ལོ་བརྒྱའི་འཕོ་འགྱུར་གནམ་ས་གོ་ལྡོག
ཐང་དགེ་པདྨ་བཀྲ་ཤིས། (གཙོས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-02
རབ་ཚེས་ལྕགས་བྱའི་གྲོ་བཞིན་ཟླ་བར་ཞི་བདེ་རྒྱ་མཚོའི་འགྲམ་ངོགས་ནས།།
མར་ལེ་རིགས་པས་མཛུབ་སྟོན་བྱེད་ཅིང་གུང་ཁྲན་རིང་ལུགས་འདུན་ཉར་བའི།།
འབྱོར་ལྡན་གྲལ་རིམ་རྩད་ནས་འབྱིན་ཞིང་འབྱོར་མེད་སྲིད་དབང་བརྩོན་འགྱུར་བའི།།
ཆེད་དམིགས་སྲིད་དབང་གུང་ཁྲན་ཏང་གི་གསར་བརྗེའི་གྲུ་ཡོར་ཐོག་མར་བཏེགས།།
གསར་བརྗེ་འཐབ་ཕྱོགས་གཅིག་གྱུར་བྱེད་པའི་གོ་གུང་མཉམ་འབྲེལ་དང་པོ་དང་།།
འཇར་འགོག་མི་རིགས་མཐུན་སྒྲིལ་ཡོང་བའི་གོ་གུང་མཉམ་འབྲེལ་གཉིས་པའི་རྗེས།།
ནང་དགྲ་འགོག་ཅིང་ཕ་མཐར་སྐྲོད་པའི་གཡུལ་འགྱེད་ཆེན་མོ་གསུམ་བརྒྱུད་དེ།།
ཕྱི་དགྲ་སྤྱུགས་ཤིང་ནང་དགྲ་བཅོམ་པས་རྒྱལ་ཁའི་སྐྱ་རེངས་མཁའ་ནས་འཆར།།
རབ་རྒྱལ་ས་མོ་གླང་གི་ལོ་ཡི་སྨིན་དྲུག་དཀར་ཕྱོགས་དགའ་བའི་ཉིན།།
ཀྲུང་གོ་གསར་པ་ཚུགས་པའི་གཏམ་བཟང་གོ་ལ་ཟླུམ་པོའི་ཁྱོན་ལ་སྒྲོག།
རྒྱ་བོད་སོག་གསུམ་རིས་སུ་མེད་པར་བདེ་སྐྱིད་ཉི་མ་འཆར་བའི་ཕྱིར།།
ཞི་བའི་སྒོ་ནས་བཅིངས་གྲོལ་བྱས་ཤིང་དམངས་གཙོ་གསར་པའི་བཅོས་སྒྱུར་སྤེལ།།
སྐྱིད་པའི་ཉི་གཞོན་དགུང་ལ་ཤར་ནས་བཅུ་ཕྲག་གཅིག་གི་ཡུན་ཙམ་ལ།།
མེ་འགོག་ཁྲའོ་རོགས་དཔུང་ལ་སྐྱོད་ཅིང་རྒྱལ་སྐྱོང་རྩ་ཁྲིམས་གཏན་ལ་ཕབ།།
ལྔ་ཚན་དང་པོའི་འཆར་གཞི་བཀོད་ཅིང་ཐོད་བརྒལ་ཆེན་མོའི་ཇུས་འཐེན་མོད།།
ལོ་ངོ་གསུམ་གྱི་རང་བྱུང་གནོད་པས་རེ་ཞིག་སྡུག་གི་མཚོ་མོ་བསྐྱིལ།།
འབར་མདེལ་གད་པའི་རྡུལ་སྤྲིན་ལང་ལོང་སྲུང་སྐར་ཐོག་མས་གནམ་འཕང་བཅད།།
རྒྱལ་སྤྱིའི་སྒང་ལ་སྙན་གྲགས་རྒྱས་ཤིང་མཉམ་འབྲེལ་ཚོགས་པར་དབང་ཐང་རག།
འབྱོར་མེད་གྲལ་རིམ་ཁག་ལ་དཀྲི་བའི་རིག་གནས་གསར་བརྗེ་ཆེན་མོ་ཡིས།།
ཀྲུང་གོ་འཛིན་མའི་རྒྱལ་དམངས་ཡོངས་ལ་ལོ་བཅུའི་གོད་ཆག་བགེགས་སུ་བྱུང་།།
མི་བཞི་ཤོག་ཁག་རྡུལ་དུ་བརླགས་ཤིང་རིག་གསར་རླུང་འཚུབ་དལ་གྱིས་འཇགས།།
རེ་བའི་ཉི་གཞོན་ཡང་བསྐྱར་ཤར་ཞིང་བཅོས་སྒྱུར་སྒོ་མོ་ཡངས་པོར་ཕྱེ།།
འགན་གཙང་སྲིད་ཇུས་ལག་ལེན་བྱས་པས་ཁ་རྒྱབ་གནད་དོན་བགས་ཀྱིས་སེལ།།
སྟོབས་དང་ལྡན་པའི་རྒྱལ་ཁབ་ཚོས་ཀྱང་མཛའ་བརྩེའི་ཕྱག་ཟུང་བར་མེད་བསྲིངས།།
མ་རྩ་ཅན་གྱིས་དབང་རིས་བཅད་པའི་ཞང་ཀང་ཨའོ་མིན་ཡུལ་གཉིས་ཀྱང་།།
ཀྲུང་གོ་གསར་པའི་སྟོབས་དང་བསྡོངས་ནས་མེས་རྒྱལ་ཨ་མའི་པང་དུ་ལོག།
ཚོང་ར་སྒྱུར་བཅོས་ལག་ཏུ་བསྟར་ནས་དཔལ་འབྱོར་འཁོར་སྐྱོད་བྱས་པ་ནས།།
འཛམ་གླིང་ཁྲོམ་རའི་གྲས་སུ་ཞུགས་ཤིང་ཧྲང་ཧའེ་ཚོང་ཚོགས་བདེ་བར་ཚོགས།།
ཉམས་ཞན་དབུལ་ཕོངས་རྡུང་རྡེག་ཐེབས་པའི་མི་ལོ་བརྒྱ་ཡི་ཐ་མ་རུ།།
ཤར་མཐའི་སེང་གེ་གཉིད་ལས་སད་ཅིང་འགྲེང་དུད་དངངས་པའི་གད་རྒྱངས་སྒྲོག།
སྲིད་འབྱོར་རིག་པའི་འཇོན་ཐང་རྒྱས་པའི་ལོ་ངོ་བརྒྱ་ཕྲག་གཅིག་གི་རིང་།།
གཡུ་འབྲུག་སྔོན་མོ་དགུང་ལ་སྐྱོད་ཅིང་ཡི་གར་འོང་བའི་འཁྱུག་རྩལ་ངོམས།།
མི་ལོ་བརྒྱ་ཡི་དུས་ཡུན་ཙམ་ལ་སྲིད་གསུམ་དབང་དུ་སྒྱུར་འདྲ་བའི།།
རྒྱལ་སྟོབས་དམངས་ཕྱུག་ཡར་རྒྱས་བྱུང་བ་བསམ་ཞིང་དྲན་ན་ཨ་ཙ་མ།།
ལོ་ངོ་བརྒྱ་ཡི་འཁོར་མོ་ཙམ་ལ་གནམ་ས་མགོ་རྟིང་སློག་པ་ཡིས།།
འབྱོར་འབྲིང་སྤྱི་ཚོགས་མངོན་གྱུར་བྱུང་བ་བསམ་ཞིང་དྲན་ན་ཨེ་མ་ཧོ།།
གུང་ཁྲན་ཏང་གི་འགོ་ཁྲིད་ཡང་དག་ཕུགས་ཡུན་རིང་བའི་ཇུས་ཆེན་གྱིས།།
བརྒྱ་ལོ་གཅིག་གི་དུས་ཡུན་ཙམ་ལ་དེང་རབས་སྤྱི་ཚོགས་སྐྲུན་གྱུར་བས།།
གུང་ཁྲན་ཏང་གི་འཕྲིན་ལས་འདི་ལ་བསྔགས་པའི་མགྲིན་པ་མི་བསྟོད་སུ།།
གུང་ཁྲན་ཏང་གི་མཛད་བཟང་འདི་ལ་བསྟོད་པའི་མཐེ་བོང་མི་སྒྲེང་སུ།།