ཨོ་པཱ་མས་རྒྱལ་ཚོགས་སུ་ཁོང་གིས་སྲིད་འཛིན་འགན་བཞེས་པའི་རིང་གི་རྒྱལ་ཁབ་ཀྱི་གནས་ཚུལ་ཞུ་ཡིག་ཐེངས་དྲུག་པའི་གཏམ་བཤད་གནང་བཞིན་པ།
སྤྱི་ཟླ་1པོའི་ཚེས་20ཉིན་གྱི་དགོང་མོར། ཨོ་པཱ་མས་རྒྱལ་ཚོགས་སུ་ཁོང་གིས་སྲིད་འཛིན་འགན་བཞེས་པའི་རིང་གི་རྒྱལ་ཁབ་ཀྱི་གནས་ཚུལ་ཞུ་ཡིག་ཐེངས་དྲུག་པའི་གཏམ་བཤད་གནང་ཡོད་ཅིང་། ནང་དོན་གཙོ་བོ་ནི། དཔལ་འབྱོར་སླར་གསོ་དང་ཁྲལ་སྡུད་ལམ་ལུགས་བཅོས་བསྒྱུར་སོགས་བརྗོད་གཞིར་བཟུང་ནས་མ་འོངས་པའི་དུས་སྐབས་ཤིག་གི་སྲིད་སྐྱོང་བྱེད་ཐབས་གཙོ་བོ་འགའ་འགྲེལ་བརྗོད་གནང་ཡོད། ཆུ་ཚོད་གཅིག་ལྷག་ལ་གཏམ་བཤད་གནང་བ་དང་གཏམ་དཔྱད་སྐབས་སུ་ཨོ་པཱ་མས་ནང་སྲིད་གཙོ་བོར་བཟུང་ནས། ཨ་རིའི་དཔལ་འབྱོར་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་ཀྱི་ཤུགས་རྐྱེན་ལས་ཐར་ཡོད་པར་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་དབུལ་ཕྱུག་བར་ཁྱད་ཇེ་ཆུང་དུ་བཏང་སྟེ། དཔལ་འབྱོར་སྲིད་ཇུས་མང་པོ་ཞིག་འབྱོར་འབྲིང་གི་རིམ་གྲས་སུ་གཞོལ་དགོས་ཞེས་གསུངས། །