བོད་ལྗོངས་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་དང་། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། གཞིས་རྩེ་གྲོང་ཁྱེར་མི་དམངས་སྲིད་གཞུང་སོགས་ཀྱིས་གཙོ་གཉེར་བྱས་པའི་རྒྱལ་ཁབ་ཀྱི་ཡོན་ཧྲི་དང་རིགས་གཅིག་མཁས་ཅན་བོད་ལྗོངས་སུ་ཕེབས་ནས་འོས་འགན་སྨན་བཅོས་བྱེད་པ་དང“བོད་ལྗོངས་ཀྱི་མི་ཚང་མ་བདེ་ཐང་ཡོང་བར་བྱེད་པའི”སྤྱི་ཕན་རྣམ་གྲངས་ཚེས་10ཉིན་གྱི་སྔ་དྲོ་གཞིས་རྩེ་གྲོང་ཁྱེར་དུ་སྤེལ་འགོ་ཚུགས་ཤིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་བོད་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱི་ལས་འཛིན་དཔོན་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་ཤིས་ཚིག་བསྒྲོན་པ་དང་འབྲེལ་རྣམ་གྲངས་སྤེལ་འགོ་ཚུགས་པའི་ཁྱབ་བསྒྲགས་ཀྱང་གནང་བ་རེད།
རྣམ་གྲངས་སྤེལ་འགོ་ཚུགས་པའི་མཛད་སྒོ་འཚོག་ཡུལ།
པཎ་ཆེན་རིན་པོ་ཆེས་ཤིས་ཚིག་སྒྲོན་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ང་ཚོས“བོད་ལྗོངས་ཀྱི་མི་ཚང་མ་བདེ་ཐང་ཡོང་བར་བྱེད་པའི”སྤྱི་ཕན་རྣམ་གྲངས་སྤེལ་བའི་དམིགས་ཡུལ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་བཅངས་པའི་དྲིན་ཚོར་གྱི་བསམ་པ་དེ“མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་ཡོང་བར་བྱེད་དགོས་པའི”ལག་ལེན་དངོས་ལ་བསྒྱུར་བ་བྱས་ནས། བོད་ལྗོངས་ཀྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་དང་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་ཕུགས་ཕན་ཅན་གྱི་གཟུགས་པོའི་བརྟག་དཔྱད་དང་ཆེད་ལས་ཅན་གྱི་ནད་བརྟག་སྨན་བཅོས་བྱེད་པ་བརྒྱུད། ས་མཐོའི་ནད་རིགས་གྲལ་བཤེར་གྱི་དྲ་སྦྲེལ་འདེགས་སྐྱོར་གྲངས་འཛིན་ཅན་གྱི་ལས་སྟེགས་དང་སྙིང་ཁམས་ཁྲག་རྩའི་ནད་བརྟག་སྨན་བཅོས་རྟེན་གཞི་ཧུར་ཐག་སྐྲུུན་པ་དང་། བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་ཐང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་བསྐངས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་ཆེད་ནུས་སེམས་གཅིག་ཏུ་བསྒྲིལ་རྒྱུ་དེ་རེད་ཅེས་གསུངས་པ་རེད།
པཎ་ཆེན་མཆོག་གིས“བོད་ཀྱི་མི་ཚང་མ་བདེ་ཐང་ཡོང་བར་བྱེད་པའི”སྤྱི་ཕན་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ།
པཎ་ཆེན་མཆོག་གིས་གསུངས་དོན། བོད་ལྗོངས་དར་རྒྱས་རོགས་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱིས་ཏང་ཀྲུང་དབྱང་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཧུར་ཐག་བྱས་ཏེ། “གཅེས་སེམས་བརྒྱུད་སྤྲོད་བྱེད་མཁན”གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་དེ་བས་མང་བ་བོད་ཀྱི་སྤྱི་ཕན་དགེ་སྒྲུབ་བྱ་གཞག་ནང་ཞུགས་རྒྱུར་སྐུལ་ཁྲིད་ཧུར་ཐག་བྱེད་པ། “བོད་ཀྱི་མི་ཚང་མ་བདེ་ཐང་ཡོང་བར་བྱེད་པའི”སྤྱི་ཕན་བྱེད་སྒོའི་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་ལམ་སྲོལ་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ས་ཁུལ་དང་གྲོང་ཁྱེར་དེ་བས་མང་བར་ཁྱབ་པ་དང་མང་ཚོགས་དེ་བས་མང་བར་ཕན་པ་ཐོབ་པ་བཅས་བྱས་ནས། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་ཡོང་ཆེད་དེ་བས་མང་བའི་གཅེས་སེམས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་རྒྱུ་ཡིན།
རིགས་གཅིག་མཁས་ཅན་གྱི་ཚོགས་པས་གཞིས་རྩེ་གྲོང་ཁྱེར་གྱི་གཙང་ཁང་སྨན་ཁང་དུ་འོས་འགན་སྨན་བཅོས་བྱེད་བཞིན་པ།
རིགས་གཅིག་མཁས་ཅན་གྱི་ཚོགས་པས་གཞིས་རྩེ་གྲོང་ཁྱེར་གྱི་ལྟེ་གནས་ཚོགས་ཁང་དུ་འོས་འགན་སྨན་བཅོས་བྱེད་བཞིན་པ།
ཤེས་རྟོགས་བྱུང་བར་གཞིགས་ན། “བོད་ཀྱི་མི་ཚང་མ་བདེ་ཐང་ཡོང་བར་བྱེད་པའི”སྤྱི་ཕན་རྣམ་གྲངས་ཀྱིས་བོད་ལྗོངས་ཀྱི་ཞིང་འབྲོག་པ་དང་ལས་བྱེད་པ་དང་མང་ཚོགས་ཁྲོད་ས་གནས་རང་བཞིན་གྱི་སྙིང་ཁམས་ཁྲག་རྩའི་ནད་ཀྱི་ཆེད་ཚན་བདེ་ཐང་བརྟག་དཔྱད་བྱ་རྒྱུ་དང་ཆབས་ཅིག གཞིས་རྩེའི་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པར་གྲལ་བཤེར་བརྟག་དཔྱད་དང་སྨན་བཅོས་གཞན་སྒྱུར་ལ་སྤྱི་ཕན་རོགས་སྐྱོར་ཡུན་རིང་བྱས་ནས་བོད་ལྗོངས་ཀྱི་ས་བབ་མཐོ་བའི་ས་ཁུལ་གྱི་བདེ་ཐང་སྨན་བཅོས་ཆ་རྐྱེན་ལེགས་སུ་གཏོང་རྒྱུར་རམ་འདེགས་བྱ་རྒྱུ་རེད། རྒྱལ་ཁབ་ཀྱི་ཡོན་ཧྲི་དང་རིགས་གཅིག་མཁས་ཅན་བོད་ལྗོངས་སུ་ཕེབས་ནས་འོས་འགན་སྨན་བཅོས་བྱེད་པའི་བྱེད་སྒོ་དེ་ཀྲུང་གོ་ཚན་རིག་ཁང་གི་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཡོན་ཧྲི་དང་རྒྱལ་ནང་གི་ཀ་པ་རིམ་པ་གསུམ་པའི་སྨན་ཁང་གི་རིག་ཚན་ཁག་གི་རིགས་གཅིག་མཁས་ཅན་གྲགས་ཅན་47ལས་གྲུབ་པ་དང་དེ་བཞིན་བོད་ལྗོངས་ཧྥུའུ་ཁང་སྨན་ཁང་དང་། ཧྭ་དབྱི་ཤིན་ཁྲེང་སྨན་པའི་ཚོགས་པ། “སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད”སྒྲིག་འཛུགས་ཨུ་ལྷན་གྱི་སྨན་དོན་མི་སྣ་དང་དང་བླངས་པ་བཅས་མཉམ་དུ་ཞུགས་ནས་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་དང་། གཞིས་རྩེ་གྲོང་ཁྱེར་གཙང་ཁང་སྨན་ཁང་། རྣམ་གླིང་རྫོང་མི་དམངས་སྨན་ཁང་། བསམ་གྲུབ་རྩེ་ཆུས་ལྷན་ཤང་དང་། གདོང་དཀར་ཤང་། རྒྱ་མཚོ་གཞུང་ཤང་། རྣམ་གླིང་རྫོང་གི་མདོ་བརྗོད་ཤང་དང་ཨེ་མ་ཤང་བཅས་སུ་བསྐྱོད་དེ་རིག་གཞུང་བགྲོ་གླེང་དང་འོས་འགན་སྨན་བཅོས་ཞབས་ཞུ་སོགས་ཀྱི་སྤྱི་ཕན་བྱེད་སྒོ་སྤེལ་རྒྱུ་རེད།