ལོ་ཡི་བགྲང་བྱ་བརྒྱ་ཡི་སྐྱེས་སྐར་ལ།། བསྟོད་པའི་མེ་ཏོག་རི་བོའི་གཏོས་དང་མཉམ།། —— ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར༡༠༠ལོན་པར་རྟེན་འབྲེལ་ཞུ། མཁའ་མཉམ་འགྲོ་བའི་བདེ་སྡུག་བསམ་པའི་གཟི་བརྗིད་ཡང་དག་རླབས་ཆེན་ཏང་།།

རྒྱལ་མོའི་ཚེ་དཔག་སྐྱབས།(གཙོས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-02


མཁའ་མཉམ་འགྲོ་བའི་བདེ་སྡུག་བསམ་པའི་གཟི་བརྗིད་ཡང་དག་རླབས་ཆེན་ཏང་།།

རྟ་བདུན་དབང་བོའི་འོད་དང་མཉམ་པའི་རིས་མེད་འདྲ་མཉམ་རླབས་ཆེན་ཏང་།།

སྡུག་བསྔལ་རྨང་ནས་སེལ་ལ་བྲེལ་ཞིང་བདེ་བ་སྐྱོང་བའི་རླབས་ཆེན་ཏང་།།

དུང་ཕྱུར་བཅུ་བཞིའི་དམངས་ཀྱི་མགོན་དུ་བསྐལ་བར་བརྟན་པའི་རླབས་ཆེན་ཏང་།།

དགོངས་པ་རྨ་མེད་མར་ལེ་དང་ནི་མའོ་ཙེ་ཏུང་གི་ཕུགས་འདུན་ལེན།།

ཞི་ཅིན་ཕེན་གྱི་དགོངས་དོན་གཙང་མས་དམངས་ཀྱི་བདེ་སྐྱིད་འཕེལ་བར་མཛད།།

འོད་སྟོང་དུས་རབས་ཤར་ནས་འཛུམ་ཞིང་འཛམ་གླིང་ཞི་བདེའི་འོད་ཀྱིས་ཁྱབ།།

ལྔ་དྲུག་མི་རིགས་མཐུན་པའི་ལག་རྡང་ཀྲུང་ཧྭ་འཛིན་མའི་མུ་ཁྱུད་བསྐོར།།

ཚན་རིག་འཕྲུལ་གྱི་རྣམ་དཀར་ལས་ལ་ཉིན་མཚན་སྦྲེལ་ནས་སྤེལ་གྱུར་ཏེ།།

རྒྱལ་སྲུང་རིག་པའི་སྟོབས་ཤུགས་འཛོམས་ལ་ཀྲུང་གོའི་བློ་གྲོས་ཡང་སྙིང་ལས།།

སྔར་མེད་སྔོན་ཐོན་ལམ་དུ་དོངས་ཏེ་དཔའ་མཛངས་ལྡན་པའི་རྒྱལ་ཁབ་ཅེས།།

འཛམ་གླིང་མཁས་པའི་ཞལ་ནས་མ་བོར་བསྟོད་པའི་མེ་ཏོག་ཅི་ཡང་བརྩེགས།།

སྲོལ་གྱི་རྒྱུན་ལ་དེང་འཕྲུལ་བསྡེབས་པ་རྣམ་དག་རྩ་བ་དགུང་དུ་ཟུག།

གནའ་སྲོལ་དེང་རབས་སྦྲག་མའི་ལས་ལ་ཀྲུང་གོའི་ཤེས་སྟོབས་རྩལ་དྲུག་ལས།།

མེ་ཏོག་ཚལ་བཞིན་རྣམ་པར་བཞད་ཅིང་དྲི་ངད་བསྐལ་བའི་མཐར་ལྡང་ནས།།

ཀྲུང་གོའི་དཔལ་ཡོན་པད་མའི་སྦུབས་བཞིན་ཕྱི་ནང་གཉིས་ཀ་གཙང་བར་གྱུར།།

དམར་དམག་རྒྱང་སྐྱོད་དཀའ་བ་འབུམ་ཕྲག་དང་དུ་ལེན་པའི་སྙིང་སྟོབས་ཀྱིས།།

ཉམས་མྱོང་རིན་ཆེན་རང་ལ་ཐོབ་པས་རིན་བྲལ་ཤེས་པ་གཤིས་སུ་གྲུབ།།

ཕ་རོལ་བ་ཡིས་མཐོ་འཚམས་ཞི་མཐུན་གཏམ་གླེང་གྲོས་ཀྱི་སྔོན་བགྲོད་ཀྱིས།།

ཕྱོགས་གཉིས་བདེ་བའི་ཁེ་ཕན་སྣུམ་པོ་འཚོ་བའི་རྟེན་ལ་སྣུམ་ཤིག་ཤིག།

ཚད་དམིགས་དབུལ་སྐྱོར་གནད་དུ་འཁེལ་ནས་སྡུག་བསྔལ་གཏོར་ལ་བདེན་པ་ཡི།།

ལག་ལེན་གསེར་གྱི་ཐིགས་པ་བསགས་ནས་རྒྱ་མཚོར་འཁྱིལ་བའི་ལས་གཞི་ཡིས།།

བདེ་སྐྱིད་འཚོ་བའི་གླུ་དང་གར་གྱི་འཚོ་བའི་སྒེག་ཉམས་ཕྱོགས་བཞིར་མཐོང་།།

ཀུན་ཀྱང་དགའ་བས་ཡིད་ངོར་འཇུས་པ་རླབས་ཆེན་ཏང་གི་གཟི་དཔལ་ཡིན།།

ཞེན་འཁོན་འཛིན་པའི་མཐོ་འཚམས་པ་ཡིས་གཞན་གྱི་ཕུན་ཚོགས་མི་འདོད་པར།།

ཞེ་སྡང་གིས་ནི་ཀུན་ནས་བསླངས་པའི་རྨོངས་པ་སྟུག་པོའི་སྡིག་སྒྲིབ་ཀྱིས།།

གཏན་བདེ་རྩ་བ་ཀུན་ནས་སྟོང་ཞེས་གཡུ་འབྲུག་མཁའ་ལ་ལྡིར་བ་བཞིན།།

འཛམ་གླིང་བདེ་བ་ཞི་མཐུན་ཡིན་ཞེས་ཀྲུང་གོའི་སྙན་པ་ཡོངས་ལ་འགེངས།།

མི་མཐུན་རྒོལ་བ་གཏམ་དུ་གླེང་ནས་ལུ་གུའི་རྒྱུད་ཀྱིས་རྒོལ་གྱུར་ན།།

རང་ས་གོར་མོ་བདག་ཏུ་འཛིན་པའི་བློ་གྲོས་བྱེ་བ་ཕྲག་བརྒྱ་ཡིས།།

ཕ་རོལ་དཔུང་འཇོམས་འཕྲུལ་གྱིས་འགོག་རྒོལ་གནམ་དུ་གདེང་པའི་སྦྱོར་བ་ཡིས།།

བདུད་དཔུང་འཇོམས་པའི་གནམ་ལྕགས་ཐོག་ལ་དངངས་ཤིང་འདར་བཞིན་འབྲོ་བར་བརྩམས།།

ནང་གི་མཐུན་པ་སྟོབས་སུ་བཏེགས་ཏེ་གང་ལ་བསླབས་པའི་ཤེས་རབ་ཀྱིས།།

མཐུན་སྒྲིལ་ཨ་ལོང་གཅིག་ཏུ་བསྒྲིལ་ཏེ་རིག་པའི་གླིང་དུ་བརྩོན་པ་ཡི།།

བྲག་ལ་མདའ་ཟུག་དམ་དུ་མ་ལྷོད་ཐུན་མོང་ཤེས་པ་སྤེལ་བྱས་ཏེ།།

བུ་རབས་ཚ་རྒྱུད་རིག་པས་ཕྱུག་ཅིང་རྣམ་དཔྱོད་བློ་གྲོས་རྩེ་ན་འཁྱུག།

འཛམ་གླིང་འཐུང་ཆུའི་མཛོད་དུ་གྲགས་པའི་ཀྲུང་གོའི་གཙང་ཆབ་འོ་མའི་རྒྱུན།།

གོ་ལ་ཟླུམ་པོའི་ཟུངས་ཁྲག་བསྐྱེད་པར་བདུད་རྩིའི་ཆབ་རྒྱུན་སྲུང་སྤེལ་གྱིས།།

སྡོང་འཛུགས་ནགས་སྐྲུན་གཤེར་འཛིན་པ་ལ་ཁོར་ཡུག་གཙང་མའི་ཡིད་འོང་གིས།།

དཔལ་གྱི་འཛོམས་པ་བྱེར་ནས་འོང་བའི་ཀྲུང་གོའི་བློ་གྲོས་སྲིད་ན་འབར།།

ཞི་ཅིན་ཕེན་གྱི་རླབས་ཆེན་དགོངས་དོན་རབ་དཀར་འོ་མ་བྱུགས་པ་ལས།།

དམངས་ཀྱི་འཚོ་བའི་གཏེར་དུ་ཐོན་པའི་མར་ལོ་སྤུངས་ལ་རོལ་བ་ཡི།།

དུང་ཕྱུར་བཅུ་བཞིའི་དམངས་ཀྱི་བདེ་བ་ཀྲུང་ཧྭ་ཚལ་ན་གར་གྱིས་སྒེག།

དགྱེས་རྒུའི་ལོངས་སྤྱོད་ཡིད་ངོར་བཤམས་ཏེ་ཏང་ལ་བསྟོད་པའི་གླུ་དབྱངས་སྙན།།

མཚུངས་མེད་བཀའ་དྲིན་ཡང་དག་ཏང་གི་ཐུགས་རྒྱུད་གཞན་ཕན་འོད་སྣང་གིས།།

གཏན་གྱི་བདེ་བ་གལ་དུ་གདམས་ནས་ལོ་ཡི་འཁོར་མོ་བཅུ་ཕྲག་གི།།

དཀའ་ངལ་བྱེ་བ་ཕྲག་བརྒྱ་བསྣམས་ནས་ཡོད་རྒུ་ནུས་པ་རྩལ་སྤྲུགས་ཀྱི།།

ཕུན་ཚོགས་ས་བོན་གཏེར་དུ་བསྒྲུབས་པས་འབྲས་བུ་ཕྱུར་པ་ཨེ་མ་ཧོ།།

རླབས་ཆེན་ཏང་གི་དགོངས་པ་ཟབ་མོ་ནམ་མཁའི་མཐའ་ལས་རིང་དུ་འདས།།

རླབས་ཆེན་ཏང་གི་སྦྱོར་བ་གཙང་མ་འཛམ་གླིང་ཞི་བདེའི་རྨང་རྡོ་ཡིན།།

རླབས་ཆེན་ཏང་གི་ཐུགས་ངོར་སིམ་པ་དམངས་ཀྱི་བདེ་བའི་གར་ལགས་པས།།

རླབས་ཆེན་ཏང་ལ་གླུ་ཡིས་བསྟོད་ཅིང་ལྷ་དར་རིང་མོས་ལན་བརྒྱར་བསྟོད།།


རྩོམ་ཡིག་སྔོན་མ།
ལྗོན་པ་ལགས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1