ཇུས་བཟང་ཉིན་བྱེད་སྣང་བའི་གཟིས།། རྩོམ་རིག་གསར་བའི་འདབ་བརྒྱ་གྲོལ།། —— ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེས་ཞུ་བར《ཟླ་ཟེར》དཔེར་དྲངས་ཏེ་དུས་རབས་གསར་བའི་ཀན་ལྷོའི་བོད་ཀྱི་རྩོམ་རིག་གི་འཕེལ་རྒྱས་སྐོར་གླེང་བ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-06


ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་ཞུ་བའི་ལོ་ཡིན་པ་དང་། ཏང་གི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཚོགས་ཏེ་སྒྱུར་བཅོས་སྒོ་འབྱེད་བྱེད་འགོ་ཚུགས་ནས་ལོ་འཁོར་ཞེ་གསུམ་ལོན་ཞིང་། དེ་བཞིན་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་སྤྱི་དང་སྒོས་སུ་བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་ཞིང་སར་བཀྲ་ཤིས་ལོ་ལེགས་སམ་རྫོགས་ལྡན་གྱི་བསྐལ་བ་མངོན་པར་ཤར་ཏེ། དེང་རབས་བོད་ཀྱི་རྩོམ་རིག་གསར་བའི་རྩ་བ་ཚུགས་ཤིང་མྱུ་གུ་འབུས་འགོ་བརྩམས། ༡༩༨༢ལོའི་དཔྱིད་ཀྱི་དཔལ་ཡོན་བཞད་པ་དང་མཉམ་དུ་མདོ་སྨད་ཀན་ལྷོའི་ཡུལ་འདིར་སྔར་མེད་རིག་པའི་ཁྱེའུ《ཟླ་ཟེར》ཞེས་པའི་དུས་དེབ་འདི་གསར་དུ་འཁྲུངས། གཤམ་དུ་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་ཞུ་ཆེད། 《ཟླ་ཟེར》དཔེར་དྲངས་ཏེ་ཀན་ལྷོའི་བོད་ཀྱི་རྩོམ་རིག་གསར་བའི་གོང་འཕེལ་གྱི་གནས་ཚུལ་མདོར་ཙམ་ཞུའོ། །

གཅིག ཏང་གི་ཡང་དག་པའི་རྩོམ་རིག་གི་ཁ་ཕྱོགས་དང་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་པ།
   ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དཔྱིད་རླུང་དེ་རྒྱལ་ཡོངས་སུ་ལྡང་བ་དང་བསྟུན། ཏང་གི་མི་རིགས་སྲིས་ཇུས་དང་སྐད་ཡིག་སྲིད་ཇུས་བཅས་ཕྱོགས་ཡོངས་ནས་དངོས་འབེབས་བྱུང་ཞིང་།“མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང”གི་རྩོམ་རིག་གི་བྱེད་ཕྱོགས་དང་།“རྩོམ་རིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་བའི”ཁ་ཕྱོགས་དེ་ཆེས་ཡང་དག་པར་ལག་ལེན་བགྱིས་ཤིང་།《ཟླ་ཟེར》དུས་དེབ་འདི་ཉིད་ཚེས་འགོའི་ཟླ་བ་ཇི་བཞིན་ཀན་ལྷོའི་ནོར་འཛིན་སྒེག་མོའི་མཁའ་དབྱིངས་སུ་མངོན་པར་འཕགས་ཏེ་བསིལ་ཟེར་གྱི་འོད་སྣང་རེ་རེ་སྔོ་ལྗང་གི་སྤང་ཐང་དང་། ལྷུན་ཆགས་ཀྱི་གངས་རི། དྭངས་གསལ་གྱི་མཚོ་རྫིང་དུ་འཕྲོས་ཏེ་ཁ་བ་རི་བའི་ལྷག་བསམ་དང་རང་གཤིས་བསྣམས་ནས་ཡངས་པའི་རྒྱལ་ཁམས་ཀུན་ཏུ་འོད་དཀར་གྱི་སྣང་བས་ཁྱབ་པར་གྱུར། དེ་ནས་བཟུང《ཟླ་ཟེར》རྩོམ་སྒྲིག་ཁང་གིས་ཀན་ལྷོ་ཁུལ་གཙོ་བོར་འཛིན་པ་དང་བོད་ཁུལ་ཡོངས་ལ་ཁ་ཕྱོགས་ཏེ་གསར་རྩོམ་ལ་སྤྲོ་བའི་ལས་དང་བོ་བ་སྐྱེད་སྲིད་དང་། བོད་ཀྱི་རྩོམ་རིག་ཉམས་པ་སོགས་ཆུད་དང་མ་ཉམས་གོང་སྤེལ་གྱི་རླབས་ཆེན་བྱ་གཞག་གི་འགོ་བརྩམས་ཤིང་། དུས་དེ་ནས་རང་ཁུལ་ལ་བོད་ཡིག་གི་རྩོམ་རིག་སྤེལ་སའི་ཞིང་ས་ཐོག་མ་ཡོད་པར་གྱུར་པ་མ་ཟད། རང་ཁུལ་གྱི་བོད་ཀྱི་དེང་རབས་རྩོམ་རིག་དངོས་སུ་སྤེལ་འགོ་ཚུགས་པའི་ལམ་ཚད་ཀྱི་རྡོ་རིང་བསླངས་པའང་མཚོན་ནོ།།
  《ཟླ་ཟེར》དུས་དེབ་གསར་སྐྲུན་བྱས་ནས་ལོ་འཁོར་བཞི་བཅུར་ཉེ་བའི་རིང་ལ། 《ཟླ་ཟེར》གྱི་སྐབས་རིམ་པའི་རྩོམ་སྒྲིག་པ་རྣམས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་གི་དུས་སྐབས་སོ་སོའི་རིག་རྩལ་བྱེད་ཕྱོགས་དང་སྲིད་ཇུས་རྒྱུན་འཁྱོངས་བྱས་ཤིང་། ཀྲུང་གུང་ཀན་ལྷོ་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་ལ་བརྟེན་ནས། རྩོམ་སྒྲིག་པ་རྣམ་པས་དུས་ཡུན་རིང་བོར་མི་ཤུགས་དང་ནོར་ཤུགས་ཞན་པའི་དཀའ་ཁག་ཁྱད་དུ་བསད་དེ། གཞི་རིམ་ལ་ཟབ་ཞུགས་དང་། རྩོམ་པ་པོ་སྐྱེད་སྲིད། དུས་ལྟར་དུས་དེབ་པར་སྐྲུན་བགྱིད་པའི་བགྱི་བ་དང་ལེན་བྱས། ཡ་རབས་ཀྱི་བསམ་བློས་མིའི་སྣང་བརྙན་སྐྲུན་པ་དང་ཕུལ་བྱུང་གི་རྩོམ་ཡིག་གིས་མི་ལ་སྐུལ་མ་གཏོང་རྒྱུ་དེ་དུས་རྣམ་ཀུན་ཏུ་དུས་དེབ་སྒྲུབ་པའི་མཛུབ་སྟོན་དུ་བཟུང་ཞིང་། དུས་རབས་གསར་བའི་བོད་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་གོང་འཕེལ་ཆེན་པོར་སྐུལ་འདེད་གཏོང་བ་དེ་དམིགས་ཡུལ་དུ་བཟུང་ནས། དོན་དངོས་ལ་ཉེ་བཅར་དང་། འཚོ་བར་ཉེ་བཅར། མང་ཚོགས་ལ་ཉེ་བཅར་བྱས་པ་དང་ཐོག་མཐའ་བར་གསུམ་དུ་མི་དམངས་ནི་ལྟེ་བར་འཛིན་པའི་གསར་རྩོམ་བྱེད་ཕྱོགས་རྒྱུན་འཁྱོངས་དང་། དབྱངས་རྟ་གཙོ་བོ་དར་སྤེལ། སྣ་མང་ཅན་དུ་གཏོང་བ་རྒྱུན་འཁྱོངས་བཅས་བྱས་ཏེ། མི་རིགས་ཀྱི་ཁྱད་ཆོས་དང་དུས་རབས་ཀྱི་ཁྱད་ཆོས། ས་གནས་ཀྱི་ཁྱད་ཆོས་བཅས་ལ་མཐོང་ཆེན་བྱས་པ་དང་། རྩོམ་རིག་གི་སྒྱུ་རྩལ་རང་བཞིན་དང་ཀློག་འོས་རང་བཞིན་ཟུར་འབྲེལ་སྒོས་ཀུན་གྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་རྩོམ་ཡིག་གང་མང་ཀློག་པ་བོ་ཁྲི་སྟོང་མང་པོའི་འདྲེན་བྱེད་དགའ་བའི་དཔལ་དང་ཐོས་པ་འཛིན་པའི་བཅུད་དུ་བསྟར། ད་ལྟ་དུས་དེབ་འདི་ཉིད་བོད་བྱིངས་ཀྱི་ཀློག་པ་བོས་དགའ་བསུ་དང་མཐོང་ཆེན་བྱ་ཡུལ་གྱི་དུས་དེབ་མེད་དུ་མི་རུང་ཞིང་གཞན་གྱིས་ཚབ་བྱེད་མི་ཐུབ་པ་ཞིག་ཏུ་གོང་འཕེལ་ཕྱིན་ཡོད། ལོ་ངོ་བཞི་བཅུ་ལ་ཉེ་བའི་རིང་ལ། དུས་དེབ་སྒྲུབ་པའི་ཁ་ཕྱོགས་དང་བསམ་བློ། ནང་དོན་བཅས་ཀྱི་ཐད་ནས་ཆབ་སྲིད་དང་མི་རིགས་ཆོས་ལུགས་སྐོར་གྱི་ནོར་འཁྲུལ་དང་གནད་དོན་གཅིག་ཀྱང་བྱུང་མ་མྱོང་ལ་ཐོག་མཐའ་བར་གསུམ་དུ་ཚད་མཐོན་པོའི་སྒོ་ནས་ཏང་ཀྲུང་དབྱང་དང་ལྟ་བ་གཅིག་མཐུན་བྱ་རྒྱུ་རྒྱུན་འཁྱོངས་བྱས་པས། རང་ཁུལ་གྱི་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་གཏན་འཇགས། དཔལ་འབྱོར་དང་རིག་གནས་གོང་འཕེལ་བྱ་བར་བྱས་རྗེས་མི་དམན་པ་བཞག་གོ།
གཉིས། གྲུབ་འབྲས་ཀྱིས་ཕྱུག་པའི་སྔར་སོང་ལོ་ཟླ།
 《ཟླ་ཟེར》དུས་དེབ་དེ༡༩༨༢ལོར་གསར་སྐྲུན་བྱས་པ་ནས་ད་བར་སྤྱིའི་དེབ་གྲངས་༡༤༨པར་སྐྲུན་འགྲེམ་སྤེལ་བྱས་ཤིང་། ལོ་རྒྱུས་སུ་གོང་འཕེལ་གྱི་བརྒྱུད་རིམ་ཆེན་པོ་གསུམ་བརྒྱུད་པ་སྟེ། ཚོད་ལྟའི་བརྒྱུད་རིམ་དང་བརྩོན་གཉེར་གྱི་བརྒྱུད་རིམ། གོང་འཕེལ་གྱི་བརྒྱུད་རིམ་མོ།། ཐོག་མར་གསར་སྐྲུན་བྱས་པ་ནས་༡༩༩༢ལོའི་བར་དུ་ཚོད་ལྟའི་ཚུལ་དུ་བཀྲམས་པ་དང་། དེ་ནས་ལོ་ངོ་དུ་མར་ཕྱོགས་གང་ཐད་ནས་གོ་སྐབས་བརྩོན་ལེན་བྱས་པ་བརྒྱུད། ༡༩༩༢ལོར་རྒྱལ་ཡོངས་ལ་མཚོན་ན་དུས་དེབ་དང་ཚགས་པར་གྱི་གྲངས་འབོར་ཚོད་འཛིན་དང་ཇེ་ཉུང་དུ་བཏང་སྟེ་དུས་དེབ་གང་མང་ཞིག་ཕུད་མཚམས་འཇོག་རྒྱུ་གཏན་ཁེལ་བྱས་མོད།  འོན་ཀྱང་《ཟླ་ཟེར》ནི་དེ་ལས་ལྡོག་སྟེ་གོང་རིམ་ནས་མི་རིགས་གྲངས་ཉུང་གི་སྐད་ཡིག་ལ་མཐོང་ཆེན་གནང་ནས་རྒྱལ་ཁབ་གསར་འགྱུར་པར་སྐྲུན་སྤྱི་ཁྱབ་ཧྲུའུ་ཡིས་ཁྱད་དུ་རྒྱལ་ཁབ་ནང་ཁུལ་ལ་འགྲེལ་སྤེལ་བྱེད་པའི་དཔེ་རྟགས་ཀྱི་ཆོག་མཆན་བཀོད་། དེའི་འཕྲོད་༡༩༩༤ལོར་རྒྱལ་སྤྱིའི་ཚད་ལྡན་དཔེ་རྟགས་ཐོབ། ༢༠༠༢ལོའོ་ཟླ༤བར། ཀན་སུའུ་ཞིང་ཆེན་གསར་འགྱུར་པར་སྐྲུན་ཅུས་ཀྱིས་ཁྱད་དུ《ཟླ་ཟེར》དུས་དེབ་དེ་སྔར་གྱི་ས་གནས་རིམ་པའི་དུས་དེབ་ནས་ད་ལྟའི་ཞིང་ཆེན་རིམ་པའི་དུས་དེབ་ཏུ་འཕར་བར་ཆོག་མཆན་བཀོད་པ་མ་ཟད། ཀན་སུའུ་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་དང་ཀན་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཉམ་སྒྲུབ་བྱ་རྒྱུ་གཏན་ཁེལ་བྱས་ཤིང་། དུས་དེབ་ཀྱི་སྤུས་ཚད་དང་པར་གྲངས་སོགས་སྔར་ལས་ཇེ་བཟང་ཇེ་མང་དུ་གཏོང་དགོས་པའི་བླང་བྱ་ནན་མོ་བཏོན་ཏེ། དུས་དེབ་དེ་སྐས་རིམ་གསར་བ་ཞིག་ཏུ་གོང་འཕེལ་ཕྱིན་པར་ཆ་རྐྱེན་བསྐྲུན། ༢༠༠༨ལོར་ཀན་སུའུ་ཞིང་ཆེན་དྲིལ་བསྒྲགས་པུའུ་དང་ཀན་སུའུ་ཞིང་ཆེན་གསར་འགྱུར་པར་སྐྲུན་ཀྱིས“ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་དུས་དེབ”ཀྱི་མཚན་སྙན་གནང་། ༢༠༡༥ལོར་ཀན་སུའུ་ཞིང་ཆེན་གྱི་རིག་རྩལ་དུས་དེབ་དཔྱད་འདེམས་ཁྲོད་བྱ་དགའ་ཨང་དང་པོ་ཐོབ། ༢༠༡༧ལོར“རྒྱལ་ཡོངས་ཀྱི་ན་ཆུང་ལ་མཚམས་སྦྱོར་བའི་ཕུལ་བྱུང་དུས་དེབ་སྣ་བརྒྱའི”གྲས་སུ་བདམས། 《ཟླ་ཟེར》དུས་དེབ་ནི་ཀན་སུའུ་ཞིང་ཆེན་གྱི་མི་རིགས་གྲངས་ཉུང་གི་སྐད་ཡིག་གིས་བསྒྲུབས་པའི་རྩོམ་རིག་དུས་དེབ་གཅིག་པུ་ཡིན་ལ། བོད་ཁུལ་ལ་མཚོན་ན། རྒྱ་ཆེའི་ཀློག་པ་བོ་རྣམས་ཀྱིས་རང་སྐྱོང་ལྗོངས་དང་ཞིང་ཆེན་གྱིས་སྒྲུབ་པའི《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དང《སྦྲང་ཆར》དུས་དེབ་དང་དང་ཚད་གཞི་གཅིག་ཏུ་འཇོག་པའི་དུས་དེབ་ཅིག་ཏུ་གྱུར་ཡོད། འདིས་རྒྱལ་ཡོངས་ཀྱི་བོད་རང་སྐྱོང་ཁུལ་བཅུའི་ནང་ནས་རང་ཁུལ་གྱི་རྩོམ་རིག་སྒྱུ་རྩལ་གྱི་ལས་དོན་དེ་ཁུལ་གཞན་དག་གི་སྔོན་གྲས་སུ་གོང་འཕེལ་དུ་ཕྱིན་པ་མཚོན་ཐུབ་བོ།།
ལོ་ངོ་སོ་དགུར་རྨོ་འདེབས་བྱས་པ་ལས། ལོ་ངོ་སོ་དགུར་ལོ་ལེགས་བྱུང་བ་སྟེ། ད་ལྟའི་བར《ཟླ་ཟེར》དུ་ཞིང་ཆེན་ཕྱི་ནང་གི་རྩོམ་པ་བོའི་སྒྲུང་གཏམ་དང་། སྙན་རྩོམ། ལྷུག་རྩོམ། དཔྱད་རྩོམ་གཙོ་བྱས་པའི་རྩོམ་ལུས་སྣ་ཚོགས་ཀྱི་རྩོམ་ཡིག༧༠༠༠ལྷག་བཀོད་པ་དང་། རྩོམ་ཡིག་དེ་དག་གིས་ཏང་གི་དུས་སྐབས་རིམ་བྱུང་གི་བྱེད་ཕྱོགས་དང་སྲིད་ཇུས་ཆེས་ལེགས་པོར་མཚོན་ཞིང་། ཐོག་མཐའ་བར་གསུམ་དུ་རླབས་ཆེ་བའི་ཀྲུང་གོ་གུང་ཁྲན་ཏང་དང་མེས་རྒྱལ་ལ་བསྟོད་གླུ་ཕུལ་པ་དང་། སྤྱི་ཚོགས་རང་ལུགས་ཀྱི་ལམ་ལུགས་ལ་བསྔགས་བརྗོད་བྱས་པ། ཀྲུང་གོ་གསར་བ་བཙུགས་ཚུན་དང་ཁྱད་པར་དུ་སྒྱུར་བཅོས་སྒོ་འབྱེད་བྱས་རྗེས་ཀྱི་ཀན་ལྷོ་གཙོས་པའི་བོད་ཁུལ་གྱི་གནམ་ས་བླ་འོག་བསྒྱུར་པ་ལྟ་བུའི་འགྱུར་ལྡོག་མངོན་པར་མཚོན་ཡོད།
  ད་ལྟ《ཟླ་ཟེར》ལ་རྐང་འཛིན་རྩོམ་པ་བོ༥༠༠ལྷག་དང་ཕུལ་བྱུང་རྩོམ་པ་བོ༡༨༠ལྷག་ལ་འཕར་ཡོད། ༢༠༡༠ལོར་ངེད་རྩོམ་སྒྲིག་ཁང་གིས་རྩོམ་སྒྲིག་བྱས་པའི《ཟླ་ཟེར》གྱི་ལོ་འཁོར་ཉི་ཤུའི(༡༩༨༢-༢༠༠༢)ལེགས་རྩོམ་གཅེས་བཏུས་ཀྱི་རྩོམ་རིག་དཔེ་ཚོང་དེབ་བཅུ་ཡོད་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ཤིང་། དེར་རྩོམ་པ་བོ་༢༠༠གི་རྩོམ་ཡིག་སྣ་ཚོགས༥༠༠བདམས་བཀོད་བྱས་ལ་རྒྱ་ཆེའི་ཀློག་པ་བོའི་དགའ་བསུ་ཆེན་པོ་ཐོབ། དུས་མཚུགས་སུ་རྒྱ་ཆེའི་ཀློག་པ་བོས་དཔྱད་གཞི་འཚོལ་བར་སྟབས་བདེ་སྐྲུན་ཆེད《ཟླ་ཟེར》གྱི་སྤྱིའི་དཀར་ཆག(༡༩༨༢-༢༠༠༧)ཅིག་ཀྱང་རྩོམ་སྒྲིག་དང་པར་སྐྲུན་བྱས་ཡོད། གཞན་ཡང་ཐབས་བརྒྱ་ཇུས་སྟོང་གིས་མ་དངུལ་བརྩོན་ལེག་བྱས་ཏེ་ལོ་ངོ་བཅུ་ཕྲག་འགར་གསོག་ཉར་བྱས་པའི《ཟླ་ཟེར》ཆ་ཚང་ཕྱོགས་བསྒྲིགས་བྱས་ཤིང་། ད་ལྟ་ལོ་རེ་བཞིན་དེབ་སྤུས་ལེགས་མ་པར་སྐྲུན་བྱས་དང་བྱེད་བཞིན་ཡོད། དེ་སྔ《ཟླ་ཟེར》དུ་བཀོད་པའི་རྩོམ་ཡིག་ལེགས་ཤོས་སྐོར་ཞིག་ཀྲུང་གོའི་དེང་རབས་བོད་ཀྱི་རྩོམ་རིག་དཔེ་ཚོགས་དང་། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་བསླབ་དེབ་གཙོས་རྒྱལ་ཡོངས་ཀྱི་དཔེ་ཚོགས་ཁག་ཏུ་བདམས་བཀོད་བྱས་ཡོད། ཁྱད་པར་དུ། 《ཟླ་ཟེར》གསར་སྐྲུན་ལ་བཀའ་དྲིན་ཆེ་བའི་བསེ་བློ་བཟང་དཔལ་ལྡན་ལགས་ཀྱི་རྩོམ་ཡིག་ཚུད་པའི་རྩོམ་ལུས་སྣ་ཚོགས་ཀྱི་གསུང་འབུམ་པོད་དགུ་དང་། མགོན་པོོ་དབང་རྒྱལ་གྱི་རྩོམ་ཡིག་དེབ་གསུམ། དཀོན་ལོའི་རྩོམ་ཡིག་དེབ་གསུམ། ལྷ་རྒྱལ་ཚེ་རིང་གི་རྩོམ་ཡིག་དེབ་གསུམ་། རྡོར་ཕྲུག་གི་རྩོམ་ཡིག་དེབ་གཉིས། ཡོན་ཏན་ལྷུན་གྲུབ་ཀྱི་དེབ་གསུམ། ཁམས་སངས་བན་དེ་མཁར་གྱི་དེབ་གཅིག སྐྱབས་ཏེའི་སྒྲུང་ཐུང་དེབ་གཉིས། སྐྱབས་ཆེན་བདེ་གྲོལ་གྱི་དེབ་གསུམ། རྨ་འོད་ཀྱི་རྩོམ་དེབ་གཉིས། ཕྱག་རྡོར་ཚེ་རིང་གི་དེབ་གཉིས། དགའ་བདེ་ཚེ་རིང་གི་དེབ་གསུམ། ཅོར་རིགས་འཇམ་དཔལ་སྐྱབས་ཀྱི་དེབ་གཉིས། དྲོས་དམར་ཚེ་རིང་རྡོ་རྗེའི་དེབ་གཅིག ཐང་གཞུང་རྟ་མགྲིན་རྡོ་རྗེའི་དེབ་གཉིས། ཨ་རྡོར་གྱི་དེབ་གཉིས། གུ་རུའི་དེབ་གཅིག རི་སྔོན་བླ་མ་ཐར་གྱི་དེབ་གསུམ། རྨོག་རུ་ཤེས་རབ་རྡོ་རྗེའི་དེབ་གསུམ། ཀླུ་འབུམ་བཀྲ་ཤིས་ཀྱི་དེབ་གཅིག་བཅས་པར་སྐྲུན་བྱས་ཡོད་ལ། དེ་དག་གིས་རྒྱ་ཆེའི་ཀློག་པ་བོའི་ཡིད་དུ་བག་ཆགས་ཟབ་མོ་བཞག་ཡོད།《ཟླ་ཟེར》གྱི་རྩོམ་རིག་གསར་རྩོམ་གྱི་ཞིང་ས་འདི་ལས་འཚར་ལོངས་བྱུང་བའི་རྩོམ་པ་བོ་སྐོར་ཞིག་ལ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་རྩོམ་རིག་གསར་རྩོམ་གྱི་བྱ་དགའ་མང་དུ་ཐོབ་པ་སྟེ། ལྷ་རྒྱལ་ཚེ་རིང་དང་དཀོན་ལོ། ཕྱག་རྡོར་ཚེ་རིང་། ཆས་པ་རྟ་མགྲིན་ཚེ་རིང་། དཀོན་བྷེ། སངས་རྒྱས་བཀྲ་ཤིས་བཅས་མི་དྲུག་ལ་སྔ་གཞུག་ཏུ་བོད་ཀྱི་དེང་རབས་རྩོམ་རིག་གི་ཆེས་མཐོའི་བྱ་དགའ་སྟེ། རྒྱལ་ཡོངས“གངས་ཅན་བུམ་པའི”རྩོམ་རིག་བྱ་དགའ་ཐོབ་པ་དང་། དེ་མིན་རང་ཁུལ་གྱི་རྩོམ་པ་བོ་མི་བཅུ་ཕྲག་ལྷག་ལ་ཀན་སུའུ་ཞིང་ཆེན་གྱི་རྩོམ་རིག་གསར་རྩོམ་གྱི་བྱ་དགའ་དང་། ཞིང་ཆེན་རྩོམ་པ་བོའི་མཐུན་ཚོགས་ཀྱི་མི་རིགས་གྲངས་ཉུང་གི་རྩོམ་རིག་བྱ་དགའ་སྟེ“ཟངས་མའི་རྟ་རྒོད”ཅེས་པ་སོགས་ཀྱི་བྱ་དགའ་ཐོབ་མྱོང་། རྩོམ་པ་བོ་སྐོར་ཞིག་ཀྲུང་གོའི་རྩོམ་པ་བོའི་མཐུན་ཚོགས་དང་། ཀན་སུའུ་ཞིང་ཆེན་གྱི་རྩོམ་པ་བོའི་མཐུན་ཚོགས། ཀན་སུའུ་ཞིང་ཆེན་གྱི་རྩོམ་རིག་དཔྱད་བརྗོད་མཁན་གྱི་མཐུན་ཚོགས་བཅས་ཀྱི་ཚོགས་མིར་བསྡུ་ལེན་བྱས་ཡོད། ཁོ་ཚོས་ཆད་མེད་བརྩོན་པས་རྩོམ་ཡིག་གང་མང་སྤེལ་ནས་ལོ་རེ་བཞིན་རྒྱལ་ཡོངས་ཀྱི་དུས་དེབ་དང་ཚགས་པར་གང་མང་དུ་ཀློག་པ་བོའི་བསམ་པའི་ལོངས་སྤྱོད་དུ་ཕུལ་དང་འབུལ་བཞིན་ཡོད་ལ། དེ་དག་གིས་ཀན་ལྷོ་དྲིལ་བསྒྲགས་དང་ཀན་ལྷོའི་བོད་ཀྱི་དེང་རབས་རྩོམ་རིག་གོང་ནས་གོང་དུ་སྤེལ་བར་བྱས་རྗེས་བཞག་ཅིང་མཚན་སྙན་བླངས་ཡོད།
   འདིར་ཀན་སུའུའམ་ཀན་ལྷོ་གཙོ་བྱས་ཏེ་རྒན་དར་གཞོན་གསུམ་གྱིས་གྲུབ་པའི་རྩོམ་པ་བོ་དེ་དག་གི་ཚབ་མཚོན་གྱི་མཚན་ཙམ་དྲངས་ན། ཚེ་ཏན་ཞབས་དྲུང་དང་དམུ་དགེ་བསམ་གཏན། བསེ་བློ་བཟང་དཔལ་ལྡན། བསྟན་པ་རྒྱ་མཚོ། དོར་ཞི་གདོང་དྲུག་སྙེམས་བློ། སྨོན་ལམ་རྒྱ་མཚོ། དཔའ་རིས་སངས་རྒྱས། རྒན་དཀོན་མཆོག་ཚེ་བརྟན། རྟ་མགྲིན་མགོན་པོ། ཡི་དམ་ཚེ་རིང་། ཉ་ཚེ་བསོད་ནམས་ཚེ་རིང་། འཇམ་དབྱངས་བློ་གྲོས། སྐལ་བཟང་ཚེ་བརྟན། བསྐལ་བཟང་སངས་རྒྱས། འབྲུག་ཐར། རེབ་གོང་རྡོ་རྗེ་མཁར། དཀོན་ལོ། ལྷ་རྒྱལ་ཚེ་རིང་། སྒོམ་པ་བཀྲ་ཤིས། མགོན་པོ་དབང་རྒྱལ། མཁར་ཆེན་སྐལ་བཟང་བློ་གསལ། ཡོན་ཏན་ལྷུན་གྲུབ། དགའ་འཇམ་དབྱངས་ཡེ་ཤེས། གཤིན་ཚ་བློ་བཟང་རྒྱ་མཚོ། རིན་ཆེན་ཚེ་དགའ། རྨ་ཆུའི་འཇམ་དབྱངས། རྟམ་ལོ། ཁམས་སངས་བན་དེ་མཁར། ཆ་རིས་སྐལ་བཟང་ཐོགས་མེད། རྔོག་རྒྱུད་འཇམ་དབྱངས་འཕྲིན་ལས། སྨན་ཤུལ་རིན་ཆེན་རྡོ་རྗེ། སེང་སྨྱོན། ཤེས་རབ། སྐལ་བཟང་སྐྱབས། སྐྱབས་ཏེ། ཀླུ་མོ་འཚོ། ཁ་སྟོད་བློ་བཟང་ཆོས་འཛིན། དཔལ་མོ། ཕྱག་རྡོར་ཚེ་རིང་། ཆས་པ་རྟ་མགྲིན་ཚེ་རིང་། རྩིང་བ་དཀོན་བྷེ། ཧོར་ཚེ་གངས་མིག དྲོས་དམར་ཚེ་རིང་རྡོ་རྗེ། འཛུམ་ཟེར། བཀྲ་ཤིས་ཚེ་རིང་། རི་སྔོན་བླ་མ་ཐར། གཉའ་གོང་ལྷ་བྷེ། གཅོད་ཁོ། དོན་གྲུབ་ཚེ་རིང་། ཧོར་གཙང་སྨོན་ལམ། ལྷ་མོ་དོན་གྲུབ། གུ་རུ་བསྟན་འཛིན། སྐྱབས་ཆེན་བདེ་གྲོལ། ཨ་རྡོར། ཁ་གྱའི་སངས་བཀྲ། ཨ་དོན། ཀ་མགོན། དགའ་བདེ་ཚེ་རིང་། ཨ་པན། གྱི་ལིང་འཇིགས་མེད། ཆོས་འཁོར་བཀྲ་ཤིས་དོན་གྲུབ། འབོ་རའི་རྟ་མགྲིན་ཐར། སྒྱིས་ཚང་རྟ་མགྲིན་སྐྱབས། སྡུག་ཐར་འཚོ། ཁ་གྱའི་ཁྱུང་སྔོན། ཙ་སུར་སྦྱིན་པ། དགའ་ཕ་ལམ། ཅོར་རིགས་འཇམ་དཔལ་སྐྱབས། རྨ་ཆུའི་བསམ་གཏན། ས་དམར་གྲགས་པ། རབ་རྒྱས་པ་སངས། རྨོག་རུ་ཤེས་རབ་རྡོ་རྗེ། ཐང་དགེ་སྒྲོལ་དཀར་སྐྱབས། རྫས་ལུང་ཚེ་དར། རིན་ཆེན་ཐར། རྡོ་སྦིས་ཀླུ་རྒྱལ་དོན་གྲུབ། ཧོར་གཙང་ཀླུ་རྒྱལ། ཀླུ་འབུམ་བཀྲ་ཤིས། ཐང་གཞུང་རྟ་མགྲིན་རྡོ་རྗེ། དགའ་བཀྲ་ཤིས་རྡོ་རྗེ། གངས་གཡུ་མཚོ། རྡོ་དཀར་པདྨ་རྡོ་རྗེ། ཀླུ་ཤོད་སྙིང་དཀར། འབྲོག་བུ་དཀོམ་བཀྲ། བྱམས་ཕྲུག ཀླུ་ཆུའི་ཚེ་རིང་འཚོ། རྨེ་རུ་མགོན་པོ་སྐྱིད། ཀྱེ་ཕུར་མཆོག་གསུམ། མཚེ་ཀེ་བསོད་དོན། སྒང་ལམ་པ་བན་དེ་མཁར། གཅོད་པ་འཚོ། རྣམ་རྒྱལ་འཚོ། མཚོ་སྐྱེས་ལྷ་མོ། གདུགས་དཀར་སྐྱབས། སྐལ་བཟང་བཀྲ་ཤིས། གངས་སྙེག གངས། ཀླུ་འབུམ་ཚེ་རིང་། རྡོ་རྗེ་དོན་གྲུབ། གཡག་བུ་དཔལ་རྩལ། འཇིགས་བྱེད་འཚོ། ཅོ་ནེ་རྡོ་རྗེ་དོན་གྲུབ། ཀླུ་ཆུའི་ཀླུ་མོ་འཚོ། ཀླུ་ཐར་བཀྲ་ཤིས་སོགས་མང་ངོ་།། འདི་དག་ལས་རྩོམ་པ་བོ་རྒན་པ་སྐོར་ཞིག་གཤེགས་པར་གྱུར་མོད། འོན་ཀྱང་ཁོ་ཚོའི་མཚན་སྙན་དེ་བསྐལ་བརྒྱའི་བར་དུ《ཟླ་ཟེར》དུས་དེབ་དང་མཉམ་དུ་གསོན།
   རྩོམ་སྒྲིག་པའི་དཔུང་སྡེའང་སྔོན་ཆད་ཀྱི་མི་རེ་གཉིས་ཙམ་ལས་ད་ལྟའི་ཆེད་ལས་རྩོམ་སྒྲིག་པ་མི་དྲུག་བདུན་ཙམ་ལ་གོང་འཕེལ་དུ་བྱུང་ཡོད། ཐོག་མར་གསར་སྐྲུན་བྱེད་དུས་ཀྱི་གཙོ་སྒྲིག་པ་ནི་སྐུ་ཞབས་རྟ་མགྲིན་མགོན་པོ་དང་རྩོམ་སྒྲིག་པ་དབང་ལོ་བཅས་ཡིན་ལ། གྱ་བཞི་ལོ་ནས་གཙོ་སྒྲིག་པ་རྟ་མགྲིན་མགོན་པོ་དང་གཙོ་སྒྲིག་གཞོན་པ་བསྐལ་བཟང་སངས་རྒྱས་དང་བསོད་ཏེ། རྩོམ་སྒྲིག་ཨུ་ཡོན་སྨོན་ལམ་རྒྱ་མཚོ་སོགས་ཀྱིས་གྲུབ། གྱ་དྲུག་ལོ་ནས་གཙོ་སྒྲིག་པ་བསྐལ་བཟང་སངས་རྒྱས་དང་གཙོ་སྒྲིག་གཞོན་པ་དཀོན་ལོ་དང་རེབ་གོང་རྡོ་རྗེ་མཁར། རྩོམ་སྒྲིག་པ་དགེ་འདུན། པར་ཞུ་བ་ལྷ་མོ་དང་། སྒྲོལ་དཀར་འཚོ་ཡིན། ཉིས་སྟོང་དགུ་ལོ་ནས་གཙོ་སྒྲིག་པ་རིན་ཆེན་ཚེ་དགའ་དང་ལག་བསྟར་གཙོ་སྒྲིག་པ་ཕྱག་རྡོར་ཚེ་རིང་། རྩོམ་སྒྲིག་པ་ཆས་རྟ་མགྲིན་ཚེ་རིང་དང་ཨ་པཎ། དགའ་བདེ་བཅས་ཡིན། ཉིས་སྟོང་བཅུ་གཉིས་ལོ་ནས་གཙོ་སྒྲིག་པ་ཕྱག་རྡོར་ཚེ་རིང་དང་། གཙོ་སྒྲིག་གཞོན་པ་ཆས་པ་རྟ་མགྲིན་ཚེ་རིང་། རྩོམ་སྒྲིག་པ་ཨ་པཎ་དང་དགའ་བདེ་བཅས་ཡིན་ལ། པར་ཞུ་བ་རིན་ཆེན་སྐྱིད་དང་དབང་ལོ། འབྲུག་མོ་ཐར་བཅས་སོ།། སྔ་གཞུག་ཏུ་ཆེད་བསྒྲིགས་ལེ་ཚད་ཡང་བཅུ་ཕྲག་ལྷག་བསྒྲུབས་མྱོང་། རྒྱ་ཆེའི་རྩོམ་པ་བོ་རྣམས་ཀྱི་གསར་རྩོམ་གྱི་བསམ་བློར་སྐུལ་འདེད་བྱེད་ཆེད། ༡༩༨༧ལོ་ནས༢༠༡༩ལོའི་བར་དུ《ཟླ་ཟེར》གྱི་རྩོམ་རིག་བྱ་དགའ་ཐེངས་དྲུག་ལ་བསྒྲུབས་ཤིང་། རྩོམ་པ་པོ་མི་སུམ་ཅུ་ཙམ་ལ《ཟླ་ཟེར》གྱི་རྩོམ་རིག་བྱ་དགའ་དང་རྩོམ་སྒྲིག་པ་རྣམས་ལ་ཕུལ་བྱུང་རྩོམ་སྒྲིག་པའི་བྱ་དགའ་གནང་བ་མ་ཟད་འཕྲོ་ཕྱིན་ལོ་གསུམ་རེ་འཕྲོ་ནས《ཟླ་ཟེར》གྱི་རྩོམ་རིག་བྱ་དགའ་སྐབས་རེ་གནང་རྒྱུ་གཏན་ཁེལ་བྱས། ཉེ་བའི་ལོ་ངོ་བཅུ་ཕྲག་འགའི་ནང་དུ། 《ཟླ་ཟེར》རྩོམ་སྒྲིག་ཁང་གིས་ཞིང་ཆེན་ཕྱི་ནང་གི་སྤུན་ཟླའི་རྩོམ་སྒྲིག་ཁང་སྟེ། པེ་ཅིན་གྱི《མི་རིགས་ཀྱི་རྩོམ་རིག》དང་མཚོ་སྔོན་གྱི《སྦྲང་ཆར》《མཚོ་སྔོན་བོད་ཀྱི་དམངས་སྲོལ》《གངས་རྒྱན་མེ་ཏོག》བོད་ལྗོངས་ཀྱི《བོད་ཀྱི་རྩོམ་རིག་སྒྱུ་རྩལ》བཅས་ལ་འབྲེལ་འཛུགས་བྱས་ཏེ་རྩོམ་པ་བོ་དང་རྩོམ་སྒྲིག་པའི་བཞུགས་མོལ་ཚོགས་འདུ་དང་བགྲོ་གླེང་ཚོགས་འདུ། ཟབ་སྦྱོང་གསོ་སྐྱོང་འཛིན་གྲྭ། ཉམས་མྱོང་བརྗེ་རེས་ཚོགས་འདུ་བཅས་བྱ་འགུལ་ཐེངས་ཉི་ཤུ་རྩ་གྲངས་སྤེལ། ༢༠༡༢ལོ་བཟུང་རྩོམ་ཡོན་སྟེར་རྒྱུ་སླར་གསོ་ཐོབ་ཅིང་། ཤོག་གྲངས་ཀྱང་ཇེ་མང་དུ་བཏང་སྟེ་ད་ལྟའི་ཤོག་གྲངས༡༢༨དུ་འཕར། འདིས་རྒྱ་ཆེའི་རྩོམ་པ་བོ་རྣམས་ཀྱི་བརྩོན་སེམས་ལ་སྐུལ་མ་ཐེབས་ཏེ། ལོ་རེར་ཕྱོགས་བཞི་མཚམས་བརྒྱད་ཀྱི་རྩོམ་ཡིག་སྣ་ཚོགས་བརྒྱ་ཕྲག་མང་པོ་འདི་གར་འབྱོར་གྱིན་ཡོད་ལ། དུས་དེབ་ཏུ་བཀོལ་སྤྱོད་བྱེད་ཚད་ཀྱིས་བརྒྱ་ཆའི་སུམ་ཅུ་ཙམ་ཟིན། འདི་ནི《ཟླ་ཟེར》གྱི་སྔོན་ཆད་ཀྱི་རྒྱལ་ཁ་དང་གྲུབ་འབྲས་ཡིན་ལ། འདིས་མ་འོངས་པའི་ཚབ་བྱེད་མི་ཐུབ་ལ། དུས་རབས་མུ་མཐུན་དུ་མདུན་སྐྱོད་བྱེད་ཅིང་། སྤྱི་ཚོགས་མུ་མཐུན་དུ་འཕེལ་རྒྱས་འགྲོ་བཞིན་ཡོད་ལ། རྩོམ་རིག་སྒྱུ་རྩལ་ལས་དོན་སྔར་ལས་གོང་འཕེལ་ཆེན་པོ་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་སྔོན་ཐོན་རིག་གནས་རྒྱུད་འཛིན་དང་དར་སྤེལ་གཏོང་བའི་ལས་འགན་སྔར་ལས་ཀྱང་གཟི་བརྗིད་ལྡན་ཞིང་དཀའ་ཚེགས་ཆེ་བ་ཞིག་རེད།
གསུམ། མདུན་དུ་ལྷགས་པའི་དཀའ་ཁག་དང་འབྱུང་འགྱུར་ལ་བཅངས་པའི་རེ་འདུན།
   དུས་རབས་དང་སྤྱི་ཚོགས་ཀྱི་དགོས་མཁོ་ལ་གདོང་གཏད་ན། ང་ཚོའི་བྱ་བར་ད་དུང་མི་འདང་ས་དང་དཀའ་ཁག་མི་ཉུང་བ་ཞིག་མཆིས། གཅིག་ནི་མི་རྣམས་དཔལ་འབྱོར་དང་ལོངས་སྤྱོད་ལ་སྙེག་པའི་འདོད་ཧམ་དང་དགོས་མཁོའི་རྐྱེན་གྱིས་རྩོམ་རིག་སྒྱུ་རྩལ་གྱི་བྱ་གཞག་ལ་དེ་འདྲ་མཐོང་ཆེན་དང་བརྩི་མཐོང་མི་བྱེད་པའི་སྣང་ཚུལ་མངོན། གཉིས་ནི་སྤྱི་ཚོགས་ཀྱི་ཉམས་མྱོང་ལྡན་ཞིང་འཚོ་བ་ཕུན་སུམ་ཚོགས་པ་དང་གསར་རྩོམ་ལ་བྱང་ཆ་ལྡན་པའི་དེ་སྔའི་རྩོམ་པ་བོ་མང་བོ་ཞིག་གི་གསར་རྩོམ་གྱི་སྤྲོ་སྣང་དང་བརྩོན་སེམས་ཇེ་ཞན་ནས་ཇེ་ཞན་དུ་འགྲོ་བ། གསུམ་ནི་དྲ་བས་གང་སར་ཁྱབ་ཅིང་སྒེར་སྒྲུབ་དུས་དེབ་བམ་དཔེ་དེབ་པར་སྐྲུན་བྱེད་པའི་གྲངས་འབོར་ཇེ་མང་ནས་ཇེ་མང་དུ་སོང་བ་དང་བསྟུན་དུས་དེབ་མངགས་ཉོ་བྱེད་པའི་གྲངས་ཀ་འཕེལ་མི་ཐུབ་པ། བཞི་ནི་མ་དངུལ་གྱི་ཚོད་འཛིན་དང་དཀའ་ཁག་གི་རྐྱེན་གྱིས་དུས་དེབ་ཀྱི་རྒྱུད་སྤུས་ཇེ་ལེགས་དང་པར་གྲགས་ཇེ་མང་དུ་གཏོང་དཀའ་བ་བཅས་ངེས་པར་དུ་སྒྲུབ་དགོས་པའི་བྱ་བ་གང་མང་ཞིག་རྗེས་སུ་ལུས། དཔེར་ན་ལོ་འདི་དག་རིང《ཟླ་ཟེར》གྱི་རྩོམ་པ་བོའི་དཔེ་ཚོགས་སྐོར་ཞིག་པར་སྐྲུན་བྱེད་པའི་འཆར་གཞི་བཀོད་དེ་རྩོམ་སྒྲིག་གི་བྱ་བ་གྲུབ་ཀྱང་ད་དུང་པར་སྐྲུན་བྱེད་མ་ཐུབ་པ། ལྔ་ནི་རྩོམ་ཡིག་ཡོང་བའི་རྩོམ་ལུས་སམ་རྣམ་པ་དོ་མི་སྙོམས་པ་སྟེ། སྙན་རྩོམ་མང་བ་དང་སྒྲུང་གཏམ་དང་ལྷུག་རྩོམ་སོགས་རྩོམ་ལུས་གཞན་དག་གི་གྲངས་ཀ་ཉུང་བ། དཔྱད་རྩོམ་ཡོང་བ་གང་ཞིག་རང་གི་ཆེད་ལས་ཐོབ་ཐང་འཕར་བའི་དགོས་མཁོའི་དབང་གིས་ཡིན་པ་ལས་དོན་ངོ་མ་རྩོམ་རིག་སྒྱུ་རྩལ་གྱི་འཕེལ་རྒྱས་དང་གནང་དོན་ལ་དམིགས་པའི་དཔྱད་རྩོམ་ཉུང་བ། སྙན་རྩོམ་གྱི་གྲངས་འབོར་མང་ཡང་རྒྱུད་འཛིན་དང་བསྡུ་ལེན། གསར་གཏོད་གསུམ་གྱི་འབྲེལ་བ་དེ་འདྲའི་འོས་མཐུན་གྱིས་ཐག་གཅོད་ཐུབ་མེད་པ། དྲུག་ནི་རྒྱུ་རྐྱེན་གང་མང་གི་དབང་གིས་རྩོམ་སྒྲིག་པ་དང་རྩོམ་པ་བོ་འཚོ་བར་ཟབ་ཞུགས་དང་གཞི་རིམ་དུ་ཟབ་ཞུགས། གསོ་སྦྱོང་བཅས་བྱེད་པའི་གོ་སྐབས་དཀོན་པ་དང་ཆ་རྐྱེན་གྱི་ཚོད་འཛིན་ཐེབས་པ་བཅས་སོ།།
དཀའ་ཁག་ཇི་འདྲ་ཆེ་ཡང་དེ་ནི་གནས་སྐབས་ཙམ་ཡིན་ལ། ང་ཚོས་དེ་ལ་མགོ་སྒུར་བ་དང་ང་ཚོ་དེ་ལ་སྐྲག་སྣང་སྐྱེས་མི་སྲིད། ཏང་གི་ཚོགས་ཆེན་བཅུ་དགུ་བས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྲུན་དེ་གོང་འཕེལ་ཆེན་པོ་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་ལོ་རྒྱུས་ཀྱི་དུས་རིམ་གསར་བ་ཞིག་ཏུ་སྐྱོད་པར་སྐུལ་འདེད་བཏང་ཞིང་། རྩོམ་རིག་སྒྱུ་རྩལ་འདུས་པའི་རིག་གནས་བྱ་གཞག་དེ་སྔར་བས་གོང་འཕེལ་དུ་གཏོང་བའི་གལ་ཆེ་བའི་གོ་གནས་སུ་བཞག་པ་དང་། སྤྱི་ཚོགས་ཡོངས་ཀྱིས་རིག་གནས་ལ་མཐོང་ཆེན་བྱེད་པའི་ཚ་རླབས་འཕྱུར་དང་འཕྱུར་བཞིན་ཡོད། 《ཟླ་ཟེར》དུས་དེབ་ལ་མཚོན་ན་བོད་ཀྱི་སྔོན་ཐོན་རིག་གནས་ཀྱི་མདུན་སྐྱོད་ཁ་ཕྱོགས་སྣེ་ཁྲིད་དང་མཛུབ་སྟོན་བྱེད་པའི་རླབས་ཆེན་ལས་འགན་དེ་ཕྲག་ཏུ་བབ་ཡོད་ལ། ང་ཚོས་སྔོན་ཆད་ཀྱི་དུས་དེབ་སྒྲུབ་པའི་ཉམས་མྱོང་བཟང་བོ་རྒྱུད་འཛིན་དང་ཞན་ཆ་ལེགས་བཅོས། སྔར་མེད་གསར་གཏོད་བྱ་རྒྱུ་ཧ་ཅང་གལ་ཆེའོ།། དུས་དེབ་ལེགས་པོ་ཞིག་བསྒྲུབ་རྒྱ་ནི་ལས་སླ་བོ་ཞིག་མིན་ཏེ། དེ་ལ་གོང་རིམ་གྱི་ཐུགས་ཁུར་དང་སྤྱི་ཚོགས་ཡོངས་ཀྱི་རྒྱབ་སྐྱོར། རྒྱ་ཆེའི་རྩོམ་པ་བོ་དང་རྩོམ་སྒྲིག་པའི་འབད་བརྩོན་བཅས་དང་ཁ་འབྲལ་ཐབས་མེད་པས། ང་ཚོས་ཐུན་མོང་གི་སྟོབས་ཤུགས་ལ་བརྟེན་ནས། ང་ཚོ་ཚང་མར་དབང་བའི《ཟླ་ཟེར》དུས་དེབ་འདིའི་མདུན་ལྗོངས་སྔར་ལས་མཛེས་སྡུག་ལྡན་པ་ཞིག་དང་། སྔར་ལས་རེ་བས་ཁེངས་པ་ཞིག་ཡོང་བར་འབད་བརྩོན་དང་།《ཟླ་ཟེར》དུས་དེབ་འདི་དངོས་ནས་ཡང་ངོའི་ཟླ་བ་བཞིན་གོང་ནས་གོང་དུ་འཕེལ་བའི་སྨོན་འདུན་ཞུའོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1