ཁམས་ཀྱི་དྲ་བའི་འཕྲིན། རྟའུ་རྫོང་གིས་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་ཁྱོན་ཡོངས་ནས་སྲུང་སྐྱོང་བྱས་ཤིང་། སྐྱེ་ཁམས་ཁྱོན་ཡོངས་ཀྱི་དོ་དམ་ཚོད་འཛིན་ལམ་ལུགས་དང་སྐྱེ་ཁམས་བཅོས་སྐྱོང་མ་ལག། སྐྱེ་ཁམས་སྲུང་སྐྱོང་བྱ་ཐབས་བཅས་ལག་བསྟར་ཤུགས་ཆེན་བྱས་ཡོད་པ་དང་། འདམ་ར་སོགས་སྐྱེ་ཁམས་ནུས་པའི་ས་ཁོངས་གཙོ་གནད་ཀྱི་སྲུང་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་བསྣན་ཏེ་མང་ཚོགས་སྡོད་རྒྱུར་འཚམ་ཞིང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་རྟའུ་སྐྲུན་བཞིན་ཡོད་པ་རེད།
སྐྱེ་ཁམས་ནུས་ཁུལ་གཙོ་གནད་ལ་སྲུང་སྐྱོང་བྱ་ཆེད། རྟའུ་རྫོང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཁུལ་གཏོད་པར་ཆེད་ལས་འཛིན་གྲྭ་སྒྲིག་འཛུགས་བྱས་ནས་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་སྤེལ་བ་དང་། སྒྲིག་འགལ་ངང་བསྐྲུན་པའི་སྡོད་ཁང་སྨི་གྲུ་བཞི་མ1100བཤིག་པ་དང་། གང་བྱུང་དུ་བདག་བཟུང་བྱས་ཡོད་པའི་ས་མུའུ20ལྷག་ཙམ་བཅོས་སྒྲིག་བྱས་ཤིང་། སྤྱི་ལེ3.5ཡི་རིང་ཚད་ཀྱི་ཆུ་རྐ་བསྐྲུན་ཏེ་ཆུ་འདྲེན་ནས་འདམ་ར་བསྐྲུན་ཡོད་པ་རེད། སྤྱི་ལོ2018ལོར་མ་དངུལ་སྒོར་ཁྲི2950གྲབས་གསོག་བྱས་ནས་རྫོང་ནུབ་འདམ་ར་ཉམས་གསོའི་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་རྟའུ་རྫོང་གི་འདམ་ར་སྲུང་སྐྱོང་རྒྱ་ཁྱོན་དེ་སྔའི་མུའུ200ལྷག་ཙམ་ནས་ད་ལྟའི་མུའུ658བར་མང་དུ་བཏང་བ་རེད། དེ་དང་ཆབས་ཅིག་རྫོང་ནུབ་འདམ་ར་སྲུང་སྐྱོང་དང་དོ་དམ་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་པས། འདམ་ར་ས་ཁུལ་དུ་ད་ལྟར་སྒལ་ཚིགས་སྲོག་ཆགས་ཀྱི་རུས24དང་ཚན38དང་སྣ47ཡོད་པ་ཤེས་རྟོགས་བྱུང་ཡོད། དེའི་ཁྲོད་དུ་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ལ་བྱ་རྒོད་དང་། ཞིང་ཆེན་རིམ་པའི་སྲུང་སྐྱོབ་བྱ་ཡུལ་ལ་བོད་ཝ་དང་ཏེ་ལོ། ངང་སེར་དང་། ངང་པ། སྐྱོར་མོ་སོགས་རིགས50ལྷག་ཙམ་ཀྱི་འདབ་ཆགས1000ལྷག་ཙམ་འཚོ་སྡོད་བྱེད་ཀྱི་ཡོད།
རྟའུ་རྫོང་གི་འདམ་ར་ནི་རྫོང་མཁར་གྱི་ཉེ་འགྲམ་དུ་གནས་པ་དང་འདམ་རའི་ནང་གི་ཕུན་སུམ་ཚོགས་པའི་སྔོ་ཁེབས་ཀྱིས་དངོས་རིགས་སྣ་མང་རང་བཞིན་ལ་སྲུང་སྐྱོང་དང་། གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་དང་ས་ཁོངས་ཀྱི་གནམ་གཤིས་སྙོམས་སྒྲིག་ནུས་ལྡན་བྱས་ཤིང་། རྫོང་མཁར་གྱི་མིའི་འཚོ་སྡོད་ཁོར་ཡུག་ལེགས་སུ་བཏང་བ། འདམ་རའི་ཕྱོགས་བསྡུས་ཕན་ནུས་འདོན་སྤེལ་ནུས་ལྡན་བཅས་བྱས་ཡོད་པ་རེད། མིག་སྔར་རྟའུ་འདམ་རའི་སྐྱེ་ཁམས་ཕན་འབྲས་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་པས་རྫོང་ཡོངས་ཀྱི་མང་ཚོགས་ཀྱི་སྤྲོ་གསེང་ལུས་སྦྱོང་རོལ་རྩེད་བྱེད་ས་ཞིག་ཏུ་གྱུར་ཡོད་ལ། རྟའུ་མི་དམངས་ཚོས་གནས་འདི་ནས་རི་དང་གཙང་པོ་མཐོང་ཞིང་ཕ་ཡུལ་ལ་ཞེན་པ་འགོག་མེད་དུ་སྐྱེ་ཐུབ་པའི་ནུས་པ་ལྡན་ཞིང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད་པ་རེད།