོད་ཀྱི་དུང་སྐད་རིང་མོས་དགྲ་བོའི་སྨྱོ་ཧམ་དང་འཆི་ཁའི་འཕག་འཚག་ཉམས་དམས་སུ་བཏང་། ༡༩༣༥ལོའི༩བའི་ཚེས༡༥ཉིན་གྱི་ཞོགས་པར། རྒྱང་སྐྱོད་ཀྱི་ཆེས་མཐའ་མཇུག་གི་འགག་འཕྲང་སྟེ། སྔོན་གཤེགས་དཔའ་བོ་དག་གི་གཡུལ་བསྲེས་ཀྱི་དུང་སྐད་ཁྲོད། རེ་བའི་ཁུང་ལམ་ཞིག་གཏོད་ཐུབ་པར་གྱུར། དུས་ད་ལྟ། ཆར་རླུང་ཁྲོད་ཀྲོང་ངེར་འགྱིངས་པའི་རྗེས་དྲན་རྡོ་རིང་གི་མགུལ་ལ་བཀྲཤིས་ཁ་བཏགས་གསོལ་ཅིང་། ངོ་མཚར་གྱི་འདས་དོན་དག་འཆད་འདོད་ཀྱི་མདུན་པ་བཞིན་ལ་ཤར་ཅིང་། མི་རྣམས་ཀྱི་དྲན་གསོ་དང་གོང་བཀུར་འོག་དམར་བོའི་ངོ་མཚར་གྱི་བྱུང་བ་དག་གཏམ་རྒྱུད་བཞིན་འཆད་ཅིང་མཆིས། (ཨ་པཎ་གྱིས་བསྒྱུར)