ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་ངོ་སྤྲོད་མདོར་བསྡུས།
( ཆས་པ་རྡོ་རྗེ་དོན་གྲུབ་ཀྱིས་མཁོ་སྤྲོད་གནང ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-06
བོད་ཡིག་སྡེ་ཁག་ནི་ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་ཆེས་ཐོག་མར་ཚུགས་སྐབས་སུ་བཙུགས་པའི་སྡེ་ཁག་ཅིག་ཡིན་ལ། དེ་ཡིས་ཀན་སུའུ་ཞིང་ཆེན་གཙོ་བྱས་ཏེ་མཚོ་སྔོན་དང་། སི་ཁྲོན། བོད་ལྗོངས། ཡུན་ནན་སོགས་བོད་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་རྒྱ་བོད་སྐད་གཉིས་དགེ་རྒན་དང་ཤེས་ལྡན་མི་སྣ་གང་མང་གསོ་སྐྱོང་གི་འོས་འགན་ཕྲག་ཏུ་ཁུར་ཡོད། ༡༩༨༥ལོ་ནས་ད་ལྟ་བར་དུ་མཐར་ཕྱིན་རབས༣༥སྟེ་སློབ་མ༣༥༠༠ལྷག་སློབ་མཐར་ཕྱིན་ཡོད་ལ། དེ་དག་ལྗོངས་ཞིང་ལྔའི་ས་ཁུལ་ཡོངས་སུ་ཁྱབ་ཡོད། ༢༠༠༩ལོར་བོད་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱི་དངོས་གཞིའི་སློབ་མ་རབས་དང་བོ་བསྡུས་པ་ནས་བཟུང་སློབ་སྒྲུབ་ཀྱི་ཚད་གཞི་དང་། སློབ་ཁྲིད་ཀྱི་སྤུས་ཚད། སྤྱི་ཚོགས་ཀྱི་ཞབས་ཞུའི་ནུས་པ་སོགས་སྔར་ལས་འཐུས་ཚང་དུ་སོང་བས་ལྗོངས་ཞིང་ལྔའི་བོད་ཁུལ་གྱི་རིག་གནས་སློབ་གསོའི་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་ལ་སྔར་མེད་ཀྱི་བྱས་རྗེས་བཞག
དང་བོ། དགེ་རྒན་གྱི་དཔུང་སྡེ།
བོད་ཡིག་སྡེ་ཁག་གི་དགེ་རྒན་གྱི་དཔུང་སྡེ་རྔམས་མཐུག་ཅིང་སྒྲིག་གཞི་ལེགས་ཏེ། ད་ལྟ་དགེ་བཟོ་བ༤༢དང་ཆེད་ལས་དགེ་རྒན༣༨ཡོད་ལ། དེ་དག་གི་ཁྲོད་དུ་དགེ་རྒན་ཆེན་མོ༤དང་དགེ་རྒན་ཆེ་གཞོན༡༦ཡོད་པ་ཡིས་དགེ་རྒན་ཡོངས་ཀྱི༥༣%ཟིན་ཡོད་པ་དང་། འབུམ་རམས་པའི་བསླབ་གནས་ཅན་གྱི་དགེ་རྒན༡༦དང་ཤེས་རམས་པའི་བསླབ་གནས་ཅན་གྱི་དགེ་རྒན༡༦ཡོད་ལ། བསླབ་གནས་ཤེས་རམས་པ་ཡན་ཆད་ཀྱིས་དགེ་རྒན་ཡོངས་ཀྱི༨༤%ཟིན་ཡོད། རང་རེའི་སྡེ་ཁག་གི་དགེ་རྒན་ཆེན་མོ་བསེ་བློ་བཟང་དཔལ་ལྡན་མཆོག་ལ༢༠༠༣ལོར“ཀན་སུའུ་ཞིང་ཆེན་གྱི་དགེ་རྒན་སྙན་གྲགས་ཅན་གྱི་བྱ་དགའ”དང་། དགེ་རྒན་ཆེན་མོ་ཀླུ་འབུམ་རྒྱལ་ལགས་ལ༢༠༡༨ལོར“ཀན་སུའུ་ཞིང་ཆེན་གྱི་དགེ་རྒན་སྙན་གྲགས་ཅན་གྱི་བྱ་དགའ”ཐོབ་ཅིང་། གཞན་དགེ་རྒན་གསུམ་ལ་ཀན་སུའུ་ཞིང་ཆེན་གྱི“སློབ་རའི་དགེ་རྒན་ཕུལ་བྱུང་གི་བྱ་དགའ”དང་། ཞིང་ཆེན་གྱི“ལྔ་གཅིག་ངལ་རྩོལ་བྱ་དགའ”བཅས་ཐོབ་མྱོང་། ཡང་དགེ་རྒན་བཞི་ལ་ཀྲུང་གོའི་བོད་རིག་པའི“ཇོ་མོ་གླང་མའི་བྱ་དགའ”དང་། ཞིང་ཆེན་གྱི“དར་རྒྱས་བྱ་དགའ”ཐོབ་པ་དང་། དགེ་རྒན་ལྔ་ལ་ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གྲྭའི་སྤྱི་ཚོགས་ཚན་རིག་གྲུབ་འབྲས་ཀྱི་བྱ་དགའ་དང་། དགེ་རྒན་དགུ་ལ་ཞིང་ཆེན་སློབ་གསོ་ཐིན་གྱི“ཕུལ་བྱུང་སློབ་ཁྲིད་གྲུབ་འབྲས་ཀྱི་བྱ་དགའ”དང་། དགེ་རྒན་གསུམ་ལ་ཀན་སུའུ་ཞིང་ཆེན་ན་གཞོན་དགེ་རྒན་ཤེས་ལྡན་པའི་བྱ་དགའ་ཐོབ་མྱོང་། ད་ལྟ་བོད་ཡིག་སྡེ་ཁག་ཏུ་སློབ་མ༨༩༡ཡོད།
གཉིས་པ། ཆེད་ལས་འཛུགས་སྐྲུན།
ཆེད་ལས་འཛུགས་སྐྲུན་དང་བསླབ་གཞི་འཛུགས་སྐྲུན་གྱི་རྨང་གཞི་བཟང་ཞིང་ཐུན་མིན་གྱི་ཁྱད་ཆོས་འབུར་དུ་ཐོན་ཡོད་དེ། མིག་སྔར་བོད་ཡིག་སྡེ་ཁག་ཏུ་ཀྲུང་གོའི་མི་རིགས་གྲངས་ཉུང་གི་སྐད་ཡིག་རྩོམ་རིག(བོད་སྐད)དང་། བེད་སྤྱོད་སྐད་བརྡ་རིག་པ(རྒྱ་བོད་ལོ་ཙཱ)བེད་སྤྱོད་སྐད་བརྡ་རིག་པ(དབྱིན་བོད་ལོ་ཙཱ)ཟློས་གར་གློག་བརྙན་རྩོམ་རིག(བོད་སྐད)བཅས་ཆེད་ལས་བཞི་འཛུགས་སྐྲུན་བྱས་ཡོད། དེ་དག་ལས་ཀྲུང་གོའི་མི་རིགས་གྲངས་ཉུང་གི་སྐད་ཡིག་རྩོམ་རིག(བོད་སྐད)ནི་ཆེད་ལས་གཙོ་བོ་ཡིན་ལ། ཆེད་ལས་འདི༢༠༡༩ལོའི་ཟླ༨པར་ཞིང་ཆེན་སློབ་གསོ་ཐིན་གྱིས་ཞིང་ཆེན་རིམ་པའི་ཁྱད་ཆོས་ཅན་གྱི་ཆེད་ལས་སུ་གཏན་ཁེལ་གནང་། ༢༠༡༠ལོའི་ཟླ༡༠པར་རྒྱལ་ཁབ་སློབ་གསོ་པུའུ་ཡིས་རྒྱལ་ཁབ་རིམ་པའི་ཁྱད་ཆོས་ཅན་གྱི་ཆེད་ལས་སུ་གཏན་ཁེལ་གནང་། ༢༠༡༩ལོར་རྒྱལ་ཁབ་སློབ་གསོ་པུའུ་གཞུང་ལས་ཐིན་གྱིས་ཞིང་ཆེན་རིམ་པའི་དངོས་གཞིའི་ཆེད་ལས་རྩེ་གྲ་རུ་འཛུགས་སྐྲུན་བྱ་རྒྱུ་གཏན་ཁེལ་གནང་།
གསུམ་པ། བསླབ་ཚན་འཛུགས་སྐྲུན།
སྡེ་ཁག་བཙུགས་པའི་ལོ་ངོ་སུམ་ཅུ་ལྷག་གི་རིང་ལ་མཁས་དབང་བསེ་བློ་བཟང་དཔལ་ལྡན་མཆོག་གི་སྣེ་ཁྲིད་འོག་སློབ་ཁྲིད་ཀྱི་སྤུས་ཚད་གཙོར་འཛིན་པ་དང་སློབ་ཁྲིད་ཀྱི་ཞིབ་འཇུག་ལ་འཚོལ་ཞིབ་གང་ལེགས་བྱས་པར་བརྟེན་ལོ་རེ་བཞིན་སློབ་མ་དང་སྤྱི་ཚོགས་ཀྱིས་དེ་ལ་ཁས་ལེན་དང་གདེང་འཇོག་ཐོབ་དང་འཐོབ་མུས་སུ་ཡོད་པ་དང་། བསླབ་ཚན་འཛུགས་སྐྲུན་གྱི་འབྲས་བུ་གཡུར་དུ་ཟ་བ་བླངས་ཡོད་དེ། 《བོད་ཀྱི་ལོ་རྒྱུས》དང་《བོད་ཀྱི་རྩོམ་རིག་ལོ་རྒྱུས》གཉིས་ཞིང་ཆེན་རིམ་པའི་སྤུས་ལེགས་བསླབ་ཚན་དུ་བདམས་པ་དང་། 《སྙན་ངག》དང་《བོད་ཀྱི་དུས་རབས་རིམ་བྱོན་གྱི་རྩོམ་རིག་གཅེས་བསྡུས》《བོད་ཀྱི་བརྡ་སྤྲོད》བཅས་སློབ་གྲྭ་རིམ་པའི་སྤུས་ལེགས་བསླབ་ཚན་དུ་བདམས་པ་དང་། ད་དུང་སློབ་གྲྭ་རིམ་པའི་དཔེ་སྟོན་བསླབ་ཚན་གཉིས་དང་། སློབ་གྲྭ་རིམ་པའི་ཁྱད་ཆོས་ཅན་གྱི་བསླབ་ཚན་གཅིག་བཅས་ཡོད། 《ཚངས་སྲས་གཞད་སྒྲ》དང་།《བོད་ཀྱི་བརྡ་རྙིང》《རྩོམ་རིག་གཞུང་ལུགས》སོགས་སློབ་དེབ16པར་དུ་བསྐྲུན།
བཞི་པ། སློབ་ཁྲིད་གྲུབ་འབྲས།
༡༩༩༩ལོར《བོད་ཀྱི་བརྡ་རྙིང》དང་། 《བོད་ཀྱི་དུས་རབས་རིམ་བྱོན་གྱི་རྩོམ་རིག་གཅེས་བསྡུས》《བོད་ཀྱི་ལོ་རྒྱུས་སྤྱི་བཤད》སོགས་བསླབ་ཚན༡༣གྱི་སློབ་ཁྲིད་རྩ་གནད་ལ་ཞིང་ཆེན་སློབ་གསོ་ཐིན་གྱི་སློབ་ཁྲིད་གྲུབ་འབྲས་ཀྱི་བྱ་དགའ་ཐོབ་པ་དང་། ༢༠༡༡ལོར་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ལས་སྐད་བརྡའི་རིགས་ཀྱི་སློབ་ཁྲིད་དཔུང་སྡེ་ལ་ཞིང་ཆེན་རིམ་པའི་སློབ་ཁྲིད་དཔུང་སྡེའི་མཚན་སྙན་ཐོབ་པ་དང་། ༢༠༡༥ལོར་བོད་ཀྱི་ཡུལ་སྐད་གཤིབ་བསྡུར་སློབ་ཁྲིད་མ་ལག་ལ་ཞིང་ཆེན་རིམ་པའི་སློབ་ཁྲིད་གྲུབ་འབྲས་བྱ་དགའ་ཐོབ་པ་དང་། ༢༠༡༧ལོར་སློབ་དཔོན་ཆེན་མོ་བསེ་ཚང་གི་སློབ་ཁྲིད་དགོངས་པ་དང་ཞིབ་འཇུག་གྲུབ་འབྲས་ལ་སྐབས་བཞི་པའི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཇོ་མོ་གླང་མའི་བྱ་དགའ་ལས་མཚན་སྙན་བྱ་དགའ་ཐོབ་པ་དང་། ༢༠༢༠ལོར་བོད་སྐད་ཡིག་རྩོམ་རིག་གི་སློབ་ཁྲིད་དཔུང་སྡེ་ལ་ཞིང་ཆེན་རིམ་པའི་སློབ་ཁྲིད་དཔུང་སྡེའི་མཚན་སྙན་ཐོབ།
ལྔ་པ། རིག་གཞུང་ཞིབ་འཇུག
གཞན་དགེ་རྒན་རྣམ་པའི་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་ཀྱང་གཟེངས་སུ་ཐོན་ཏེ། རིག་གཞུང་ཞིབ་འཇུག་ཆེད་དེབ༣༠ལྷག་པར་དུ་བསྐྲུན་པ་དང་། བསླབ་དེབ་དང་སློབ་ཁྲིད་ཟུར་ལྟའི་དཔེ་ཆ་དེབ༢༨རྩོམ་སྒྲིག་དང་པར་སྐྲུན་བྱས་ལ། ལག་ཆའི་དཔེ་དེབ༣པར་སྐྲུན་བྱས། དེ་ལས་བསེ་བློ་བཟང་དཔལ་ལྡན་གྱིས་མཛད་པའི《ཚངས་སྲས་བཞད་པའི་སྒྲ་དབྱངས》ཞེས་པའི་བསླབ་དེབ་ལ་ཀན་སུའུ་ཞིང་ཆེན་མཐོ་རིམ་སློབ་གྲྭའི་ཕུལ་བྱུང་བསླབ་དེབ་ཀྱི་བྱ་དགའ་ཐོབ་པ་དང་། བསླབ་དེབ་འདི་ཉིད་ཀྲུང་དབྱང་མི་རིགས་སློབ་ཆེན་དང་བོད་ལྗོངས་སློབ་ཆེན། ནུབ་བྱང་མི་རིགས་སློབ་ཆེན་སོགས་མཐོ་རིམ་སློབ་ཆེན་ཁག་གི་བོད་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱི་བསླབ་དེབ་ཏུ་བདམས་ཡོད། 《སློབ་གྲྭ་ཆུང་འབྲིང་གི་སློབ་མའི་རྒྱུན་མཁོའི་མིང་མཛོད》ནི་རྒྱལ་ཡོངས་ཀྱི་ཆེས་ཐོག་མའི་སློབ་གྲྭ་ཆུང་འབྲིང་གི་བོད་ཡིག་མིང་མཛོད་ཡིན་པ་དང་། 《བོད་ཀྱི་རྩོམ་རིག་བྱུང་འཕེལ་གྱི་ལོ་རྒྱུས་དང་དེའི་ཁྱད་ཆོས》ཞེས་པའི་བསླབ་དེབ་དེ་རྒྱལ་ཁབ་རིམ་པའི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་བསླབ་དེབ་འཛུགས་སྐྲུན་འཆར་འགོད་དུ་ཚུད།
བོད་ཡིག་སྡེ་ཁག་གི་དགེ་རྒན་རྣམ་པས་ད་སྔའི་བར་དུ་རྒྱལ་ཁབ་རིམ་པ་དང་། ཞིང་ཆེན་རིམ་པའི་དུས་དེབ་སྟེང་དུ་རིག་གཞུང་དཔྱད་རྩོམ༤༠༠ལྷག་སྤེལ་ཡོད་ལ། དེ་ལས་དཔྱད་རྩོམ་གསུམ་ལ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཇོ་མོ་གླང་མའི་བྱ་དགའ་ཐོབ་པ་དང་། རྒྱལ་ཁབ་ཚན་རིག་ཞིབ་འཇུག་གི་ལས་གཞི་ཉི་ཤུར་ཉེ་བ་དང་། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ལས་གཞི་གཙོ་བོ་གཅིག ཞིང་ཆེན་ཚན་རིག་ཞིབ་འཇུག་གི་ལས་གཞི་བཅུ་ལྷག སློབ་གསོ་ཐིན་གྱི་ལས་གཞི་བཅུ་ལྷག་བཅས་ཀྱི་གཙོ་འགན་ཁུར་ཡོད། ཡང་དགེ་རྒན་སྐོར་ཞིག་རྒྱལ་སྤྱིའི་བོད་རིག་པའི་བགྲོ་གླེང་ཚོགས་འདུ་སྐབས་བཅུ་པ་དང་སྐབས་བཅུ་གཅིག་པ། རྒྱལ་སྤྱིའི་གེ་སར་བགྲོ་གླེང་ཚོགས་འདུ་སྐབས་དྲུག་པ་སོགས་རྒྱལ་ཁབ་ཕྱི་ནང་གི་ཚོགས་འདུ་རབས་དང་རིམ་པ་མང་བོར་ཟབ་ཞུགས་བྱས་མྱོང་།
དྲུག་པ། ཆ་རྐྱེན་དང་སྒྲིག་ཆས།
བོད་ཡིག་སྡེ་ཁག་ལ་བོད་ཀྱི་སྐད་ཡིག་རྩོམ་རིག་ཞིབ་འཇུག་ཁང་དང་། རྩོམ་རིག་ཁྲིད་དཔྱོད་ཁང་། རྨང་གཞིའི་སློབ་ཁྲིད་ཁྲིད་དཔྱོད་ཁང་། སློབ་གསོའི་གཞུང་ལུགས་ཁྲིད་དཔྱོད་ཁང་། ལོ་ཙཱའི་ཁྲིད་དཔྱོད་ཁང་། ཟློས་གར་བརྙན་འཕྲིན་རྩོམ་རིག་ཁྲིད་དཔྱོད་ཁང་བཅས་སློབ་ཁྲིད་ཀྱི་རྩ་འཛུགས་མི་འདྲ་བ་དྲུག་ཡོད་ལ། བོད་ཀྱི་སྐད་གདངས་ཉན་ཞིབ་ཁང་དང་། རྒྱང་སྒྲོག་སྒྲ་སྡུད་ཁང་། དུས་གཅིག་སྐད་སྒྱུར་ཁང་། གློག་བརྙན་མྱོང་རོལ་ཁང་། གློག་བརྙན་འཕྲིན་སྒྱུར་སྐྲུན་ཁང་བཅས་ཆེད་ལས་སློབ་ཁྲིད་ཀྱི་ཚོད་ལྟའམ་ཉམས་ཞིབ་ཁང་ལྔ་འཛུགས་སྐྲུན་བྱས་ཡོད།
བདུན་པ། སློབ་སྒྲུབ་མཉམ་འབྲེལ།
༢༠༡༨ལོར་རང་རེའི་སློབ་གྲྭ་དང་ནུབ་བྱང་མི་རིགས་སློབ་ཆེན་གཉིས་ཀྱིས་བོད་ཀྱི་སྐད་ཡིག་རྩོམ་རིག་གི་ཤེས་རམས་ཞིབ་འཇུག་སློབ་མ་མཉམ་སྐྱོང་བྱེད་པའི་གན་རྒྱ་བཞག་ཅིང་། ལོ་དེའི་ཟླ་དགུ་པ་ནས་བཟུང་སྟེ་མཉམ་སྐྱོང་ལས་ཀའི་འགོ་བརྩམས། ཡང༢༠༡༩ལོར་རང་རེའི་སློབ་གྲྭ་དང་བོད་ལྗོངས་སློབ་ཆེན་གཉིས་ཀྱིས་བོད་ཀྱི་སྐད་ཡིག་རྩོམ་རིག་གི་ཤེས་རམས་ཞིབ་འཇུག་སློབ་མ་མཉམ་སྐྱོང་བྱེད་པའི་གན་རྒྱ་བཞག་ཅིང་། ལོ་དེའི་ཟླ་དགུ་བར་མཉམ་སྐྱོང་སློབ་མ་རབས་དང་པོ་བསྡུས།
བོད་ཡིག་སྡེ་ཁག་གིས་དགེ་རྒན་གྱི་ཆེད་ལས་མ་ཡིན་པའི་སློབ་མའི་ལག་ལེན་ནུས་པ་གསོ་སྐྱོང་ལ་དམིགས་ཏེ། ཀན་སུའུ་བརྙན་འཕྲིན་ཁང་དང་། ཀན་ལྷོའི་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀན་ལྷོའི་གསར་འགྱུར་ཁང་། ཀན་ལྷོའི་མི་རིགས་སྐད་ཡིག་སྒྱུར་སྐྲུན་ལྟེ་གནས། ཀན་ལྷོ་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་། ཀླུ་ཆུ་རྫོང་སྨྱན་སྦྱོར་ལྟེ་གནས། རྨ་ཆུ་རྫོང་སྨྱན་སྦྱོར་ལྟེ་གནས་བཅས་སུ་དངོས་སྦྱོང་རྟེན་གཞི་བཙུགས་ཡོད།
མདོར་ན། སློབ་གྲྭའི་ཏང་སྲིད་ཀྱི་ཡང་དག་པའི་དབུ་ཁྲིད་འོག་བོད་ཡིག་སྡེ་ཁག་གིས་སྤྱི་ཚོགས་རིང་ལུགས་ཀྱི་སློབ་སྒྲུབ་ཁ་ཕྱོགས་རྒྱུན་འཁྱོངས་དང་། ཏང་གི་སློབ་གསོའི་འཛིན་ཕྱོགས་དང་མི་རིགས་སློབ་གསོའི་སྲིད་ཇུས་ཕྱོགས་ཡོངས་ནས་ལག་ལེན་དོན་འཁྱོལ་བྱས་ཤིང་། ཆབ་སྲིད་ཀྱི་བློ་རྩ་བརྟན་པ་དང་། གཞི་རིམ་དུ་སྡོད་ཐུབ་པ། ལས་འགན་དོན་དུ་གནས་པ་བཅས་ཀྱི་ཁྱད་ཆོས་ལྡན་པའི་ཤེས་ལྡན་མི་སྣ་གཙོ་སྐྱོང་གི་དམིགས་ཡུལ་དམ་དུ་བཟུང་སྟེ། སྲོལ་རྒྱུན་རིག་གནས་དང་དེང་རབས་རིག་གནས་ཟུང་འབྲེལ་གྱི་སློབ་ཁྲིད་མ་ལག་གསར་འཛུགས་དང་། སློབ་ཁྲིད་ནང་དོན་དང་སློབ་ཁྲིད་བྱེད་ཐབས་ཀྱི་སྒྱུར་བཅོས་མུ་མཐུད་ཇེ་ཟབ་ཏུ་གཏོང་བ། གསར་གཏོད་ཀྱི་འདུ་ཤེས་ལྡན་ཞིང་བེད་སྤྱོད་ཀྱི་བློ་སྦྱོང་མཐོ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་བཅས་ལ་ཤུགས་བསྐྱེད་དེ་སློབ་སྒྲུབ་ཆུ་ཚད་རྒྱལ་ནང་གི་མི་རིགས་མཐོ་རིམ་སློབ་ཆེན་གཞན་རྣམས་ཀྱི་ཆུ་ཚད་དང་མཉམ་པ་བྱུང་ཡོད་དོ།།
( ཆས་པ་རྡོ་རྗེ་དོན་གྲུབ་ཀྱིས་མཁོ་སྤྲོད་གནང )