ལྗོན་པ་ལགས།
འབོ་ར་ཀླུ་འབུམ་བཀྲ་ཤིས། (བསང་ཆུ་རྫོང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-02
ལྗོན་པ་ལགས། ལོ་ཟླའི་རླུང་རླབས་ཁྲོད་ཀྱི།
དཀའ་ངལ་དང་།
ཁྱེད་ཀྱི་སྐྱེས་སྟོབས་ཀྱི་གོ་རིམ་བསམ་སྟེ།
མཁའ་མཐའ་ནས།
ཁྱེད་ཁོ་ནར་སྙེགས་ནས་འོང་ཚེ།
ཁྱེད་ཀྱིས་ང་ཚོར་འོད་ཀྱི་མིག་ཟུང་བསྩལ་ལ།
ཁྱེད་རང་འཁེན་ནས་ལངས་ཚེ།
ད་གཟོད།
ཁྱེད་ཀྱིས་ང་ཚོར་བརྟན་ཞིང་བརླིང་བའི་རྒྱབ་རི་མཛད་ཨང་།
ལྗོན་པ་ལགས། ཁྱེད་ཀྱིས་ད་ལྟའི་བར་དུ།
འཇིག་རྟེན་གྱི་གདགས་སྲིབ་བར་ནས།
རང་ལུས་ཀྱི་སྟོབས་ཤུགས་ཡོད་ཚད།
མ་འོངས་པར་ཕུལ་ཏེ།
ཏག་ཏག་དགུང་ལོ་བརྒྱ་བཞེས་དུས་འདིར།
ཕྱོགས་བཞིར་བལྟས་ཚེ།
ཁྱེད་ཁོ་ན་འཇིག་རྟེན་གྱི་ཡང་རྩེར་བསླེབས་ཟིན་པ་འདྲ།
ང་ཡི་ལྗོན་པ་ལགས།
ཁྱེད་ཀྱིས་དུས་རབས་ཀྱི་གདོང་ཁ་འདི་ནས།
ང་ཚོར།
སྡུག་བསྔལ་བསལ་ནས།
བདེ་སྐྱིད་ཀྱི་ལམ་ཆེན་བསྩལ་བྱུང་བས།
ད་ལྟ་ཁྱེད་ཀྱི་དགུང་ལོ་བརྒྱ་ཡི
འཛུམ་ཀོང་ནས།
ང་ཚོས་བསྟོད་པའི་གླུ་དབྱངས་ཁྱེད་ལ་ལེན་བཞིན་ཡོད་ལ།
དགའ་བའི་བྲོ་གར་ཡང་ཁྱེད་ཁོ་ནར་འཁྲབ་བཞིན་ཡོད།
ལྗོན་པ་ལགས། ཁྱེད་ཀྱི་གྲིབ་བསིལ་སྣུམ་པོའི་མངའ་འོག་ན། ད་ལྟ།
ཡུལ་མི་ཚོ་བག་ཕེབས་ངང་ངལ་གསོ་བཞིན།
ད་ལྟ་ཁོ་ཚོའི་ཁོག་ན་མྱ་ངན་མེད་ལ།
གདོང་ན་སྡུག་བསྔལ་གྱི་རྗེས་ཤུལ་ཡང་མེད་ཅིང་།
ད་དུང་།
རིགས་ཀྱི་མེ་ཏོག་གི་སོན་རྩྭ་རེ་རེ།
འདྲ་མཉམ་དང་འཆམ་མཐུན་གྱི།
གོ་ལ་ཧྲིལ་བོ་འདིའི་ཡང་སྙིང་དུ།
མེ་ཏོག་བཞིན་དགའ་ལྷང་ལྷང་གིས་བཞད་ཅིང་།
མ་འོངས་པར།
ཁོ་ཚོ་རེ་རེར་འཛུམ་དུང་དུང་གི་འབྲས་བཟང་སྨིན་ངེས།
བདག་གི་ལྗོན་པ་ལགས།
ཁྱེད་རང་དགུང་ལོ་བརྒྱ་བཞེས་དུས་འདིར།
ཁྱེད་ཁོ་ན་དམིགས་ཡུལ་དུ་བཟུང་སྟེ།
ང་རང་ཁྱེད་ཀྱི་རྗེས་སུ་སྙེག་ནས་འོང་གིན་ཡོད།
མིན། ང་ཚོ།
ལུས་དང་གྲིབ་མ་བཞིན་ཁྱེད་ཁོ་ནའི་རྗེས་སུ་དེད་ནས་ཡོང་གི་ཡོད་ཨང་།