བླ་མ་རབ་བརྟན་རྒྱ་མཚོའི་མཛད་འཕྲིན་མདོར་བསྡུས།

ཆས་པ་རྟ་མགྲིན་ཚེ་རིང་། (གཙོས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-06


བླ་མ་རབ་བརྟན་རྒྱ་མཚོའི་མཚན་དངོས་ལ་སྐལ་བཟང་ཐུབ་བསྟན་རྒྱ་མཚོ་ཞུ། ཁོང་ནི་རབ་བརྟན་རྒྱ་མཚོའི་སྐུ་ཕྲེང་བཞི་བ་ཡིན། སྤྱི་ལོ༡༩༠༧ལོར་ཀླུ་ཆུ་རྫོང་ཤིས་ཚང་ཚོ་བ་བཅུ་གཉིས་ཀྱི་ཁོངས་གཏོགས་རྫས་ཚ་སྡེ་བར་འཁྲུངས་པ་དང་། སྤྱི་ལོ༡༩༡༡ལོར་བླ་མ་རབ་བརྟན་རྒྱ་མཚོ་སྐུ་ཕྲེང་གསུམ་པ་དཀོན་མཆོག་བསྟན་འཛིན་རྒྱ་མཚོའི་སྤྲུལ་སྐུར་ངོས་འཛིན་མཛད་ཅིང་ཐུགས་ཐག་བཅད་ནས་ཁྲིར་བཀོད། ༡༩༡༨ལོ་ནས༡༩༢༧ལོའི་བར་བླ་བྲང་དགོན་པའི་ཐོས་བསམ་གླིང་དུ་ཚོགས་ཞུགས་གནང་ནས་སློབ་གཉེར་ལ་བརྩོན་པ་ཆེན་པོ་མཛད། ༡༩༢༨ལོ་ནས༡༩༤༤ལོའི་བར་སྔ་གཞུག་ཏུ་མཛོད་དགེ་སྒར་གསར་དང་སྒར་རྙིང་། རྡོ་དཀར་དགོན། ཆུ་ཁ་མའི་དགོན། རྔ་བའི་སྒོ་མང་དགོན། ཆས་པའི་གཤིས་དགོན་བཅས་ཀྱི་ཁྲི་བར་བཞུགས། ༡༩༢༨ལོར་དབུས་གཙང་ལ་བྱོན་ནས་དགོན་ཆེན་འབྲས་སྤུངས་དང་དགའ་ལྡན། སེ་ར། བཀྲ་ཤིས་ལྷུན་པོ་སོགས་སུ་ཕེབས་ཏེ་ཆོས་སྤྱོད་ཀྱི་མཛད་པ་མང་དུ་སྤེལ། ༡༩༤༦ལོ་ནས༡༩༥༧ལོའི་བར་འབོ་རའི་དགོན་པ་དང་། བླ་བྲང་དགོན་པའི་དུས་འཁོར་གྲྭ་ཚང་དང་རྒྱུད་སྟོད་གྲྭ་ཚང་། ཀྱཻ་རྡོར་གྲྭ་ཚང་། ཀླུ་ཆུའི་ཤིས་ཚང་དགོན་པ་སོགས་ཀྱི་ཁྲི་བར་ཕེབས། ༡༩༥༧ལོར་གསར་བརྗེའི་བྱ་བར་ཞུགས་ནས་ཀན་ལྷོ་ཁུལ་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པའི་འགན་བཞེས། ༡༩༥༨ལོའི་ཟླ༡༠བར་བཀས་བཀོད་རྒྱུད་འཛིན་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནང་ནག་མེད་ཉེས་འགེལ་ཐེབས། ༡༩༥༩ལོའི་ཟླ༡པར་དཀར་འདོན་བྱས་རྗེས་ཀན་ལྷོ་ཁུལ་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་དུ་བསྐོས། ༡༩༦༢ ལོར་ཅོ་ནེ་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་བཞེས། ༡༩༦༨ལོ་ནས་༡༩༧༧ལོའི་བར་བྱ་བ་བླངས་ཤིང་ཅོ་ནེ་རྫོང་ཉིན་པ་ཞང་བརྒྱ་མཆེད་སྡེ་བར་ངལ་རྩོལ་ལ་ཞུགས། ༡༩༧༨ལོ་ནས་བཟུང་ཅོ་ནེ་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་བཞེས་ཤིང་། ༡༩༨༠ལོ་ནས་༡༩༨༤ལོའི་བར་དུ་ཅོ་ནེའི་ཏིང་འཛིན་དར་རྒྱས་གླིང་གི་ཚོགས་ཆེན་ཁྲི་བར་བཞུགས། ༡༩༨༡ལོ་ནས༡༩༩༤ལོའི་བར་དུ་ཀན་ལྷོ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ཀྱི་འགན་བཞེས། དེའི་སྐབས་སུ་ད་དུང་རྒྱལ་ཡོངས་སྲིད་གྲོས་སྐབས་ལྔ་བའི་ཨུ་ཡོན་དང་། རྒྱལ་ཡོངས་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན། ཀན་སུའུ་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པའི་འགན་བཞེས། ཁོང་གིས་ད་དུང་སྐབས་དུ་མའི་ཅོ་ནེ་རྫོང་དང་ཀན་ལྷོ་ཁུལ། ཀན་སུའུ་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་འགན་ཡང་བཞེས་མྱོང་།

བླ་མ་རབ་བརྟན་རྒྱ་མཚོ་ནི་རང་ཁུལ་གྱི་ཆོས་ལུགས་གོང་རིམ་མི་སྣ་སྙན་གྲགས་ཅན་དང་རྒྱལ་གཅེས་ཆོས་གཅེས་ཀྱི་མིག་དཔེ་བཟང་བོ་ཞིག་ཡིན་ལ། རང་རེའི་ཏང་དང་ལོ་མང་དུ་སྐྱིད་སྡུག་མཉམ་མྱོང་མཛད་པའི་གྲོགས་པོ་བློས་ཐུབ་ཞིག་ཀྱང་ཡིན། སྔར༡༩༣༥ལོར་ཀྲུང་གོའི་བཟོ་ཞིང་དམར་དམག་ནུབ་བྱང་ས་ཁུལ་དུ་རྒྱང་སྐྱོད་བྱས་ཤིང་། སླར་ཀན་ལྷོའི་རྩྭ་ཐང་བརྒྱུད་དེ་འཇར་འགོག་དམག་འཁྲུག་གི་གཡུལ་སར་དཔུང་འཇུག་བྱས། དུས་དེར་ཁོང་གིས་མཛོད་དགེ་སྒར་རྙིང་དགོན་པའི་ཚོགས་ཆེན་ཁྲི་བའི་འགན་འཁུར་བཞིན་ཡོད་པ་དང་། དམར་དམག་ལ་དཀའ་ཁག་ཆེན་པོ་མཆིས་པ་ཤེས་པས་ཉེན་ཁར་མ་འཛེམ་པར་དམར་དམག་ལ་རོགས་སྐྱོར་ཆེན་པོ་གནང་བ་སྟེ། ཡིག་ཚགས་སུ་གསལ་བ་ལྟར་ན། རྩམ་པ་དོས་གཉིས་དང་། མར་དོས་གཅིག གླ་རྩི་གཉིས། ཝ་ལྤགས་གཅིག ཁ་བཏགས་གཅིག་བཅས་གནང་ནས་བོད་རིགས་སྤུན་ཟླས་དམར་དམག་ལ་བཅངས་པའི་མཛའ་བརྩེ་ཟབ་མོ་མཚོན་པར་མཛད་ཅིང་། དམར་དམག་གིས་ཁོང་ལ་ལན་དུ་བྱིན་པའི་དར་དམར་དང་འབྱོར་ཐོ་དེ་བཅིངས་འགྲོལ་བྱེད་དུས་ཐུག་བར་གཅེས་ཉར་མཛད། ཀྲུང་གོ་གསར་བ་དབུ་བརྙེས་པ་ནས་བཟུང་། ཁོང་གིས་ལྷག་བསམ་རྣམ་དག་གིས་ཏང་དང་སྲིད་གཞུང་ལ་རོགས་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་བྱ་བ་འབོར་ཆེན་ཞིག་མཛད་ཅིང་། མི་དམངས་སྲིད་དབང་འཛུགས་པ་དང་སྲ་བརྟན་དུ་ཡོང་བ། སྤྱི་ཚོགས་བདེ་འཇགས་སྲུང་སྐྱོང་། རྒྱལ་དམངས་དཔལ་འབྱོར་སླར་གསོ། མི་རིགས་དང་ཆོས་ལུགས་སྲིད་ཇུས་དངོས་འབེབས། དགོན་སྡེ་ཁག་གི་ཆོས་སྒོ་འབྱེད་པའམ་སླར་གསོ་བྱེད་པ་བཅས་ལ་འབད་བརྩོན་ལྷོད་མེད་མཛད་པས། མི་དམངས་མང་ཚོགས་ཀྱི་གུས་བཀུར་དང་ཏང་དང་སྲིད་གཞུང་གི་གཟེངས་བསྟོད་ཐེངས་མང་ཐོབ། ༡༩༥༠ལོར་ཀྲུང་གུང་ནུབ་བྱང་ཅུས་དང་ཀན་སུའུ་ཞིང་ཆེན་ཨུ་ཡོན་ལྷན་ཁང་། ཁུལ་དང་རྫོང་གི་ཏང་སྲིད་དམག་གསུམ་གྱི་འགོ་འདྲེན་རྣམ་པས་ཁོང་ལ་འཚམས་འདྲི་ཐེངས་མང་བྱས་ཤིང་། ཁོང་ནི“ཁ་བའི་ཁྲོད་དུ་དྲོད་ཁོལ་སྐྱེལ་མཁན་ཡིན” ཞེས་བསྟོད། ཀྲུང་དབྱང་འཚམས་འདྲི་ཚོགས་པ་དང་ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གི་འགོ་འདྲེན་གྱིས་མའོ་ཀྲུའུ་ཞི་དང་ཀྲོའུ་ཙུང་ལི། དེ་མིན་བློ་མཐུན་ཀུའོ་མའོ་རའོ་བཅས་པའི་མི་རིགས་མཐུན་སྒྲིལ་སྐོར་གྱི་ཕྱག་བྲིས་དཔར་མ་དགེ་རྗེ་འདི་བར་གནང་བས་ཁོང་གིས་ཏང་དང་སྲིད་གཞུང་ལ་བཀའ་དྲིན་ཡང་ཡང་ཞུས། ༡༩༥༦ལོའི“ལྔ་གཅིག”དུས་ཆེན་སྐབས་ཁོང་གིས་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་ལྟ་སྐོར་ཚོགས་པའི་ཁོངས་མིའི་འགན་བཞེས་ཏེ་རྒྱལ་ས་པེ་ཅིན་ལ་ལྟ་སྐོར་དུ་ཕེབས། སྐབས་དེར་ཧོ་ལོན་དང་ཁྲིན་དབྱི། ལིའུ་པའོ་ཁྲིན་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་འདྲེན་རྣམ་པས་ཁོང་ལ་མཛའ་བརྩེའི་ངང་ནས་ཐུག་འཕྲད་གནང་བ་དང་། གནམ་བདེ་སྒོ་མོ་ཆེའི་གཟིགས་སྟེགས་སྟེང་ནས་ཁོང་གིས་ད་དུང་མའོ་ཀྲུའུ་ཞི་དང་ཀྲོའུ་ཙུང་ལི། སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་བཅས་ལ་མཇལ་མྱོང་།

བླ་མ་རབ་བརྟན་རྒྱ་མཚོའི་སྐུ་ཚེ་གང་བོ་ནི་ང་ཚོའི་ཏང་དང་གཅིག་སེམས་གཅིག་གཏད་དང་ཁྲེལ་གྲགས་མཉམ་ཁུར། སྐྱིད་སྡུག་མཉམ་མྱོང་གི་སྐུ་ཚེ་གཅིག་ཡིན། ཁོང་གིས་རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་གཅིག་གྱུར་རྒྱུན་འཁྱོངས་མཛད་པ་དང་། ཏང་ལ་དགའ་ཞེན་དང་མེས་རྒྱལ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་མཛད་དེ། ཀན་ལྷོའི་སྤྱི་ཚོགས་དང་ཆབ་སྲིད་གཏན་འཇགས་ཡོང་བ་དང་། མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་རིག་གནས་དར་རྒྱས་གོང་འཕེལ་གཏོང་བ་བཅས་ལ་མཛད་རྗེས་ཁྱད་འཕགས་བཞག

༡༩༥༣ལོར་མི་དམངས་བཅིངས་འགྲོལ་དམག་གིས་ཀན་ལྷོའི་སྤང་ཐང་དུ་དཔུང་སྐྱོད་བྱས་ནས་མཱ་ལིའང་ཇག་ཚོགས་འཇོམས་པའི་སྐབས་སུ། ཁོང་གིས་རང་འགུལ་གྱིས་དམག་དཔུང་གིས་བྱ་བ་སྤེལ་བར་གཞོགས་འདེགས་མཛད། ༡༩༥༦ལོར་ཁོང་གིས་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པར་ཉིན་མཚན་མེད་པར་ལས་ལ་གཞོལ་ནས། ཧུར་བརྩོན་གྱིས་ཏང་གི་སྲིད་ཇུས་དྲིལ་བསྒྲགས་བྱས་ཏེ་བོད་ཁུལ་ལྷིང་འཇགས་ཡོང་བར་སྟོབས་ཤུགས་ཕུལ། ༡༩༥༨ལོར་བཀས་བཀོད་རྒྱུད་འཛིན་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནང་ཁོང་གིས་མི་དམངས་སྲིད་གཞུང་ལ་གཞོགས་འདེགས་མཛད་ནས་ཀན་ལྷོའི་སྤྱི་ཚོགས་སྒྲིག་ལམ་ལྷིང་འཇགས་ཡོང་བར་ནུས་ལྡན་གྱི་བྱ་བ་མང་པོ་བསྒྲུབས། ༡༩༦༦ལོའི་རྗེས་ཀྱི་ལོ་བཅུའི་གོད་ཆག་ཚབས་ཆེན་ནང་ཁོང་ལ“གཡོན”ཐལ་ལམ་ཕྱོགས་ཀྱི་གནོད་འཚེ་འཁེལ་ནས་མ་ཉེས་ཁ་གཡོགས་མྱོང་སྟེ། ལུས་སེམས་ལ་ཉམས་ཉེས་ཐེབས་མོད། འོན་ཀྱང་ཁོང་ཐོག་མཐའ་བར་གསུམ་དུ་ཏང་ལ་དགའ་ཞེན་དང་སྤྱི་ཚོགས་རིང་ལུགས་ལ་བརྩི་བཀུར་བྱེད་པའི་བློ་ཁ་འགྱུར་མེད་ཅིང་། དུས་གཏན་དུ་ཏང་ལ་ཡིད་ཆེས་བཅངས། “མི་བཞི་ཤོག་ཁག”རྡུལ་དུ་བརླགས་པའི་རྗེས་དང་ལྷག་པར་དུ་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚུན་དུ་ཁོང་གི་བྱ་བ་སླར་གསོ་བྱས། ཁོང་གིས་སྐུ་ན་བགྲེས་པོའི་ངལ་བར་མི་འཛེམ་པར་སྔར་བཞིན་ག་ས་གང་དུ་ཕེབས་ནས། དམངས་རྩོད་རྩོད་གླེང་འདུམ་འགྲིག་མཛད་པ་དང་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་དྲིལ་སྒྲོག མི་རིགས་སློབ་གསོའི་ལས་དོན་ལ་རོགས་སྐྱོར་མཛད། ཁོང་གིས་རོང་འབྲོག་པའི་ཐོན་སྐྱེད་སྤེལ་བར་རོགས་རམ་བྱེད་པར་རང་ཉིད་ཀྱི་བསགས་དངུལ་ཚང་མ་བླངས་པར་མ་ཟད་རང་ཉིད་ཀྱི་གོན་ཆས་བཙོངས་ནས་མ་དངུལ་སྒོར་སྟོང་ཕྲག་མང་བོ་རུབ་བསྡུ་མཛད། ཀན་ལྷོའི་རོང་འབྲོག་ས་ཁུལ་གྱི་སྤྱི་ཕན་སྒྲིག་བཀོད་འཛུགས་སྐྲུན་ཐད་དུ་ཁོང་གིས་གསབ་སྣོན་གྱི་ཞལ་འདེབས་མང་དུ་ཕུལ། ཆོས་ལུགས་ལས་རིགས་དང་བོད་རིགས་སྤུན་ཟླའི་ཁྲོད་དུ་ཁོང་གི་སྙན་གྲགས་ཧ་ཅང་ཆེ་བས། མི་རིགས་སློབ་གསོའི་ལས་དོན་གོང་དུ་འཕེལ་བར་ཁོང་སྐུ་ངོ་མ་མང་ཚོགས་ཁྲོད་དུ་བྱོན་ནས་སློབ་ལོ་རན་པའི་བྱིས་པ་སློབ་གྲྭར་ཞུགས་པར་སྐུལ་སློང་མཛད་ཅིང་། ད་དུང་ཉིན་པ་སློབ་གྲྭའི་མཚན་འཛིན་ཞའོ་ཀྲང་གི་ལས་འགན་གཅིག་ལྕོགས་བཞེས་པ་དང་། སྔ་གཞུག་ཏུ་ཞང་སྡེའི་སློབ་ཆུང་བཅུ་ལྷག་ལ་མ་དངུལ་སྒོར་ཁྲི་སྟོང་མང་བོའི་ཞལ་འདེབས་ཕུལ། ཁོང་གིས་ཤུགས་ཆེན་གྱིས་བྱིས་པར་འཆར་གཞི་ལྟར་འགོ་ནད་འགོག་པའི་བྱ་བ་སྐུལ་འདེད་མཛད་པས། ཀན་སུའུ་ཞིང་ཆེན་སྲིད་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་གཟེངས་བསྟོད་ཐོབ། ཁོང་གིས་མང་ཚོགས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་བར་དགོན་པར“དགོན་པས་དགོན་པ་སྐྱོང་བའི”ཐོན་སྐྱེད་བདག་གཉེར་བྱ་འགུལ་སྤེལ་བར་ཤུགས་ཆེན་གྱི་བསྐུལ་བས་མི་ཚད། ད་དུང་དགོན་པ་བཅུ་གསུམ་ལྷག་ལ་སྒོར་མོའི་ཞལ་འདེབས་གང་མང་ཕུལ། ཁོང་གིས་རྒྱལ་གཅེས་ཆོས་གཅེས་རྒྱུན་འཁྱོངས་མཛད་པ་དང་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་འཆམ་མཐུན་འབྱུང་བ་རྒྱུན་འཁྱོངས་མཛད་དེ། སྲིད་ཞུགས་སྲིད་གླེང་དང་འཐབ་ཕྱོགས་གཅིག་གྱུར་གྱི་བྱ་བ་མང་དུ་སྤེལ། དགོན་པའི་ཁྲིམས་ཁྱབ་སློབ་གསོ་སྤེལ་བར་སྣེ་ཁྲིད་མཛད་པས། རྒྱ་ཆེ་བའི་གྲྭ་བཙུན་གྱི་བསམ་བློའི་གོ་རྟོགས་མཐོར་འདེགས་བྱུང་། ཞང་གྲོང་དུ་ཁེ་ལས་བསྒྲུབ་པར་རྒྱབ་སྐྱོར་མཛད་པ་དང་ཞང་སྡེའི་སྨན་བཅོས་ལས་དོན་གོང་དུ་འཕེལ་བར་ཞལ་འདེབས་གང་མང་ཕུལ། ཁོང་གིས་ཧུར་བརྩོན་གྱིས་ཞིང་ཆེན་ཕྱི་ནང་གི་རྩྭ་ས་རྩོད་གླེང་ཆེན་པོ་བཅུ་ལྷག་དང་དམངས་དོན་རྩོང་གླེང་གང་མང་འདུམ་འགྲིལ་གནང་སྟེ་འགལ་བ་མེད་པར་བཟོས་པ་དང་མཐུན་སྒྲིལ་ལ་ཤུགས་བསྣན། བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དར་སྤེལ་གཏོང་བར། ཅོ་ནེ་རྫོང་གི་བརྒྱ་མཆེད་སྡེ་བ་དང་། ཀླུ་ཆུ་རྫོང་གི་རྫས་ཚ་སྡེ་བ། གཙོས་གྲོང་ཁྱེར་གྱི་ཀླུ་ཤོད་སྐྱིད་ནང་སྡེ་བ་བཅས་སུ་བོད་ཀྱི་རྣམ་ཐར་ཚོགས་པ་བཙུགས་ནས་དགེ་སྒྲུབ་སྡིག་སྤོང་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་སྒྲིག་ལམ་ལྷིང་འཇགས་ཡོང་བར་ནུས་པ་གལ་ཆེན་བཏོན།

བླ་མ་རབ་བརྟན་རྒྱ་མཚོ་མཆོག་སྤྱི་ལོ༡༩༩༤ལོའི་ཟླ༡༢པའི་ཚེས༢༤ལ་སྐུ་གཤེགས། དགུང་ལོ་གྱ་བདུན་ཡིན། ཁོང་ནི་སེམས་རྒྱུད་གཙང་ཞིང་ཁེངས་སྐྱུང་བག་ཡོད་ཡིན་པ་དང་། ཐུགས་རྒྱ་ཆེ་ཞིང་བྱང་སེམས་ལྡན་ལ། རྟག་ཏུ་གཞན་ཕན་དགེ་བའི་ལས་ལ་གཞོལ་བའི་དམ་པ་གང་གི་སྐུ་ཚེ་གང་བོར་འཚོ་བ་སྟབས་བདེ་བབ་ཆགས་དང་རྒྱུན་དུ་གཞན་ཕན་ལ་དགའ་བས། ཁོང་ནི་ཕུལ་དུ་བྱུང་བའི་འགོ་ཁྲིད་ལས་བྱེད་པ་དང་རྒྱ་ཆེ་བའི་ཆོས་དད་མང་ཚོགས་ཀྱི་གུས་བཀུར་ཆེན་པོ་ཐོབ་པའི་བླ་ཆེན་ཞིག་ཡིན་པ་མ་ཟད་ཏང་གི་བློས་ཐུབ་གྲོགས་པོ་ཆེས་བླ་ན་མེད་པ་ཞིག་ཀྱང་ཡིན་ནོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1