ཅི་བྱ་གཏོལ་མེད།
གངས།( རྨ་ཆུ་རྫོང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-14
ང་རང་ཉིན་དེའི་ཕྱི་དྲོའི་སེམས་ཁམས་དང་གནམ་གཤིས་གཉིས་ལ་འབྲེལ་བ་མེད་པའི་གླུ་དབྱངས་ཤིག་ལ་ཉན་བཞིན་སྲང་ལམ་དུ་འཁྱམས། ནམ་མཁར་སྤྲིན་ནག་འཁྲུགས་ཤིང་། ཆར་བ་ཆེན་པོ་ཞིག་འབབ་ལ་ཉེ། རྒྱ་སྲང་གི་མི་རྣམས་སྤྲིན་པ་ནག་པོ་ཡུགས་ཅིག་གི་འོག་ན་ཕྱོགས་བཞི་མཚམས་བརྒྱད་དུ་གཤར་གྱིན་འདུག ཁོ་ཚོའི་ཧ་ཅང་བྲེལ་འཚུབ་ཆེ་བའི་གོམ་སྟབས་ཀྱིས་མི་སེམས་ལ་བྲེད་ཤ་སློང་བར་བྱེད།
ས་རུབ་ལ་ཉེ་དུས། ང་རང་ཁྱིམ་དུ་ལོག་མི་འདོད་ལ་གནས་གང་ཞིག་ཏུ་སོང་ནས་ངལ་གསོ་བྱེད་དགོས་ཀྱང་མི་ཤེས་པས་སྲང་ལམ་དུ་འཁྱམས། གེ་སར་ཐང་གི་གཡས་ཕྱོགས་ཀྱི་ཆང་ཁང་ཆུང་ཆུང་ཞིག་མིག་ལ་མངོན་ཡོང་། དེའི་སྒོ་བྱང་དུ་ཧི་མ་ལ་ཡའི་རྨི་ལམ་ཞེས་བྲིས་འདུག་པའི་ཡིག་འབྲུ་དག་མཐོང་བས་རྫོང་མཁར་ཆུང་ཆུང་འདི་རུ་ཅི་འདྲའི་མིང་ཡག་པོ་ཅན་གྱི་ཆང་ཁང་ཞིག་འདུག་ཨང་སྙམ་བཞིན་དེའི་ནང་དུ་འཛུལ།
ཞབས་ཞུ་བ་གཞོན་ནུ་དེས་བུ་མོ་མཛེས་མ་ཞིག་དཔུང་ཁུག་ཏུ་བཟུང་ནས་ཅི་ཞིག་བཤད་ཀྱིན་མཛའ་གཏམ་གྱི་སྣང་བའི་ཁྲོད་གཡེང་འདུག ང་རང་ནང་དུ་འཛུལ་ནས་སྐར་ཆ་བཅུ་ཡས་མས་ཤིག་འགོར་ནའང་ཁོ་གཉིས་ཀྱིས་ང་རང་མ་མཐོང་བའམ་ཡང་ན་མཐོང་ཡང་སྣང་མེད་བྱས་པ་ཅི་ཡིན་མི་ཤེས་མོད། ང་ལ་ཁ་ཡ་མི་བྱེད། སྐབས་འདིར་ཆང་ཁང་དུ་ང་མ་གཏོགས་མགྲོན་པོ་གཅིག་ཀྱང་མི་འདུག ང་སྒེའུ་ཁུང་གམ་གྱི་འདུག་སྟེགས་ཤིག་ཏུ་བསྡད་དེ་ཤོག་དུད་རྐང་གཅིག་ལ་མེ་བསྒོས་ནས་ཞབས་ཞུ་བ་བསླེབ་པར་སྒུགས། ཁོ་གཉིས་ཀྱིས་མཚམས་མཚམས་སུ་མཚར་བའི་མིག་ཞགས་ངའི་ཕྱོགས་སུ་འཕེན་པ་དེས་ས་ཆ་འདི་ནས་བུད་མེད་ཅིག་གིས་ཅི་མི་སྙམ་པར་དུ་བ་འཐེན་པ་ནི་རྒྱུན་ལྡན་གྱི་དོན་དག་ཅིག་མིན་ཞེས་བཤད་པ་དང་གཉིས་སུ་མ་མཆིས། དེའི་རྗེས་ནས་གཞོན་ནུ་དེ་ངའི་གམ་དུ་ཡོང་ནས་བཏུང་བ་ཅི་དགོས་འདྲི། ངས་དྲེད་དཀར་རྟགས་ཀྱི་སྦི་རག་དམ་བེ་འགའ་དགོས་ཞེས་བཤད། ཞབས་ཞུ་བས་ཁ་ཕར་མ་འཁོར་སྔོན་ལ་ཟླ་བ་སྒྲོལ་མས་ད་སྐབས་འདིར་ལས་ཀ་བྱེད་ཀྱིན་མེད་དམ་ཞེས་དྲིས། ཞབས་ཞུ་བ་ཧ་ཅང་མཚར་བའི་ཉམས་ཀྱིས་ན་རེ། ཟླ་བ་སྒྲོལ་མ་ཟེར་བ་སུ་རེད་ཟེར། སྐབས་དེར་ངས་ཆང་ཁང་དེ་ནི་སྔོན་ཟླ་བ་སྒྲོལ་མ་ཡོད་པའི་ཆང་ཁང་གཞན་ཞིག་ཏུ་འཁྲུལ་ནས་དེ་ལྟར་བྲིས་པ་ཤེས་ཤིང་། ཁོའི་དྲི་བ་དེས་ང་རང་འཕྲུལ་སྣང་ཟ་ཟི་ཞིག་ལས་ཕྱིར་ཁྲིད་བྱུང་། གལ་ཏེ་མོ་འདིར་ཡོད་ན་ཉེ་ལམ་མོས་དགའ་རོགས་གསར་བ་སུ་བཙལ་ཡོད་མེད་དང་བལྟས་ཟིན་པའི་མུ་འབྲེལ་གློག་བརྙན་གང་དག་ཡོད་པ་ང་ལ་ངོ་སྤྲོད་བྱེད་ངེས། ངས་ཟླ་གཉིས་ལྷག་ལ་ཁོ་མོར་འབྲེལ་བ་གང་ཡང་མ་བྱས་པ་ཚོར་བྱུང་། མོ་ནི་གླུ་དབྱངས་འདྲ་མིན་སྣ་ཚོགས་ལ་ཉན་རྒྱུར་དགའ། འོན་ཀྱང་མོས་མཚམས་མཚམས་སུ་བོད་པའི་ལ་རྒྱའི་གླུ་དབྱངས་ལེན་མཁན་དག་ལ་ཀུ་རེ་དང་དོན་དམ་འདྲེས་མའི་ཟུར་ཟ་མཚར་བོ་རེ་བྱེད།
ངའི་ཁ་པར་ནང་ནས་འཇམ་དབྱངས་བཀྲ་ཤིས་ཀྱིས་བླངས་པའི་སྐྱིད་ཀྱི་འཛམ་གླིང་ཞེས་པའི་གླུ་དེ་སྙན་ལྷང་ལྷང་དུ་གྲགས་ཡོང་། དེ་ནི་ངའི་སློབ་ཆེན་སྐབས་ཀྱི་དགའ་རོགས་ས་ཁི་ཚེ་རིང་ཧ་ཅང་ཉན་རྒྱུར་དགའ་བའི་གཞས་ཤིག་ཡིན། ཕྱིས་སུ་ངེད་གཉིས་ཁ་ཁར་གྱུར་རྗེས་ངས་ཁ་པར་གྱི་འབོད་སྒྲར་གཞས་འདི་བཞག་པ་ཡིན། གཞས་འདིའི་ནང་དུ་ངའི་ལང་ཚོའི་འཇིག་རྟེན་གྱི་འདས་ཟིན་པའི་གཏམ་རྒྱུད་དང་དྲན་པ་མང་པོ་ཞིག་ཉར་ཡོད་པ་ང་རང་ཉིད་མ་གཏོགས་ཤེས་མཁན་གཅིག་ཀྱང་མེད།
ཁ་པར་གྱི་འཆར་ཤེལ་ངོས་སུ་ཨང་གྲངས་ཆ་མེད་ཅིག་མངོན་དུས་ངས་སུ་ཡིན་ནམ་སྙམ་བཞིན་ལམ་སང་ཁ་པར་སྒོ་ཕྱེས།
“ཝེ།”
“ཅི་བྱེད་ཀི་ཡོད།”
“ཁྱོད་སུ་ཡིན།”ངས་ཁོའི་སྐད་སྒྲ་ཐོས་མ་ཐག་སུ་ཡིན་པ་ཤེས་བཞིན་དེ་ལྟར་དྲིས།
“ང་རྡོ་རྗེ་ཡིན།”
སྔོན་ཆད་ཁོས་བཤད་པའི་ཀུ་རེའི་དང་བཙོག་བཤད་འདྲེས་མའི་སྐད་ཆ་དེ་དྲན་བྱུང་། ཁོའི་བཟའ་མི་དང་གྲོགས་པོ་ཚོའི་སྣང་ངོར་རྡོ་རྗེ་ནི་མི་ཞིག་ཡིན་ལ། ཁོ་དང་ལུས་འབྲེལ་ཡོད་པའི་བུ་མོ་ཚོའི་སེམས་སུ་རྡོ་རྗེ་ནི་རྩལ་དང་ནུས་པ་ཆེ་བ་ཞིག་ཡིན་ཟེར་མྱོང་།
“འོ།”ངས་དེ་ལྟར་ལན་སྟབས་བདེ་ཞིག་འདེབས་པ་ནི་ཁོར་ཁ་ཡ་བྱེད་འདོད་མེད་པའི་རྣམ་འགྱུར་ཅིག་བསྟན་པ་ཡིན།
“ཁྱོད་གང་ན་ཡོད།”
“ང་ཧི་མ་ལ་ཡའི་རྨི་ལམ་ཞེས་པའི་ཆང་ཁང་དེའི་ནང་ན་ཡོད།”
“ཁྱོད་རང་གཅིག་པུ་ཡིན་ནམ།”འདི་ནི་ཁོས་རྒྱུན་ལྡན་དུ་ང་ལ་འབྲེལ་བ་བྱེད་དུས་འདྲི་བར་གོམས་པའི་དྲི་བ་ཞིག་ཡིན་པས་ད་ལྟ་རྣར་ལོབས་སུ་གྱུར་འདུག
“ཡིན། ཅི་རེད།”
“ང་ཡང་ཁོམ་ཡོད། ཁྱོད་ལ་འདུག་རོགས་སུ་ཡོང་། འུ་གཉིས་ཀྱིས་མཉམ་དུ་ཆང་འཐུང་ནས་ཁ་བརྡ་བྱེད་ཆོག”
“ཁྱོད་ཀྱིས་ས་ཆ་འདི་གང་ཡིན་ཤེས་སམ། འདི་ནི་རྨ་ཆུ་རེད། ས་ཆ་འདི་འདྲའི་ཆུང་ཆུང་ཞིག་ན་འུ་གཉིས་མི་ཤེས་མཁན་སུ་ཡོད། དེ་རིང་མཉམ་དུ་བསྡད་ན་སང་ཉིན་གཞན་གྱི་གཏམ་མི་ཁས་བསྒྲགས་ནས་གསར་འགྱུར་དུ་འགྱུར་ངེས་པས་ཁྱོད་རང་ངའི་གམ་དུ་ཡོང་གི་མ་འདུག”སྐད་ཆ་འདི་ནི་ངས་ཁོར་བཤད་འདོད་པ་དངོས་མིན་མོད། ངའི་གྲོགས་མོ་སྒྲོལ་དཀར་གྱིས་མོར་འབྲེལ་བ་བྱེད་མཁན་ཚོར་ལན་དེ་ལྟར་སློག་གི་ཡོད་པས་ངས་ཀྱང་རང་ཉིད་ཟེར་བའི་བདག་པོ་རྒྱག་ས་ཞིག་ཡོད་མདོག་གིས་མོའི་སྐད་ཆ་དེ་བསྐྱར་ཟློས་བྱས་པ་ཡིན། ཁོས་སྐད་ཆ་དེ་ཐོས་མ་ཐག་ངའི་སྟེང་ལ་ཞེ་གཏིང་ནས་ཚིག་པ་ཟ་བ་འདྲ་སྟེ། སྐད་ཆ་འདི་འདྲ་ཞིག་ཐལ་བྱུང་།“ཁྱོད་རང་ཚེ་གང་བོར་བཙོན་ཁང་ནང་ནས་སྒོར་འབུད་རྒྱུ་མིན་ནམ།”
ངས་ཁོའི་སྐད་ཆ་དེའི་ནང་དོན་མ་རྟོགས་པའི་ཚུལ་གྱིས།“ཁྱོད་ཀྱི་སྐད་ཆ་འདིའི་ནང་དོན་ཅི་ཡིན།”
སྐབས་དེར་ཁོས་གསལ་བཤད་ཅིག་མི་བྱེད་ཀ་མེད་དུ་གྱུར་ཏེ།“ཁྱོད་ཀྱིས་དུས་རྒྱུན་གཞན་གྱི་མིག་ནང་གི་ཁྱོད་རང་ཁོ་ན་སྲུང་ནས་རང་གི་འགྲོ་འདུག་སྤྱོད་གསུམ་གྱི་རང་དབང་ཤོར་ན། ཁྱོད་རང་ཟས་ཞིམ་པོ་ལ་རོལ། གོས་གོང་ཆེན་གྱོན། སྡོད་ཁང་གཙང་མར་བསྡད། རླངས་འཁོར་རྫིག་པོ་བསྐོར། གསེར་དངུལ་གྱི་བང་མཛོད་དུ་གྱུར་པའི་སྐྱེས་པ་ཞིག་གི་གཅེས་སྐྱོང་དང་བརྩེ་བ་ཐོབ་ཀྱང་། དོན་དུ་ཁྱོད་རང་ཚེ་གང་བོར་གཟུགས་མེད་ཀྱི་བཙོན་ར་ཞིག་ཏུ་ཡོད་པ་དང་ཁྱད་པར་མི་འདུག”
ངས་སྐད་ཆ་དེ་ཐོས་མ་ཐག“བུ་མོ་ཞིག་ལ་མཚོན་ན་རང་གི་མིང་དང་སྣང་བརྙན་སྲུང་བ་ལས་གལ་ཆེ་བ་ཞིག་གང་ན་ཡོད། གང་ལྟར་ཁྱོད་ངའི་སར་ཡོང་མི་དགོས།”ངའི་ངག་ནས་ཤོར་བའི་ཚིག་གོང་མ་དེ་ཡང་སྒྲོལ་དཀར་གྱིས་སྐྱེས་པ་ཞིག་ལ་བཤད་མྱོང་བའི་སྐད་ཆ་ཚིག་གཅིག་བསྐྱར་ཟློས་བྱས་པ་ཡིན།
“རྫི་རྫི་བྱེད་ཀི་མ་འདུག ཁྱོད་སྤྱང་ཀི་རྔ་ལོ་ཤ་མི་བཟའ་ནི་ཞིག་ཡིན་མིན་ངས་ལོས་ཤེས། ས་ཆ་འདིར་མཚོན་ན་ཁྱོད་འུ་གཉིས་གྲངས་ཀྱི་གྲས་སུ་ཡོད་པ་ཙམ་ལས་རྐང་གི་གྲས་སུ་ཡོད་པ་མ་རེད། ཁྱོད་ཀྱིས་རང་ཉིད་ལ་སྣང་བརྙན་ཞིག་ཡོད་པར་འདོད་པ་ནི་འཕྲུལ་སྣང་འབའ་ཞིག་རེད། ས་ཆ་འདིའི་མི་རྣམས་ཀྱིས་ཁྱོད་ཟེར་བ་ཞིག་འཇིག་རྟེན་ན་ཡོད་མེད་ཀྱང་མཉམ་འཇོག་གི་ཡོད་མི་སྲིད།”དེ་ལྟར་རྡོ་རྗེས་མུ་མཐུད་དུ་ཅི་ཞིག་བཤད་ཀྱིན་སྐད་མགོ་ཇེ་མཐོར་གྱུར། ཚིག་རྔ་མ་རྫོགས་སྔོན་ངས་ཁ་པར་སྒོ་ཁྲོགས་སེ་བརྒྱབ་བཞག དོན་དངོས་སུ་ངས་རང་ཉིད་གྲངས་ཀྱི་གྲས་སུ་བཞག་མེད་ལ་རྐང་གི་གྲས་སུ་ཡང་བཞག་མེད་པས་སྐད་ཆ་དེ་སྐྱེས་པ་གཞན་ཞིག་གིས་སྒྲོལ་དཀར་ལ་བཤད་པ་ལྟ་བུ་ཞིག་ཏུ་སྣང་ནས་ཁོང་དགོད་ཅིག་རང་དབང་མེད་པར་ཤོར་སོང་།
སྐབས་དེར་ཆང་ཁང་གི་ཞབས་ཞུ་བའི་དགའ་རོགས་བུ་མོ་དེས་རོལ་དབྱངས་ཤིག་བཏང་བྱུང་། གཞས་དེའི་མིང་ལ་ཅི་ཟེར་མི་དྲན་ནའང་། གླུ་ཚིག་ནི་ཤིན་ཏུ་རྒྱུས་ཡོད་ཅིག་སྟེ།“རྟ་ཕོ་གསེག་བཞོན་གྱིས་རྒྱང་ལམ་འགྲིམས་པའི་དུས་ཚོད་ཡལ་ཟིན”ཞེས་པའི་ཚིག་དེ་སེམས་གཏིང་ལ་ཟུག་བྱུང་། ཚིག་དེས་ངའི་དྲན་པའི་སྒོ་མོ་ཕྱེས་པ་ཇི་བཞིན། འཇིག་རྟེན་མི་ཡུལ་ལ་བྲལ་ནས་ལོ་ཟླ་མང་པོ་འདས་པའི་ཨ་ཕ་ལགས་དྲན་བྱུང་། ཨ་ཕས་འཇིག་རྟེན་ཇེ་ཡག་ཏུ་འགྲོ་ཐབས་མེད་པ་ཤེས་བཞིན་ང་རང་མི་ཡག་པོ་ཞིག་འཁྱོངས་པར་རེ་བའི་ཞལ་ཏ་མང་པོ་མཛད་མྱོང་། དུས་ད་ལྟ་ངའི་ཨ་ཕ་ནི་ཡལ་ཟིན་པའི་དུས་ཚོད་ཀྱི་ཁྲོད་ན་ལུས་ཤིང་། ང་ནི་ནམ་འཆི་ངེས་མེད་ཀྱི་མི་ཡི་གྲོང་གི་སྣང་བ་ཁོ་ནར་ཁེན་ནས་འཚོ་བཞིན་ཡོད། ཨ་ཕ་བཞུད་ཟིན། འོན་ཀྱང་དུས་ད་ལྟ་ཁོང་གིས་ང་ལ་བཅངས་པའི་བརྩེ་སེམས་དང་ཞལ་ཏ་ནི་དུས་ཚོད་ཀྱི་འཆིང་བ་ལས་གྲོལ་ཏེ་ང་དང་འགྲོགས་ནས་ཡོད། ངས་མདུན་གྱི་ཅོག་ཙེའི་སྟེང་གི་ཆང་ཕོར་ལས་རང་ཉིད་མཐོང་བྱུང་། ང་རང་ཆང་ཕོར་ཁ་ཡི་ལྦུ་བ་དེ་དང་ཤིན་ཏུ་འདྲ་བོ་འདུག སྤི་རག་ཤེལ་དམ་སྟེང་གི་དྲེད་དཀར་དེ་ངའི་མིག་གི་མཆི་མའི་ཁྲོད་ནས་རབ་རིབ་མག་མོག་ཏུ་གྱུར་ནས་རེ་ཞིག་མི་སྣང་བར་གྱུར།
ངས་གྲོགས་མོ་པ་སངས་ལ་ཁ་པར་བཏང་བ་ཡིན། མོ་ངའི་གམ་དུ་ཡོང་ཁོམ་མེད། བྱིས་པ་འགའ་ལ་དབྱིན་ཡིག་གཟབ་ཁྲིད་བྱེད་དགོས་ཟེར། སྤྱིར་ན་ངས་ཁོ་མོར་ཁ་པར་གཏོང་འདོད་པ་མིན་པར། རྡོ་རྗེ་ལ་ཁ་པར་གཏོང་འདོད་པ་ཡིན་མོད། ང་རང་བཙོན་ཁང་དུ་བསྡད་འདུག་ཅེས་པའི་སྐད་ཆ་དེ་ཡིད་ལ་འཁོར་བའི་དུས་སྐད་ཅིག་མ་དེར་ངའི་བློ་ལ་འགྱུར་བ་བྱུང་སྟེ་ཁོར་འབྲེལ་བ་བྱེད་པའི་ཡི་ག་མེད་པར་གྱུར་པས་པ་སངས་ལ་ཁ་པར་བཏང་བ་ཡིན། ཡིན་ནའང་ཉི་མ་རི་ལ་ཡིབ་སྟེ་ས་རུབ་རྗེས་ཁོས་མཚན་མོ་གོས་སུ་གྱོན་ནས་ང་རང་འཚོལ་དུ་ཡོང་བར་ཡིད་ཆེས་ཡོད། འོན་ཀྱང་ས་ཡོངས་སུ་རུབ་ནས་ཁོ་ར་ཁོར་ཡུག་སྨག་ནག་གིས་ཡོངས་སུ་བཏུམས་འདུག ང་ཡང་ཆང་ཁང་ནང་ནས་སྒོར་འབུད་རན་འདུག ས་རུབ་དུས་མི་སུ་ཡིན་ཡང་རང་ཉིད་ཁོ་ནར་གཏོགས་པའི་ལམ་ཞིག་ཡོད་པ་དེའི་ནང་དུ་འགྲོ་དགོས། ང་རང་འགྲོ་སའི་ལམ་བུ་དེའི་སྣེ་མོ་འཇིག་རྟེན་སྟེང་གི་ཆེས་དྲོད་ཁོལ་ལྡན་པའི་གནས་ཤིག་ཏུ་འཐེན་ཡོད་ན་ཅི་མ་རུང་སྙམ།
སྦི་རག་ཤེལ་དམ་འགའ་འཐུང་ཚར་རྗེས་ང་རང་དམིགས་མེད་དུ་སྒོར་འབུད་རྩིས་བྱས། ཞབས་ཞུ་བ་གཞོན་ནུ་དེའི་གམ་གྱི་བུ་མོ་དེ་དུས་ནམ་ཞིག་ལ་སྒོར་བུད་པ་ངས་མ་ཚོར། གང་ལྟར་མཐོང་ལམ་ན་མི་འདུག ཞབས་ཞུ་བ་ངའི་གམ་དུ་ཡོང་ནས་ཙོག་སྟེ་ང་ལ་ཁ་བརྡ་བྱེད་པའི་བཟོ་སྟོན། དེ་ནས་ང་ཡང་འགྲོ་འདོད་པའི་ཚུལ་མ་བྱས་པར་མུ་མཐུད་དུ་སྦི་རག་ཤེལ་དམ་འགའ་འཐུང་བཞིན་བསྡད།
ཞབས་ཞུ་བ་ན་རེ། “ཁྱོད་ས་ཆ་གང་ནས་ཡིན།”
“ང་རྨ་ཆུ་ནས་ཡིན།”
“ད་སྐབས་ལས་ཀ་ཅི་ཞིག་བྱེད་ཀྱིན་ཡོད་དམ།”
“གནས་སྐབས་སུ་ང་ལ་ལས་ཀ་ཅི་ཡང་མེད།”
ཁོས་ངའི་གནས་ཚུལ་ཤེས་ན་འདོད་ཀྱིན་ཡོད་པ་ཤེས་པས་ངས་ཀྱང་ངོ་སྤྲོད་ཅིག་བྱེད་བསམ་སོང་།
“ང་རང་ཆུང་དུས་ནས་ས་ཆ་འདི་ནས་ལག་ཆགས་པ་ཡིན། སློབ་གྲྭ་རིམ་པ་བཞིན་འགྲིམས་ཏེ་ན་ནིང་སློབ་ཆེན་མཐར་ཕྱིན་རྗེས་ཕྱིར་ཕ་ཡུལ་ལ་ལོག གཞུང་ལས་པའི་བྱ་བ་ཞིག་རེག་ཕྱིར་གཞུང་ཕྱོགས་ཀྱི་ཡིག་རྒྱུགས་ལ་ཐེངས་འགར་ཞུགས་མོད། ཡིག་རྒྱུགས་མ་འཕྲོད་པས་ངེས་གཏན་གྱི་ལས་ཀ་དང་ཡོང་འབབ་སོགས་གང་ཡང་མེད་པས་ད་ནི་ནང་ལོག་གི་གྲོང་ཁྱེར་ཞིག་ཏུ་གནས་སྐབས་ཀྱི་གླ་ཕོག་ཅིག་ཐོབ་ཕྱིར་ལས་ཀ་ཞིག་འཚོལ་དུ་འགྲོ་བསམ་ཡོད།”
“ཁྱོད་ཆང་ཁང་འདིའི་ནང་གི་ཞབས་ཞུ་བ་བྱེད་འདོད་དམ། ཆང་ཁང་གི་ཚོང་བདག་གིས་འདིར་ཞབས་ཞུ་བ་བུ་མོ་ལོ་ཆུང་། ཁ་སྒོ་སྐྱེ་འབྲས་ཡག་པོ་ཅན་ཞིག་འཚོལ་གྱིན་འདུག་མོད། བློར་འབབ་ཅིག་རྙེད་ཀྱིན་མི་འདུག གལ་ཏེ་ཁྱོད་རང་ལས་ཀ་འདིར་མོས་པ་ཡོད་ན་ཚོང་བདག་ལ་གྲོས་བྱས་རྗེས་སང་ཉིན་ནས་ལས་ཀར་ཞུགས་ཆོག”
དང་ཐོག་ངས་རྨ་བྱའི་འབྲུག་སྒྲ་ཐོས་པ་བཞིན་ལམ་སང་ཆོག་གི་ཞེས་ལན་བྱིན་འདོད་བྱུང་། ཡིན་ནའང་བསམ་ཚུལ་དེ་ལམ་སང་ཕ་རོལ་བོར་ཤེས་སུ་མ་བཅུག་པར་ཁྱོད་རང་འདིའི་ནང་གི་ཞབས་ཞུ་བ་མིན་ནམ་ཞེས་དྲིས། ང་རང་སློབ་ཆེན་སློབ་མ་ཞིག་ཡིན། ཉིན་འགའི་རྗེས་ནས་ནང་ལོག་ཏུ་སློབ་སྦྱོང་ལ་འགྲོ་རན་ཡོད་པས་ཚོང་བདག་གིས་ངའི་ཚབ་ཏུ་ཞབས་ཞུ་བ་ཞིག་འཚོལ་བར་བྲེལ་གྱིན་འདུག་ཟེར། ད་ཐེངས་དབྱར་ཁའི་གུང་གསེང་གི་དུས་ཚོད་སྤྱད་ནས་འདིར་ལས་ཀ་འདི་གཉེར་དོན་གཙོ་བོ་ཚོང་བདག་ནི་ངའི་ཕུ་བོ་ཡིན། དེ་བས་ངས་རོགས་རམ་བྱས་པ་ལས་ངེས་གཏན་གྱི་གླ་ཕོགས་གང་ཡང་མེད་ཟེར།
ངས“ངས་འདིའི་ནང་ནས་ལས་ཀ་བྱས་ཆོག འོན་ཀྱང་ཚོང་བདག་གི་བློར་འབབ་མིན་མི་ཤེས།”
“ཁྱོད་ཀྱིས་དེ་ལ་སེམས་ཁྲལ་བྱེད་མི་དགོས། ཚོང་བདག་གི་བློར་འབབ་མིན་ངས་ཁག་ཐེག་བྱེད་ཐུབ། ཁྱོད་རང་འཐད་པ་ཡིན་ན་སང་ཉིན་ནས་འདིར་ལས་ཞུགས་བྱ་ཆོག དུས་རྒྱུན་ལྟར་ན། སྔ་དྲོ་ལས་ཀ་ཅི་ཡང་མེད། ཆང་འཐུང་མཁན་གྱི་མགྲོན་པོ་ཕལ་མོ་ཆེ་ཕྱི་དྲོ་དང་དགོང་མོ་ལྷག་ཡོང་། དེ་བས་ཁྱོད་རང་ཉིན་གུང་ཆུ་ཚོད་བཅུ་གཉིས་ཡས་མས་སུ་ཐོན་ན་ཆོག”
སྐབས་འདིར་ངའི་ཡིད་ངོར་ང་རང་གཞན་ཞིག་ཏུ་གྱུར་པར་སྙམ། ཡག་བཤད་བྱས་ན་ཆང་མ་ཞེས་བོས་ཀྱང་མི་ཆོག་རྒྱུ་མེད་ལ། བཙོག་བཤད་བྱས་ན་ཆང་གཡོག་མ་ཞིག་སྟེ། སྐྱེ་བོ་མགོ་སྟོང་མང་པོ་འཁོར་ས་ཞིག་ཏུ་འགྱུར་ངེས། རྣམ་པ་དེ་ནི་ཤ་རུལ་བ་ལ་འབུ་འཁོར་བ་ལྟ་བུ་ཞིག་ཡིན་ངེས། དེ་བས་ང་རང་ཡང་བསྐྱར་ཐེ་ཚོམ་ཞིག་ཏུ་ཚུད་དེ་ཕ་རོལ་བོར་ལན་གསལ་བོ་ཞིག་འདེབས་རྒྱུ་མེད་པར་གྱུར།
ང་རང་ཆང་ཁང་སྒོར་བུད་ནས་གློད་འོད་ཆལ་ཆིལ་ཁྲོད་རང་ཁྱིམ་སྙེགས་ནས་འགྲོ་དུས་སེམས་པ་རྟ་ཕོ་གཤོག་ཐོགས་ཤིག་དང་འདྲ་བར་སྔོན་དུས་ཀྱི་དགའ་རོགས་ས་ཁི་ཚེ་རིང་གི་ཕྱོགས་སུ་ཆས་སོང་།
ངའི་ལག་ཁུག་ལས་སྐྱིད་ཀྱི་འཛམ་གླིང་ཞེས་པའི་གླུ་དབྱངས་དེ་གྲགས་བྱུང་། ཁ་པར་པང་ངོས་སུ་རྡོ་རྗེའི་ཨང་གྲངས་དག་ཤར་འདུག
རྒྱུ་མཚན་ཅི་ཡིན་མི་ཤེས་པར་ངས་མྱུར་དུ་ཁ་པར་ལེན་འདོད་པ་མ་ཟད། ལམ་སང་ཁོར་ཐུག་ན་འདོད་བྱུང་། ཡིན་ནའང་ངས་ཁོའི་ཁ་པར་མ་བླངས། སྐབས་འདིར་ང་ནི་རང་ཁྱིམ་དུ་ལོག་གིན་ཡོད་པ་དང་འདྲ་མོད། དོན་དུ་ང་ཡི་སེམས་པ་ས་ཁི་ཚེ་རིང་གི་གམ་དུ་ཆས་བཞིན་ཡོད་ལ། ང་ཡི་གོམ་ཁ་ནི་རྡོ་རྗེའི་ཕྱོགས་སུ་སྒྱུར་བཞིན་ཡོད།
ལམ་བར་དུ་འགྲོ་བའི་དུས་སུ་ངས་རང་ཉིད་ཀྱི་མིང་གིས་བོས་ཏེ་སྐད་ཆ་འདི་འདྲ་ཞིག་ངག་ནས་རང་དབང་མེད་པར་ཐལ་སོང་།“ཉི་མ་ལྷ་མོ། ཁྱོད་རང་ཉིན་དཀར་མཇལ་མི་འདོད་པའི་མི་ལ་ཅིའི་ཕྱིར་མཚན་མོ་ཐུག་འདོད་པ་ཡིན།”ང་ལ་མཚོན་ན་འདི་ནི་ལན་ཡང་དག་ཅིག་མེད་པའི་སེམས་ཁམས་རིག་པའི་དྲི་བ་ཞིག་ཡིན།
གློག་སྒྲོན་གྱི་འོད་མདངས་མེད་པའི་སྲང་ཤུར་དོག་མོ་དོག་མོ་ཞིག་བརྒྱུད་ནས་འགྲོ་དུས་སུ་ང་རང་མཚན་མོའི་མུན་ནག་ནང་གི་ནག་ཐིག་ཅིག་ཏུ་འགྱུར་བཞིན་པའང་ཚོར་ཐབས་མི་འདུག
སྐབས་དེར་ངའི་ལག་མགོའི་ཆུ་ཚོད་འཁོར་ལོའི་ཐག་སྒྲ་ཉིད་ཡར་མར་དུ་རྒྱུགས་པའི་རླངས་འཁོར་དག་གི་ལྡིར་སྒྲ་དང་དུང་བརྡ། འཁོར་བསྒགས་མནན་པའི་ཙིར་སྒྲ་སོགས་སྒྲ་གཟན་པོ་སྣ་ཚོགས་ཀྱི་ཁྲོད་ནས་ཇེ་གསལ་དུ་གྱུར་ཅིང་། དེས་མཚམས་མེད་པར་ངའི་ལུས་ཀྱི་དབང་རྩ་དག་རྡུང་བའི་སྒྲ་དབྱངས་ཤིག་གིས་ང་ནི་རང་ཉིད་ཀྱི་སྟེང་ལ་འཚིག་པ་ཟ་བའི་ནུས་པ་ཡང་མེད་པར་བཏང་བྱུང་།།
༢༠༢༡.༦.༣༠ ཉིན་རྨ་ཆུ་ནས་བྲིས།