བསྔགས་བརྗོད་གསེར་གྱི་མེ་ཏོག

གདུགས་དཀར་སྐྱབས། (གཙོས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-02


གསེར་ལྗོངས་ཡ་གླིང་འཛིན་མའི་བཅུད་ཆགས་པ།།

དབང་ཕྱོགས་གཡུ་འབྲུག་མེས་པོའི་རྒྱལ་ཁབ་ཀྱི།།

དབུ་འཛིན་ཏང་གི་བྱུང་བའི་དབྱིག་མཛོད་ལས།།

སྙིམ་པར་ཐོགས་འགའ་ངག་རིག་འཕྲེང་བར་འགོད།།

སྣེ་མང་ལོ་རྒྱུས་འཁྱོག་པོའི་ཁུགས་སོ་རུ།།

གཡོ་ཞིང་འཁྱོམས་པའི་ལྷོ་མཚོའི་གྲུ་གཟིངས་ནས།།

ཀྲུང་གུང་ཚུགས་པའི་འོད་ལྗང་གསར་བའི་མདངས།

སྲིད་པའི་སྨག་ལ་ཟླ་གཞོན་གཟུགས་ལྟར་འཁྲུངས།།

གནམ་སའི་ཁམས་སུ་གསོན་པོའི་རྐང་དམར་ལ།།

ཡོངས་སུ་ཟ་བའི་ལོག་སྤྱོད་སོག་ལེའི་ཁ།།

མ་བཟོད་མྱ་ངན་འཁུན་སྒྲའི་དབུགས་དབྱུང་དུ།།

བརྒྱད་གཅིག་འོས་ལངས་གནམ་གྱི་རྦབ་རྡོ་སྒྲིལ།།

ཤ་ཁྲག་འཐབ་འཛིང་སྐུལ་བའི་དམག་གི་དུང་།།

ཅིན་ཀང་རི་ནས་རྒྱ་སྟག་ཁྲོས་ལྟར་ངེར།།

ཕུགས་བསམ་དཔའ་བོའི་མི་འདོད་ཞེ་སྡང་སྒྲ།།

རྒྱང་སྐྱོད་ལམ་ན་གླང་བོ་ཆེ་བཞིན་འཁང་།།

བཙན་རྒོད་དམར་པོའི་དཔུང་གི་དཔའ་རྟུལ་གྱིས།།

ལོག་སྡེ་ཚར་གཅོད་གཡུལ་འཁྲུག་མདའ་ཆར་ཕབ།།

དགྲ་བོའི་མྱ་ངན་གཅོང་སྐད་བྲག་ཅར་འཁོར།།

ངོ་མཚར་ལོ་རྒྱུས་ལ་གཟར་འགག་ནས་བརྩམས།།

འདོད་སྲེད་མེ་ལྕེ་དྲག་པོའི་སྨྱོ་ཧམ་གྱིས།།

གསུམ་བརྒྱད་མཚམས་ཐིག་བརྒལ་བའི་ཐོ་ཅོ་ལ།།

དགྲ་སྙིང་ཁོལ་དུ་འདོན་པའི་དང་བླངས་ཚོས།།

ཚ་ཚ་འུར་འུར་ཁྲའོ་རོགས་གཡུལ་འགྱེད་སྤྲད།།

གོ་ལའི་རྣ་བར་གྲགས་པ་འཆི་མཚོའི་མཐོངས།།

ཚན་རིག་ལག་རྩལ་གསར་བའི་འབྲས་རྟགས་སུ།།

ས་ཆེན་བྱིན་པ་འདར་བའི་མ་རྡུལ་མཚོན།།

ཐོལ་གྱིས་བཀད་པས་མི་བསྲུན་མགོ་བོ་སྨད།།

དཔའ་རྟུལ་དམངས་ལ་མཁས་མཛངས་དབུ་ཁྲིད་མཛད།།

ཁབ་ཀྱི་དབུ་འཕང་གྱེན་ནས་བླ་རུ་བསྟད།།

སླར་ཡང་བླངས་པའི་གདན་ཐོབ་བྱུ་རུའི་ཁྲི།།

མཉམ་འབྲེལ་རྒྱལ་ཚོགས་དབུས་ན་རྒྱན་དུ་མཛེས།།

རྟག་པའི་གནས་ལུགས་མི་རྟག་ཡིན་པའི་ཕྱིར།།

ལོ་བཅུའི་གོད་ཆག་སྨག་རུམ་རྩུབ་ནའང་།།

སྲིད་པའི་སྐྱ་རེངས་རེ་བའི་མཐོ་རྒྱུགས་གང་།།

ཀྲུང་ཧྭ་འགྲོ་བའི་ལེགས་བྱས་མཁའ་ལ་དྲངས།།

ཕུགས་བསམ་ཨ་སྔོན་གདན་དུ་བཏིངས་པའི་གཞིར།།

རྒྱལ་གཅིག་ལུགས་གཉིས་སྤྲིན་རིས་བཀོད་པའི་གཟིས།།

འཛམ་གླིང་ཚངས་པར་སྙེམས་པའི་འཁོར་སྒྱུར་ཡང་།།

རི་མོར་བྲིས་བཞིན་དམིགས་མེད་དབྱིངས་སུ་བཀོད།།

ལོ་བརྒྱར་མ་དང་བྲལ་བའི་ཀང་ཨའོ་ཟུང་།།

སྔ་ཕྱིར་པང་དུ་བསུས་པའི་མཛད་འཕྲིན་གྱིས།།

ཕྱི་ཕྱོགས་སྡང་ཡང་གཉེན་སེམས་དཔང་བསྟད་པས།།

འདས་སོང་མཚང་དམར་བསལ་པའི་འཛུམ་དཀར་གྲོལ།།

སྲིད་འབྱོར་ཆུ་གཏེར་དབའ་རླབས་རབ་འཁྲིགས་པའི།།

ཉེར་བསྡོགས་འཛམ་གླིང་ཉོ་ཚོང་རྩ་འཛུགས་སུ།།

རྣམ་འབྱེད་ཤེས་རབ་བསྟེན་པའི་སྤོབས་གདེངས་གྲུ།།

བརྟན་བརླིང་བསྐྱོད་པས་གཉིས་ཕན་འཕྲིན་ལས་རྒྱས།།

ས་ཆེན་ཟེ་བ་གངས་རིའི་མུ་ཁྱུད་དབུས།།

འཕྲུལ་གྱི་བཟོ་བོས་བསྐྲུན་པ་འཆི་མེད་ལམ།།

མཁའ་མཐར་བསྐྱངས་པའི་ལང་ཚོའི་མཛེས་སྡུག་ལ།།

རབ་ཏུ་འཁྱུད་པའི་ལྕགས་འབྲུག་འཁྱུག་རྩལ་ངོམ།།

མཆོང་རྒྱུག་འཕེན་སོགས་ལུས་རྩལ་གློག་གི་གར།།

འཕྲུལ་དུ་ལྡེམ་པ་ངོ་མཚར་ལྟད་མོའི་ཕུལ།།

ཕྱོགས་བཞིའི་བུ་མོའི་འདྲེན་བྱེད་དཔལ་སྨིན།།

ཨའོ་ལིན་ཕི་ཁེའི་རྩལ་འགྲན་བསྡུས་འདི་རྨད།།

དཔལ་འབྱོར་མགྲིན་པ་མཐོ་བའི་ཧྲང་ཧེ་རུ།།

འཛམ་གླིང་དངོས་བཤམས་འདུ་འཛིའི་སྤྲིན་ཕུང་འཁྲིགས།།

མཉམ་འབྲེལ་བརྗེ་རེས་གོ་སྐབས་ཆར་ཟིམ་འཇོ།།

ཞི་བདེ་འཕེལ་རྒྱས་སྣང་བརྙན་ཕྱོགས་བཅུར་འཕྲོ།།

ལྷ་སྤྱན་རྒྱང་ཤེལ་ངོ་མཚར་སྒྱུ་འཕྲུལ་གྱིས།།

སྟོང་གསུམ་གསང་བ་ལག་པའི་མཐིལ་དུ་ལེན།།

ནུབ་རླངས་ཤར་དང་ལྷོ་ཆུ་བྱང་འདྲེན་རྩལ།།

སྔོན་རབས་དེབ་ཐེར་གླེགས་ན་རྙེད་དུ་མེད།།

ཨེ་མ་དྲུག་ལྷག་ལྔ་བཅུའི་མགོ་ཐོག་སྤྱིལ།།

མི་ཡུལ་ཞིང་གི་མི་ཕམ་ཇུས་ཀྱི་རྗེ།།

ཡ་མེད་ཀྲུང་གུང་ས་ལྒང་མཛེས་རྒྱན་འདིས།།

རིགས་ཞེན་ངར་ཤུགས་བརྩེ་དུངས་ལ་རྒྱ་སྦྱིན།།

མཆན།

① གསུམ་བརྒྱད་མཚམས་ཐིག 三八线

② འཆི་མཚོ། 罗布泊

③ རྒྱལ་གཅིག་ལུགས་གཉིས། 一国两制

④ ནུབ་རླངས་ཤར་འདྲེན། ལྷོ་ཆུ་བྱང་འཐེན། 西气东输

南水北调

⑤ ལྷ་སྤྱན་རྒྱང་ཤེལ། 天眼望远镜

⑥ ལྷོ་མཚོ། 南湖


རྩོམ་ཡིག་རྗེས་མ།
ལྗོན་པ་ལགས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1