བསྒྱུར་བཅོས་གསར་སྤེལ་ཐབས་མཆོག་རིང་དུ་བསྟེན།། གོང་འཕེལ་གསར་བས་ཉམས་འགྱུར་གསར་བ་རྩོམ།། —— བསྒྱུར་བཅོས་སྒོ་འབྱེད་བྱེད་ཚུན་གྱི《ཀན་ལྷོའི་བོད་ཡིག་གསར་འགྱུར》གྱི་ལོ་རྒྱུས་ཀྱི་འཕོ་འགྱུར་སྐོར་བརྗོད་པ།
བཀྲ་ཤིས་ཚེ་རིང་། (གཙོས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-06
《ཀན་ལྷོའི་བོད་ཡིག་གསར་འགྱུར》ནི་ཀན་ལྷོ་ཁུལ་ཨུའི་ལས་ཁུངས་ཀྱི་ཚགས་པར་ཞིག་ཡིན་ཞིང་། ༡༩༥༢ལོའི་ཟླ༤བར་གསར་དུ་བཏོན་ནས་ད་བར་ལོ་ངོ༦༩སོང་ཡོད། དེ་ནི་ཞིང་ཆེན་ཡོངས་ཀྱི་མི་རིགས་སྐད་ཡིག་ཚགས་པར་གཅིག་པུ་ཡིན་པར་མ་ཟད། རྒྱལ་ཡོངས་བོད་ཁུལ་གྱི་ས་གནས་རང་བཞིན་གྱི་ཏང་གི་ཚགས་པར་སྔ་ཤོས་ཀྱང་ཡིན། ལོ་ངོ་དྲུག་ཅུ་ལྷག་གི་འཕེལ་རྒྱས་བརྒྱུད་རིམ་ཁྲོད།《ཀན་ལྷོ་བོད་ཡིག་གསར་འགྱུར》གྱིས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་རྒྱུན་འཁྱོངས་བྱས་ཤིང་། ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་བྱ་བ་གཙོ་བོ་དང་དམ་དུ་སྦྲེལ་ཏེ། ཏང་གི་དུས་སྐབས་སོ་སོའི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས། ཁྲིམས་ལུགས་སོགས་རབ་དང་རིམ་པ་དྲིལ་བསྒྲགས་བྱས་པ་དང་། ས་གནས་སྲིད་གཞུང་གི་དུས་སྐབས་སོ་སོའི་བྱ་བའི་ལྟེ་བ་གཙིགས་སུ་བཟུང་སྟེ་ཁུལ་ཡོངས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སློབ་གསོ། འཕྲོད་བསྟེན། ཚན་རྩལ་སོགས་ལས་རིགས་སོ་སོའི་གནས་ཚུལ་དུས་ཐོག་ཏུ་དྲིལ་བསྒྲགས་བྱས་ཏེ། གླེང་ཕྱོགས་ཀྱི་ཁ་ཕྱོགས་བརྟན་པོས་ཏང་གི་མགྲིན་ཚབ་ནུས་པ་དང་མང་ཚོགས་དང་ཏང་གི་འབྲེལ་བ་སྦྲེལ་བྱེད་ཀྱི་ཟམ་པ་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། བོད་ཀྱི་སྐད་དང་ཡི་གེ་བེད་སྤྱོད་རྒྱ་ཆེན་བཏང་ཏེ་ཏང་གི་དགོངས་དོན་བོད་རིགས་རོང་འབྲོག་པ་མང་ཚོགས་ཀྱི་ཁྲོད་དུ་བསྐྱལ་ནས་ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་ཐུན་མོང་ཐོག་མི་རིགས་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་། ཐུན་མོང་ཐོག་མི་རིགས་མཐུན་སྒྲིལ་འཕེལ་རྒྱས་འགྲོ་བ་བཅས་ཀྱི་ཐད་སྐུལ་འདེད་དང་སྣེ་ཁྲིད་ཀྱི་ནུས་པ་ཆེན་པོ་བཏོན་ཏེ་ཀན་ལྷོའི་དཔལ་འབྱོར་འཛུགས་སྐྲུན་དང་། བཅོས་སྒྱུར་སྒོ་འབྱེད། བྱ་གཞག་སྣ་ཚོགས་རྒྱུན་ཆད་མེད་པར་འཕེལ་རྒྱས་ཡོང་བར་ནུས་པ་གལ་ཆེན་བཏོན་ཅིང་། མཐུན་སྒྲིལ་དང་འབྱོར་ཕྱུག ཤེས་རིག་ལྡན་པའི་ཀན་ལྷོ་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་ལ་བྱས་རྗེས་ཆེན་པོ་བཞག་གོ།
《ཀན་ལྷོའི་བོད་ཡིག་གསར་འགྱུར》གྱི་གནས་ཚུལ་མདོར་བསྡུས།
ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཉི་གཞོན་ལས་རྣམ་དག་སྲིད་ཇུས་ཀྱི་སྣང་བ་ཡུལ་ཕྱོགས་ཀུན་ལ་རིས་སུ་མ་ཆད་པར་འཕྲོས་པ་དང་ཆབས་ཅིག ཀྲུང་གོའི་གང་ས་གང་དུ་དྲོད་སྐྱིད་ཀྱི་དཔལ་ཡོན་རྒྱས་ཤིང་། “གཡོན”གྱི་བསམ་བློའི་ནོར་འཁྲུལ་ཡོ་བསྲང་དང་། “རིག་གསར”གྱི་རྨ་ཁ་སླར་གསོ། ལྷག་པར་དུ་ཏང་གི་མི་རིགས་སྲིད་ཇུས་དངོས་འབེབས་བྱུང་བར་བརྟེན། 《ཀན་ལྷོའི་བོད་ཡིག་གསར་འགྱུར》ལ་སྔར་བྱུང་མ་མྱོང་བའི་འགྱུར་ལྡོག་དང་འཕེལ་རྒྱས་བྱུང་།
༡༩༧༩ལོ་ནས་བཟུང་བོད་ཡིག་དང་རྒྱ་ཡིག་གི་གསར་འགྱུར་གཉིས་སླར་ཡང་འགྲེམ་སྤེལ་བྱས་པ་དང་། རྒྱ་ཆེའི་ཀློག་པ་བོའི་རེ་འདུན་ལྟར་དྲིལ་བསྒྲགས་ཀྱི་ནང་དོན་ལ་ཐོག་མར་བསྒྱུར་བཅོས་དང་ལེགས་སྒྲིག་བྱས་ཏེ་ཆེད་སྒྲིག་ལེ་ཚན་སྐོར་ཞིག་གསར་དུ་བཏོན།
༡༩༨༠ལོའི་ཟླ༢པར་ཀྲུང་དབྱང་དྲིལ་བསྒྲགས་པུའུ་གསར་འཕྲིན་ཅུས་ཀྱིས་གྲངས་ཉུང་མི་རིགས་ཀྱི་ཡི་གེས་བསྒྲུབས་པའི་གསར་འགྱུར་གྲོས་མོལ་ཚོགས་འདུ་དེ་པེ་ཅིང་དུ་བསྡུས་ཤིང་། གྲོས་ཚོགས་ཀྱིས“ས་གནས་ཁག་གི་མི་རིགས་ཀྱི་ཡི་གེས་བསྒྲུབས་པའི་གསར་འགྱུར་དང་དེ་གའི་རྒྱ་ཡིག་གིས་བསྒྲུབས་པའི་གསར་འགྱུར་གཉིས་ཀྱི་རིམ་པ་འདྲ་ཞིང་། དེ་དག་ནི་ངེས་པར་དུ་ས་གནས་དེའི་ཏང་ཨུའི་གསར་འགྱུར་ཡིན་དགོས། གསར་འགྱུར་ཁང་གཅིག་གི་ནང་དུ་དེ་གཉིས་རིགས་གཉིས་སམ་ཡིག་རིགས་གཉིས་ཡིན་པ་ལས་རྒྱ་ཡིག་གི་ཁོངས་སུ་གཏོགས་པ་ཞིག་མིན”ཞེས་ཆོད་ཚིག་གནད་ལ་འཁེལ་བ་བཞག་པ་དེས། གྲངས་ཉུང་མི་རིགས་ཀྱི་ཡི་གེ་དང་གསར་འགྱུར་ལ་མཐོང་ཆེན་ཚད་མེད་གནང་བ་མཚོན་ཞིང་། དེ་ནི་དཔྱིད་དཔལ་བསུ་བའི་དབྱར་རྔ་ཇི་བཞིན་བོད་ཡིག་གི《ཀན་ལྷོའི་བོད་ཡིག་གསར་འགྱུར》ལ་སྐྱེས་སྟོབས་ཀྱི་སྲོག་དབང་གསོན་པོ་ཞིག་དང་། འཕེལ་རྒྱས་ཀྱི་མདུན་ལམ་གསར་བ་ཞིག་བསྟན་བྱུང་།
༡༩༨༠ལོའི་ཟླ༨པར་ཁུལ་ཨུས་ཆོག་མཆན་བཀོད་པ་ལྟར། སྔར་གྱི་ཉམ་ཐག་པའི་མི་དྲུག་བདུན་ཙམ་ལས་གྲུབ་པའི་བོད་ཡིག་གསར་འགྱུར་སྒྲུབ་པའི་ལོ་ཙཱ་ཚན་ཆུང་དེ་རྒྱ་བསྐྱེད་དུ་བཏང་སྟེ། མི་སྣ་ཉི་ཤུ་ལྷག་གིས་གྲུབ་པའི་ཀན་ལྷོའི་གསར་འགྱུར་བོད་ཡིག་རྩོམ་སྒྲིག་ཁང་བཙུགས་ཏེ་བོད་ཡིག་གི་ངོས་ཐད་ནས་གསར་འགྱུར་འཚོལ་འབྲི་དང་རྩོམ་སྒྲིག་བྱེད་པའི་འགོ་བརྩམས་ཤིང་། བོད་ཡིག་གསར་འགྱུར་དེ་རྒྱ་ཡིག་གསར་འགྱུར་དང་ཡིག་རིགས་མི་འདྲ་བའི་གསར་འགྱུར་ཙམ་དུ་ཟད་པའི་མཇུག་སྒྲིལ་ཏེ། བོད་ཡིག་གསར་འགྱུར་ལ་ལོ་རྒྱུས་རང་བཞིན་ལྡན་པའི་ཟིན་ཐོ་གསར་བ་འགོད་པའི་འགོ་དངོས་སུ་བཙུགས།
དེ་ལྟར་བོད་ཡིག་གི《ཀན་ལྷོའི་བོད་ཡིག་གསར་འགྱུར》ལ་རྒྱལ་ཁའི་འབྲས་བུ་བརྩོན་ལེན་བྱེད་པའི་སྐལ་བ་བཟང་བོ་ཞིག་ཐོབ་པ་དང་ལྷན་དུ། གསར་འགྱུར་གྱིས་རང་ཁུལ་གཙོ་བོར་བྱས་ཤིང་ཁ་བ་རི་བོའི་སྤུན་ཟླའི་ས་ཁུལ་ལ་ཁ་ཕྱོགས་ཏེ་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་བཅས་མི་རིགས་རང་གི་ཡི་གེ་ཡིས་དྲིལ་བསྒྲགས་བྱས་ཤིང་། རང་ཁུལ་གྱི་གསར་འཕྲིན་གྱི་གྲངས་ཚད་ཇེ་མང་དུ་གཏོང་བ་དང་། གསར་འགྱུར་ཡིག་བསྒྱུར་གྱི་ལས་ཀ་གནད་ལ་འཁེལ་ཞིང་མི་རིགས་ཀྱི་ཁྱད་ཆོས་དང་ས་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ། ཚིག་སྦྱོར་བདེ་ཞིང་གོ་སླ་བ་སོགས་ཀྱི་ཐད་ལ་མཐོང་ཆེན་བྱས་ཏེ། ཀན་ལྷོའི་འཐབ་ཕྱོགས་སོ་སོའི་འཕེལ་རྒྱས་དང་གྲུབ་འབྲས་རྒྱ་ཆེའི་ཀློག་པ་པོའི་འདྲེན་བྱེད་ཀྱི་དཔལ་དུ་ཕུལ་བ་མ་ཟད། རང་ཁུལ་གྱི་དཔལ་འབྱོར་དར་རྒྱས་དང་དཔལ་ཡོན་གཉིས་ཀྱི་མེ་ཏོག་ལྷུག་པར་བཞད་པའི་ཐད་ལའང་བྱས་རྗེས་ཀྱི་གྲུ་ཆར་སྙོམས་པར་བསྩལ་ཅིང་། གྲུབ་འབྲས་ཀྱི་མྱུ་གུ་ཕྱོགས་སུ་འཛུམ་སྟེ་གོང་རིམ་གྱི་སྲིད་ཇུས་གཞི་རིམ་དུ་སྒྲོག་པ་དང་། གཞི་རིམ་གྱི་རེ་འདུན་གོང་རིམ་ལ་ཞུ་བའི་འབྲེལ་གཏུག་གི་ཟམ་པ་མེད་དུ་མི་རུང་བ་ཞིག་ཏུ་གྱུར་ཅིང་། གསར་འགྱུར་གྱི་ནང་དོན་ཕུན་སུམ་ཚོགས་པ་དང་སྤུས་ཀ་ཇེ་ལེགས་སུ་བསྒྱུར་བར་བརྟེན། ལོ་རེ་ནས་ལོ་རེར་ཀློག་པ་བོ་ཇེ་མང་དང་གསར་འགྱུར་གྱི་དྲ་ངོས་རྩོམ་ཀློག་གི་ལྡེབ་ཚད་ཀྱང་ཇེ་མཐོར་ཕྱིན།
བོད་ཡིག་གི་རྩོམ་སྒྲིག་དང་ལོ་ཙཱ། གསར་འགོད། ཞུ་དག་བཅས་ཀྱི་བྱ་བ་རིམ་བཞིན་འཐུས་ཚང་དུ་འགྲོ་བ་དང་། ལས་ཞོར་གྱི་གསར་འཕྲིན་གཏོང་མཁན་ཡང་ཇེ་མང་དུ་སོང་ཞིང་། ལོ་རེར་ཕྱོགས་བཞིའི་གསར་འཕྲིན་སྟོང་ལས་བརྒལ་བ་ཞིག་ཁ་བའི་འདབ་མས་བྲོ་གར་འཁྲབ་པ་བཞིན་རྩོམ་སྒྲིག་ཁང་དུ་འབྱོར་ཏེ། བོད་ཡིག་གི་གསར་འགྱུར་འདི་ཉིད་མེ་ཏོག་སྣ་བརྒྱ་བཞད་པའི་ལྡུམ་ར་ཞིག་ཏུ་གྱུར།
༡༩༧༩ལོར《སྤང་རྒྱན་མེ་ཏོག》ཅེས་པའི་རིག་རྩལ་ཆེད་སྒྲིག་པར་ངོས་བཏོན་པ་ནས་བཟུང་། ད་བར་ཐེངས་ཆིག་སྟོང་སུམ་བརྒྱ་སུམ་ཅུ་ལྷག་བཏོན་པ་དང་། གཞན་ཡང་སློབ་གླིང་རྩོམ་གྱི་དགའ་ཚལ་དང་ཟླ་མཇུག་ཚགས་པར། ཚགས་པར་གྱི་དྲ་བ་མདོ་ལྷོའི་དྲ་བ་སོགས་སུ་བོད་ཀྱི་རྩོམ་རིགས་ཀྱི་ལེ་ཚན་བཀོད་སྒྲིག་བྱས་པ་དེས་རང་ཁུལ་གྱི་བོད་ཀྱི་རྩོམ་རིག་རྒྱུད་འཛིན་དང་དར་སྤེལ། གསར་རྩོམ་ཐད་དགའ་འོས་པའི་གྲུབ་འབྲས་བླངས་ཤིང་། རང་ཁུལ་གྱི་རྩོམ་པ་བོ་སྐོར་ཞིག་རྩོམ་རིག་གི་དགའ་ཚལ་དེ་དག་ནས་རྣམ་དཔྱོད་ཀྱི་གཤོག་པ་རྒྱས་ཏེ་སྒྱུ་རྩལ་གྱི་གནམ་འཕང་བཅད་པ་གཙོས་ཁུལ་ཕྱི་ནང་གི་གཞོན་ནུ་རྩོམ་པ་བོ་གང་མང་ཞིག་ཀྱང་ཆར་ཤུལ་གྱི་ཤ་མོ་ཇི་བཞིན་འཚར་ལོངས་བྱུང་དང་འབྱུང་བཞིན་མཆིས་སོ།།
ཀན་ལྷོའི་གསར་འགྱུར་ཁང་བཙུགས་ནས་ལོ་འཁོར་བཞི་བཅུ་ལོན་པར་ལེགས་སྐྱེས་སུ། བོད་ཡིག་རྩོམ་སྒྲིག་ཁང་གིས་དེ་སྔའི《སྤང་རྒྱན་མེ་ཏོག》ཏུ་བཀོད་པའི་ཁུལ་ཕྱི་ནང་གི་རྩོམ་པ་བོའི་བརྩམས་ཆོས་ཆིག་སྟོང་ལྷག་ལས་ཕུལ་བྱུང་གི་རྩོམ་ཡིག་དགུ་བཅུ་ལྷག་བདམས་ཏེ། ཀྲུང་དབྱང་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ་དང་། ༢༠༡༢ལོར་ཀན་ལྷོའི་གསར་འགྱུར་ཁང་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་ལོར་ཡང་། རྩོམ་རིག་བརྩམས་ཆོས་འདེམས་བཀོད《སྤང་རྒྱན་མེ་ཏོག》ཅེས་པ་དང་གསར་འགྱུར་བརྩམས་ཆོས་འདེམས་བཀོད《བདེན་གཏམ་རླབས་ཀྱི་ཟེགས་མ》བཅས་དེབ་གཉིས་ནང་ཁུལ་དེབ་པར་དུ་བསྐྲུན། ཀློག་པ་བོ་རྣམས་ཀྱིས་ལེགས་རྩོམ་འདེམས་བཀོད་ཀྱི་དེབ་དེ་དག་ལས་ཀན་ལྷོའི་བོད་ཡིག་ཚགས་པར་གྱི་གསར་འགྱུར་དང་རྩོམ་རིག་སྐོར་གྱི་གྲུབ་འབྲས་རགས་ཙམ་མཐོང་ཐུབ་པ་མ་ཟད། ཀན་ལྷོའི་གསར་འགྱུར་བོད་ཡིག་ཚགས་པར་གྱི་གོང་འཕེལ་ཡང་མཐོང་ཐུབ་པས། ཡང་དག་པའི་གླེང་ཕྱོགས་ཀྱིས་མི་རྣམས་ཁྲིད་སྟོན་བྱེད་པ་དང་། ཕུལ་བྱུང་བརྩམས་ཆོས་ཀྱིས་མི་རྣམས་ལ་སྐུལ་མ་གཏོང་བའི་ནུས་པ་བཏོན་པ་དང་། མི་རིགས་ཀྱི་ཕུལ་བྱུང་རིག་གནས་དར་སྤེལ་དང་མི་རིགས་རིག་གནས་ཀྱི་བང་མཛོད་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་ཤུགས་བསྣན་ནས། ཀན་ལྷོའི་མི་རིགས་རིག་གནས་དར་རྒྱས་གཏོང་བར་སྐུལ་འདེད་ཀྱི་ནུས་པ་ཡང་བཏོན་ཡོད།
《ཀན་ལྷོའི་བོད་ཡིག་གསར་འགྱུར》གསར་དུ་བཏོན་པ་ནི་སྐབས་དེའི་རྡོ་དཔར་ཚོན་མེད་ཚགས་པར་ཆུང་ཆུང་ནས་རིམ་བཞིན་དེ་རིང་གི་ཚོན་ལྡན་བོད་ཡིག་ཚགས་པར་དང་ཟླ་མཇུག་ཚགས་པར་དུ་གོང་འཕེལ་བྱུང་། པར་ངོས་བཀོད་སྒྲིག་ལ་གསར་འགྱུར་གལ་ཆེན་དང་། དཔལ་འབྱོར་པར་ངོས། སྤྱི་ཚོགས་རིག་གནས་པར་ངོས། ཕྱོགས་བསྡུས་སྐབས་དོན་པར་ངོས་བཅས་ཡོད། ལེ་ཚན་ཐད་དུ་རིག་རྩལ་ཟུར་བཀོད་ཞེས་པར་སྤང་རྒྱན་མེ་ཏོག་དང་སློབ་གླིང་རྩོམ་གྱི་དགའ་ཚལ། ད་དུང་ཞིང་ཕྱུགས་ལས་ཤེས་བྱ་དང་། བདེ་ཐང་རྒྱུན་ཤེས། འཕྲོད་བསྟེན་རྒྱུན་ཤེས། ཚན་རིག་ཁྱབ་སྤེལ་ཤེས་བྱ། ཁྲིམས་ལུགས་འཛུགས་སྐྲུན། མི་རིགས་མཐུན་སྒྲིལ། ཏང་དང་གུང་གཞོན་ཚོགས་པའི་འཚོ་བ། ལོ་རྒྱུས་དང་རིག་དངོས། མི་སྣའི་ཆེད་འདྲི། རིག་གནས་ཕྱོགས་བསྒྲིགས། དམངས་སྲོལ་གོམས་གཤིས། ཡིག་གཟུགས་པར་རིས་སོགས་ལེ་ཚན་ཉི་ཤུ་ལྷག་ཡོད། རྩོམ་སྒྲིག་པ་ཐོག་མ་དུས་ཀྱི་མི་བདུན་བརྒྱད་ཙམ་ནས་ད་ལྟའི་རྩོམ་སྒྲིག་མིའི་སྣ༢༠དང་གདན་ཞུའི་མི་སྣ༡༢བར་ཇེ་མང་དུ་སོང་ནས་བོད་ཡིག་ཚགས་པར་རྩོམ་སྒྲིག་ཚན་ཁག་དང་། བོད་ཡིག་གསར་འགྱུར་གལ་ཆེན་ཚན་ཁག བོད་ཡིག་དཔལ་འབྱོར་ཚན་ཁག བོད་ཡིག་སྤྱི་ཚོགས་ཚན་ཁག བོད་ཡིག་ཕྱོགས་བསྡུས་སྐབས་དོན་ཚན་ཁག་དང་། དེ་མིན་ད་དུང་དྲ་རྒྱའི་སྨྱན་སྦྱོར་གསར་པའི་ལྟེ་གནས་བཅས་ཀྱི་ཚན་ཁག་ཡོད། ཤེས་ལྡན་མི་སྣའི་ཐད་མཐོ་རིམ་རྩོམ་སྒྲིག་པ་དང་ལོ་ཙཱའི་གོ་མིང་ཡོད་མཁན༣དང་། མཐོ་རིམ་གཞོན་པའི་གོ་མིང་ཡོད་མཁན༨འབྲིང་རིམ་གོ་མིང་ཡོད་མཁན༥། དམའ་རིམ་གོ་མིང་ཡོད་མཁན༤དང་། གཞན་ཡང་གདན་ཞུ་བྱས་པའི་རྩོམ་སྒྲིག་པའི་ཡོན་ཚད་ཚང་མ་སློབ་ཆེན་གྱི་དོངས་གཞིའི་ཡན་ཆད་ཡིན། དུས་མཚུངས་སུ“མདོ་ལྷོའི་དྲ་བའི”བོད་ཡིག་དྲ་ཚིགས་དང་།《ཀན་ལྷོའི་ཉིན་རེའི་ཚགས་པར》གྱི་གཞུང་ཕྱོགས་སྤྱི་སྟེགས།《ཀན་ལྷོའི་བོད་ཡིག་གསར་འགྱུར》གྱི་ལོ་ངོ༦༠རིང་གི་ཚགས་པར་གློག་རྡུལ་དཔེ་ཀློག་ལས་སྟེགས། གཟའ་འཁོར་གཅིག་གི་ཀན་ལྷོའི་བོད་སྐད་གསར་འགྱུར་ཐད་གཏོང་ཁང་བཅས་བཟོས་ནས་བོད་རིགས་སློབ་གསོ་དང་བོད་ཀྱི་རྩོམ་རིག་གོང་སྤེལ། ལོ་རྒྱུས་དང་རིག་གནས་རྒྱུད་འཛིན། རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་རང་སྐྱོང་སྲོལ་ཡིག་ཁྱབ་གདལ་དུ་བཏང་བའི་ཐད་ལ་བྱས་རྗེས་ཆེན་པོ་བཞག
དེ་ལྟར་བོད་ཡིག་གི《ཀན་ལྷོའི་བོད་ཡིག་གསར་འགྱུར》གྱིས་ཀྱག་ཀྱོག་གི་བགྲོད་ལམ་བརྒྱུད་དེ་འཕེལ་རྒྱས་ཀྱི་ལམ་བུ་ཞིག་འཚོལ་སྙེག་བྱས་པས། དེ་སྔ་རྒྱ་ཡིག་གིས་བོད་ཡིག་ལ་ཁ་ལོ་སྒྱུར་བའི་ལོ་ཟླ་དེ་གཞི་ནས་མཇུག་རྫོགས་ཤིང་། བོད་ཡིག་གིས་གསར་འགོད་དང་བོད་ཡིག་གིས་རྩོམ་སྒྲིག་བྱེད་པའི་དཔུང་སྡེ་ཞིག་རིམ་གྱིས་ཆགས་ཏེ་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་ཞིག་གསར་དུ་ཕྱེས་པ་དང་། ད་བར་བོད་ཡིག་གི་གསར་འགྱུར་ཐེངས་བརྒྱད་སྟོང་སུམ་བརྒྱ་ལྷག་འགྲེམ་སྤེལ་བྱས་ཏེ་མཐོ་སྒང་གི་སྙིང་སྟོབས་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གཟུགས་བརྙན་གསོན་པོ་ཞིག་རྒྱ་ཆེའི་ཀློག་པ་བོའི་སྤྱན་སྔར་དྲངས་ཡོད་པ་རེད།
ལོ་ངོ༦༠ལྷག་གི་རིང་དང་། ལྷག་པར་དུ་བཅོས་བསྒྱུར་སྒོ་འབྱེད་བྱས་པ་ནས་བཟུང་།ཏང་དང་སྲིད་གཞུང་གིས་ཀན་ལྷོའི་བོད་རིགས་ས་ཁུལ་ལ་བྱམས་བརྩེའི་ཐུགས་ཁུར་གནང་ཞིང་། མི་རིགས་ཀྱི་སྐད་ཡིག་ལས་དོན་ལ་བརྩི་འཇོག་གང་ལེགས་ཐོབ་སྟེ།《ཀན་ལྷོའི་བོད་ཡིག་གསར་འགྱུར》གྱིས་རྒྱུན་ཆད་མེད་པར་བཅོས་སྒྱུར་དང་འབད་འབུངས་བྱས་པར་བརྒྱུད། ད་ལྟར་བོད་རིགས་ས་ཁུལ་གྱི་ཚགས་པར་ལེགས་ཤོས་ཀྱི་གྲས་སུ་ཚུད་ཡོད། ལྷག་པར་དུ་ཉེ་བའི་ལོ་ཤས་རིང་ཀན་སུའུ་ཞིང་ཆེན་ནོར་སྲིད་ཐིང་གི་རྒྱབ་སྐྱོར་ཤུགས་ཆེན་འོག ༢༠༡༦ལོར《ཀན་ལྷོའི་བོད་ཡིག་གསར་འགྱུར》སྡེ་བ་དང་ཁྱིམ་ཚང་། དགོན་པར་སོང་ནས་རིན་མི་དགོས་པར་སྤྲད་པའི་ལས་གཞི་སྒོར་ས་ཡ་གཉིས་དང་འབུམ་བཞི་བརྩོན་ལེན་བྱས་པ་ཁུལ་རིམ་པའི་སྔོན་རྩིས་ནང་དུའང་བཀོད་ཅིང་། བོད་ཡིག་ཚགས་པར་ཚར་གྲངས༧༠༠༠འགྲེམས་སྤེལ་བྱས་ཏེ། གཞི་རིམ་གྱི་སློབ་གྲྭ་དང་། དགོན་པ། ཞིང་འབྲོག་མང་ཚོགས་བཅས་ལ་རིན་མི་དགོས་པར་སྤྲད་དེ་ཏང་དང་སྲིད་གཞུང་གི་བྱེད་ཕྱོགས་དང་། སྲིད་ཇུས། མི་རིགས་ཆོས་ལུགས་སྲིད་ཇུས་བཅས་རྒྱུས་ལོན་པ་དང་། ཏང་ཀྲུང་དབྱང་གིས་རྒྱ་ཆེའི་མང་ཚོགས་སྣེ་ཁྲིད་དེ་དབུལ་ཐར་ཕྱུག་འགྱུར་གྱི་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུའི་ཆོད་སེམས་བརྟན་པོ་བཅས་ལ་རྒྱུས་ལོན་བྱུང་ཡོད།
ནུས་ཤུགས་གང་ཡོད་བཏོན་ཏེ་གོང་འཕེལ་གླེང་།། འབད་པ་ལྷུར་ལེན་བགྱིས་ནས་གྲུབ་འབྲས་སྙེག།
《ཀན་ལྷོའི་བོད་ཡིག་གསར་འགྱུར》གྱིས་དུས་རབས་ཀྱི་འཕོ་འགྱུར་དང་འཕེལ་རྒྱས་ཁྲོད་དུ་དྲིལ་བསྒྲགས་བྱ་བའི་མཉེན་ཆས་མཁྲེགས་པོའི་འཛུགས་སྐྲུན་ཆུ་ཚད་མཐོ་རུ་གཏོང་བར་ཤུགས་བསྣན་ནས་ཞིང་ཆེན་གསར་འགྱུར་པར་སྐྲུན་དང་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས། ཞིང་ཆེན་ནོར་སྲིད་ཐིང་བཅས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག སྔ་རྗེས་སུ་ཤར་རླུང་ལས་གྲྭ་དང་། མི་རིགས་ཡི་གེ་པར་སྐྲུན་ལས་གྲྭ། ཀྲུང་དབྱང་དང་ས་གནས་ཀྱི་གཏོང་དངུལ་བརྩོན་ལེན་བྱས་ནས་བོད་ཡིག་ཚགས་པར་གྱི་མཉེན་ཆས་མཁྲེགས་པོའི་ཞན་ཆའི་གནས་ཚུལ་རྦད་དེ་ཐག་གཅོད་ཐུབ་སྟེ་པར་འདེབས་སྤུས་ཚད་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཅིང་། ལོ་ངོ༦༠རིང་གི་ཚགས་པར་གློག་རྡུལ་མཛོད་དང་། པར་འདེབས་སྒྲིག་ཆས། ཤེས་ལྡན་མི་སྣ་གསོ་སྦྱོང་། ཚགས་པར་གྱི་དྲ་ཚིགས་ཀྱི་པར་གཞི་གསར་རྐྱང་དུ་བསྒྱུར་བ་མ་ཟད། དྲ་ཚིགས་ཀྱི་བོད་ཡིག་པར་གཞི་བཏོད་དེ་བོད་ཡིག་པར་གཞིའི་གྲངས་གཞིའི་ཚགས་པར་མ་ལག་ཀྱང་བཟོས་ཡོད་པ་རེད། དེ་དང་ཆབས་ཅིག་ཀན་ལྷོའི་ཉིན་རེའི་ཚགས་པར་གྱི་བོད་ཡིག་ཚགས་པར་ལྟ་ཀློག་མ་ལག་བརྒྱུད་དེ། ཀློག་པ་བོས་དུས་ཐོག་ཏུ་དྲ་རྒྱའི་ཐོག་བལྟ་ཐུབ་པ་བྱུང་ནས་དྲ་ཚིགས་ལ་ལྟ་མཁན་རྒྱུན་ཆད་མེད་པར་མང་དུ་འགྲོ་བཞིན་ཡོད། བོད་ཡིག་སྨྱན་སྦྱོར་དྲ་ཐོག་ཐད་གཏོང་ཁང་དང་སྒྲ་བརྙན་སྒྲིག་བཟོ་ཁང་བཙུགས་ནས《གསར་འགྱུར་གནད་བསྡུས》དང་།《མི་སྣའི་ཆེད་འཕྲིན》《ཨ་མའི་གནའ་གཏམ》《དངུལ་གྱི་གའུ》སོགས་སྒྲ་བརྙན་ལེ་ཚན་བཟོས་པར་གདེང་འཇོག་བཟང་བོ་ཐོབ་པ་དང་སྨྱན་སྦྱོར་ཡོངས་ནས་བརྒྱུད་སྤེལ་བྱེད་པའི་རྣམ་པ་དེ་བས་སྣ་མང་ཅན་དུ་གྱུར་ཡོད།
《ཀན་ལྷོའི་བོད་ཡིག་གསར་འགྱུར》དེ་སྨྱན་སྦྱོར་གསར་བའི་ནང་གཏིང་ཟབ་ཏུ་ཞུགས་སྐབས། མི་རིགས་ཀྱི་རིག་གནས་སྲུང་སྐྱོང་བྱ་ཆེད། མ་སྐུལ་དང་ལེན་གྱིས་འབྲུག་ཆུའི་གནའ་བོའི་བོན་ཆོས་ཀྱི་ཚད་ལྡན་ཡིག་ཆར་མྱུར་སྐྱོབ་རང་བཞིན་གྱི་སྔོག་འདོན་དང་། སྲུང་སྐྱོང་། ལེགས་སྒྲིག་བཅས་བྱས་ཏེ།《འབྲུག་ཆུ་ནས་གནའ་བོའི་བོན་ཆོས་དཔེ་རྙིང་འབོར་ཆེན་རྙེད་པ》དང《འབྲུག་ཆུའི་གནའ་བོའི་བོན་ཆོས་དཔེ་རྙིང་སྲུང་སྐྱོང་བ་དང་རྒྱུན་འཛིན་པའི་དངོས་བྲིས》སོགས་གསར་འགྱུར་རྩོམ་ཡིག་བསྟུད་མར་བྲིས་ནས་རྒྱལ་ཡོངས་ཀྱི་བོད་རིགས་ས་ཁུལ་དང་བོད་ཀྱི་རིག་གནས་ལས་རིགས་ཁྲོད་བག་ཆགས་ཟབ་མོ་བཞག་པ་རེད། དཔེ་རྙིང་དེ་དག་མྱུར་སྐྱོབ་དང་སྔོག་འདོན་བྱ་ཆེད། གོང་རིམ་སྡེ་ཚན་གྱི་རྒྱབ་སྐྱོར་འོག་བོད་ཡིག་རྩོམ་སྒྲིག་ཁང་གི་འབྲེལ་ཡོད་མི་སྣ་འབྲུག་ཆུ་བོད་རིགས་སྡེ་བ་དང་སྡེ་དམངས་ཀྱི་ཁྱིམ་དུ་སོང་ནས་བོན་ཆོས་ཀྱི་ཚད་ལྡན་ཡིག་ཆ་འབོར་ཆེན་འཚོལ་བསྡུ་དང་ལེགས་སྒྲིག་བྱས་པ་རེད།
ད་ལྟར་བོན་ཆོས་ཀྱི་ཆོ་གའི་བརྙན༩༨༧དང་པར་རིས༢༣༧༠སྒྲ་ཕབ་ཀྱི་དུམ་ཚན༢༦ལེགས་སྒྲིག་དང་པར་བརྒྱབ་ནས་གློག་རྡུལ་ཅན་གྱི་ཡིག་ཚགས་སུ་ཉར་བ་རེད།《འབྲུག་ཆུའི་དམངས་ཁྲོད་གནའ་རབས་བོན་གྱི་དཔེ་རྙིང་ཕྱོགས་བསྒྲིགས》ཞེས་པའི་དཔེ་ཚོགས་དེ་རྒྱལ་ཁབ་མི་རིགས་སྐད་ཡིག་དཔེ་སྐྲུན་ལས་གཞིའི་མཛོད་དང་དེ་མིན་མི་རིགས་ཡི་གེའི་དཔེ་སྐྲུན་མ་དངུལ་གྱི་རོགས་སྐྱོར་ལས་གཞིའི་ནང་དུ་བཅུག་པ་དང་། ད་ལྟའི་བར་དེབ་ཕྲེང་གསུམ་དང་དེབ༧༥དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དང་ལས་གཞི་འཆར་འགོད་ནང་དེབ་ཕྲེང༤དང་དེབ༡༠༠ལྷག་དཔེ་སྐྲུན་བྱ་རྩིས་ཡོད།
སྨྱན་སྦྱོར་གསར་བའི་བརྒྱུད་བསྒྲགས་ལས་ལ་འབད།། མི་རིགས་ཁྱད་ཆོས་འབུར་ཐོན་ལམ་བུར་བསྐྱོད།།
ཏང་གི་ཚོགས་ཆེན་བཅུ་དགུ་བས་བཏོན་པའི“རིག་གནས་ཀྱི་གདེང་ཚོད་ཇེ་བརྟན་དུ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས”ཞེས་པའི་འབོད་སྐུལ་དང་ལེན་བྱ་ཆེད། ༢༠༡༨ལོར་ཀན་ལྷོའི་ཉིན་རེའི་ཚགས་པར་ཁང་གི་བོད་ཡིག་རྩོམ་སྒྲིག་ཁང་གིས་སྨྱན་སྦྱོར་གསར་བར་བརྟེན་ནས“བླ་བྲང་དྲ་གླིང”བུམ་པའི་རྒྱལ་ཡོངས་ཀྱི་བོད་ཡིག་ཡིག་གཟུགས་འགྲེམས་སྟོན་ཐེངས་དང་བོ་སྒྲུབ་པ་དང་། བོད་ལྗོངས་དང་། མཚོ་སྔོན། སི་ཁྲོན། དེ་མིན་རང་ཁུལ་གྱི་ལས་རིགས་ནང་ཁུལ་གྱི་མཁས་དབང་དང་མི་སྣ་གྲགས་ཅན་གདན་དྲངས་ནས་བོད་ལྗོངས་དང་། མཚོ་སྔོན། སི་ཁྲོན། པེ་ཅིང་། ཀན་སུའུ་སོགས་ཞིང་ཆེན་དང་། གྲོང་ཁྱེར། རང་སྐྱོང་ལྗོངས་བཅས་ཀྱི་བོད་ཡིག་ཡིག་གཟུགས་མཁས་ཅན༡༧༡གི་བོད་ཡིག་ཡིག་གཟུགས་བརྩམས་ཆོས༣༠༣འབྱོར་སྟེ། གསར་འགྱུར་ཁང་གིས་སྣ་མང་རིག་གནས་ཁྱབ་སྤེལ་བྱས་པར་ཡང་མགོ་བཟང་བོ་བརྩམས་ཡོད།
རྗེས་མར་ཀན་ལྷོའི་བོད་ཡིག་གསར་འགྱུར་གྱིས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་བའི་ཐོག་ཉམས་འགྱུར་སྔར་ལས་བརྟན་པོ་དང་། ཡིད་ཆེས་དང་སྤོབས་སེམས་སྔར་ལས་ཆེ་བའི་ངང་ནས“དར་ཆ་མཐོན་པོར་སྒྲེང་བ་དང་། ཁྱོན་ཡོངས་ལ་དམིགས་པ། མི་དམངས་ལ་ཞབས་འདེགས་ཞུ་བ། སྒྱུར་བཅོས་གསར་གཏོད་བྱེད་པ”བཅས་ཀྱི་སྤྱིའི་བླང་བྱ་མུ་མཐུད་གཞིར་བཟུང་ནས།“ཁ་ཕྱོགས་དམ་འཛིན་དང་། ཆུ་ཚད་མཐོ་རུ་གཏོང་བ། བརྟན་ལྷིང་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་མ་གཏོང་བ”བཅས་ཀྱི་ཚགས་པར་འདོན་གཉེར་གྱི་བསམ་བློར་བརྩི་སྲུང་བྱས་ནས་གཙོ་རྒྱུན་གླེང་ཕྱོགས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱུ་དང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར༡༠༠ལོན་པར་རྟེན་འབྲེལ་ཞུ་བའི་གོ་སྐབས་འདི་ལ་བསྟུན་པར་རང་འགུལ་ངང་དར་ཆ་གསལ་སྒྲེང་དང་། དམངས་སེམས་གཅིག་སྡུད་བྱེད་པ། མི་གསར་བ་སྐྱེད་སྲིང་བྱེད་པ། རིག་གནས་དར་རྒྱས་གཏོང་བ། བསམ་བློ་གཅིག་གྱུར་མཐའ་འཁྱོངས་བྱེད་པ། ཡིད་ཆེས་བརྟན་དུ་གཏོང་བ། ཀན་ལྷོའི་གཏམ་རྒྱུད་ཡག་པོ་བཤད་པ་བཅས་བྱས་ཏེ། བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ་དང་། ཀན་ལྷོ་ཕྱི་ཕྱོགས་སུ་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བ།《ཀན་ལྷོའི་བོད་ཡིག་གསར་འགྱུར》དང་དེ་མིན་བོད་ཡིག་སྨྱན་སྦྱོར་གསར་པའི་དམིགས་བསལ་ནུས་པ་སྔར་བས་འདོན་སྤེལ་གང་ལེགས་བཅས་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་དང་བདེ་སྐྱིད་ལྡན་པའི་ཀན་ལྷོ་གསར་པ་འཛུགས་སྐྲུན་བྱ་ཆེད་སྲ་ཞིང་བརྟན་པའི་བསམ་བློའི་འགན་ལེན་དང་བསམ་པའི་སྟོབས་ཤུགས་ཆེན་པོ་ཞིག་མཁོ་འདོན་བྱ་ཐུབ་དགོས།།