ངུ་འབོད།

བཀྲ་ཤིས་ཚེ་རིང་།(ཀན་སུའུ་ཀྲུང་དབྱི་སློབ་ཆེན་བོད་ཀྱི་གསོ་རིག་སློབ་གླིང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-14


གཅིག
 རླངས་པ་མཆེད་པའི་ཁྲག་དྲོན་གྱིས་བར་སྣང་ཁམས་ལའང་ཁྲག་དྲི་བྲོ་བར་བྱས་ཏེ། དྲི་བཙོག་གིས་གཞན་ལ་སྐྱུགས་མེར་ལངས་པའི་ཚོར་བ་ཞིག་སྟེར། ཁྲག་གིས་གཡུ་མདོག་གི་སྤང་ལྗོངས་འདིའི་ཆ་ཤས་མཚལ་མདོག་ཏུ་བསྒྱུར་ཅིང་། ལུག་རོ་རྣམས་སྤྲང་བོའི་རྒྱབ་ཀྱི་ཤིག་དང་འདྲ་བར་སྐྱ་ཐེར་སེ་གང་སར་འགྱེལ་ནས་ཡོད། ལྷན་པ་མང་པོས་གཡོགས་པའི་བོད་ལྭ་གོན་པའི་གཞོན་ནུ་མ་ཞིག་ལུག་རོ་གཅིག་གི་འགྲམ་དུ་པུས་མོ་སར་བཙུགས་ཏེ་ངུ་འབོད་དང་སྨྲེ་སྔགས་འདོན་པ་དེ་སུས་གོ་ན་རྣར་གཟན་ཞིང་ཉན་མཁན་གྱི་སྙིང་ལ་གས་སྲུབས་དོད་པ་ལྟ་བུའི་ན་ཟུག་སྟེར་བར་བྱེད། 

འབྲོག་སྦྲ་ནག་ཅན་ལ་མཚོན་ན་སྒོ་ཟོག་རྟ་ནོར་ལུག་གསུམ་ནི་འཚོ་བའི་རྟེན་གཞི་གཙོ་བོ་ཡིན་ལ། ཁྱིམ་ཚང་འདིར་མཚོན་ན་སྒོ་ཟོག་ཏུ་ལུག་ལས་རྟ་ནོར་མེད་ཅིང་། ལུག་བཅུ་ཕྲག་ཁ་ཤས་ཡོད་པ་བུད་མེད་གཞོན་ནུ་མ་དེ་གཅིག་པུས་འཚོ་སྐྱོང་བྱེད་བཞིན་ཡོད། ཐེངས་འདིར་སྤྱང་ཀིས་དུད་ཁྱིམ་འདིའི་ལུག་ཁྱི་རྩ་མེད་བཏང་བ་ནི་ཁོ་ཚང་གི་འཚོ་བའི་རེ་ཐག་བཅད་པ་དང་འདྲ།

སྐྱེས་པ་ཞིག་གིས་སྐད་གསེང་མཐོན་པོས་བུད་མེད་དེར་དམོད་མོ་དང་གཤེ་གཤེ་གཏོང་བཞིན་འདུག་ཀྱང་། ཁོ་མོས་དེར་ཁ་ཡ་མི་བྱེད་པར་སྔར་བཞིན་ངུ་འབོད་དང་སྨྲེ་སྔགས་འདོན། སྐྱེ་པ་དེ་སྔར་ལས་ཁྲོས་ཏེ་ཁོ་མོའི་སྐྲ་ནས་བཟུང་སྟེ་འགྲམ་ལྕག་ཁ་ཤས་གཞུས་རྗེས་འཕྲུལ་རྟ་ཞོན་ནས་བུད་སོང་།

གཉིས།
 གཏམ་རྒྱུད་འདི་ནི་རིན་སྐྱིད་ཚང་གི་གཏམ་རྒྱུད་ཡིན་ལ། མོའི་ཨ་མས་ཁོ་མོར་རྒྱུན་དུ་བཤད་པའི་གཏམ་རྒྱུད་ཅིག་ཀྱང་ཡིན་པས། ཁོ་མོས་གཏམ་རྒྱུད་འདིའི་མགོ་རྟིང་བར་གསུམ་བློར་ཟིན་ཡོད། ངག་རྒྱུན་དུ་རང་ལ་ཆེས་ཆ་རྒྱུས་ཡོད་པ་ནི་བྱམས་ཀྱིས་བསྐྱངས་པའི་ཕ་མ་གཉིས་ཡིན་ཟེར་མོད། རིན་སྐྱིད་ལ་མཚོན་ན་ཨ་ཕ་ཞེས་པའི་མིང་ཚིག་འདི་ཕལ་ཆེར་རྒྱུས་མེད་ཅིག་ཡིན་པར་མ་ཟད། སེམས་ངོ་ཤེས་པ་ནས་ཁོ་མོས་ཨ་ཕ་ཞེས་འབོད་སའི་སྐྱེས་པ་ཞིག་མཐོང་མྱོང་མེད། 

དེའི་ཕྱིར་རིན་སྐྱིད་ཀྱིས་རང་ཉིད་ནི་མི་གཞན་དང་མི་འདྲ་སྙམ་ན་ཡང་། མི་མང་པོ་ཞིག་ལ་ཡོད་པའི་གོམས་གཤིས་ནི་སྔར་གྱི་འདས་ཟིན་པའི་བྱ་བར་ཕྱིར་དྲན་བྱ་རྒྱུར་དགའ་བ་དེ་ཡིན་པས། གོམས་གཤིས་འདིར་དགའ་བ་ནི་རིན་སྐྱིད་ཀྱང་མི་གཞན་དང་གཅིག་མཚུངས་ཡིན།

གསུམ།
 རིན་སྐྱིད་ཀྱི་དམའ་འབྲིང་སློབ་གསོའི་འཚོ་བ་ནི་མོའི་བཤད་སྟངས་ལྟར་ན་འགྱོད་སེམས་དང་སྐྱོ་གདུང་མེད་པའི་ལེའུ་ཞིག་ཡིན་ཟེར། 
དམའ་འབྲིང་གི་དགེ་རྒན་ཚོས་སློབ་མའི་རྒྱུགས་འབྲས་ཐོབ་སྐར་ལ་ཧ་ཅང་མཐོང་ཆེན་བྱེད་པས། དེ་དུས་རིན་སྐྱིད་ཀྱིས་རྒྱུགས་འབྲས་ཐོབ་སྐར་གྱིས་ཡོད་ཚད་མཚོན་ཐུབ་སྙམ་ནས། སློབ་སྦྱོང་ལ་ཧུར་བརྩོན་བྱས་ཏེ་དགེ་རྒན་གྱི་གཟེངས་བསྟོད་ཐོབ་ཅི་ཐུབ་བྱས་ཤིང་། མོས་ཀྱང་དགེ་རྒན་གྱི་གཟེངས་བསྟོད་འཐོབ་པར་དགེ་རྒན་གྱིས་རྒྱུགས་འབྲས་ཐོབ་སྐར་ལ་མཐོང་ཆེན་བྱེད་པ་ལྟར་མཐོང་ཆེན་བྱས། 
མོས་སེམས་གཏིང་ནས་བསམ་རྒྱུར། སློབ་སྦྱོང་གི་སྐར་གྲངས་ཀྱིས་ཡོད་ཚད་མཚོན་ཐུབ་སྙམ། དེ་ལྟར་ཡིན་ཡང་ལས་ཡིན་ཏེ། དེ་མིན་ན་དགེ་རྒན་དག་གིས་སློབ་མའི་སྦྱངས་འབྲས་དེ་སྐར་གྲངས་ལ་མཐོང་ཆེན་བྱེད་དོན་ཅི་ཡིན་སྙམ། མཐོ་རྒྱུགས་ནི་མི་ཚེའི་མདུན་ལམ་ཐག་གཅོད་བྱེད་པའི་རྒྱུགས་ཡིན་ཞེས་པའི་སྐད་ཆ་དེ་ཁོ་མོས་ཐེངས་མང་གོ་མྱོང་། དེའི་ཕྱིར། མོས་ཀྱང་སློབ་སྦྱོང་ལ་འབད་བརྩོན་ཆེན་པོ་བྱས་ཤིང་རྒྱུགས་འབྲས་ཐོབ་སྐར་མཐོན་པོ་ལེན་ཅི་ཐུབ་བྱས། སྐབས་དེ་དུས་དགེ་རྒན་རྣམས་ཀྱིས་ཆེས་རྒྱུན་པར་བཤད་རྒྱུའི་སྐད་ཆ་ཞིག་ནི་ཁྱོད་ཚོར་ད་ལྟ་དཀའ་སྣང་ཆེ་ན་ཡང་། སློབ་ཆེན་ལ་སོང་རྗེས་ད་ལྟ་བཞིན་ཕྱོགས་གང་ཐད་ནས་དཀའ་ལས་ཅི་ཡང་མེད་ཟེར།
རིན་སྐྱིད་ཀྱིས་དགེ་རྒན་ཚོས་གནང་བའི་བཀའ་སློབ་དེ་དག་ལ་ནོར་འཁྲུལ་ཅི་ཡང་མེད་ཅིང་། མ་འོངས་ལམ་སྟོན་གྱི་འོད་གསལ་སྒྲོན་མེ་ལྟ་བུ་ཁོ་ན་ཡིན་པར་སྒོམ་ནས་དེ་བཞིན་ལག་བསྟར་ཅི་ཐུབ་བྱེད། ད་རུང་ཡང་དགེ་རྒན་གྱིས་རང་རེའི་བོད་རིགས་བུད་མེད་འགའ་དྲ་སྟེང་གི་ཐད་གཏོང་ལ་མགོ་འཐོམས་ནས་ཡོད་ཅིང་། ཁ་ནས་ངོ་ཚ་མེད་པའི་འཆལ་གཏམ་གང་མང་སྨྲ་བར་མ་ཟད། གྲོགས་གཅེས་རྣམ་པ། ང་ལ་སྙིང་དམར་ཞིག་གནོན་རོགས། ང་ལ་མེ་ཏོག་ཅིག་བསྐུར་རོགས། ང་ལ་ལྦུ་ཆང་ཞིག་བསྐུར་རོགས། དེའི་མི་ཚད་ངའི་ཐད་གཏོང་ལ་དོ་ཁུར་བྱེད་མཁན་གྱི་མི་གྲངས་ཆིག་སྟོང་ལ་བུད་ན། དོ་དགོང་ངའི་འཚོ་བའི་ཕྱི་ནང་ཀུན་གྲོགས་རྣམས་པར་སྦ་གསང་མེད་པར་བཤད་ངེས་སོགས་དང་། ཡང་ན་ཐད་གཏོང་བྱེད་ཡུལ་ཕ་རོལ་བས་ཕམ་ན་དེའི་བཀའ་བཀོད་ལྟར་སྟོད་གོས་ཕྱི་མ་ནས་རིམ་བཞིན་ཕུད་པ་སོགས་ཁྲེལ་མེད་ཀྱི་བྱ་སྤྱོད་དག་སྤེལ་བཞིན་པ་ནི་མི་རིགས་དང་ཡུལ་མི། ཁྱིམ་ཚང་བཅས་ཀྱི་ཞབས་འདྲེན་རེད་ཟེར་བས། མོ་ཐད་གཏོང་གི་བྱ་བ་དེར་ཞེན་པ་གཏིང་ནས་ལོག

བཞི།

  སློབ་ཆེན་གྱི་འཚོ་བ་ནི་མཐོ་འབྲིང་དགེ་རྒན་ཚོའི་ངག་ན་སུ་དང་གང་གི་གནོན་ཤུགས་མེད་པའི་དགའ་བདེའི་དཔལ་ལ་རོལ་སའི་ཞིང་ཁམས་ཞིག་ཡིན་ཡང་། རིན་སྐྱིད་གསོ་རིག་སློབ་གླིང་དུ་སླེབས་པའི་ཉིན་དང་པོ་དེར་མིང་ཐོ་འགོད་ས་ནས་དཔེ་དེབ་བཞི་བཅུ་ལྷག་ཁོ་མོར་སྤྲད་ཅིང་། བསླབ་ཚན་འདི་དག་འབྱུང་འགྱུར་ལོ་བཞིའི་ཡུན་དུ་སློབ་དགོས་པའི་བསླབ་ཚན་དག་ཡིན། ད་རུང་ཟུར་ལྟའི་དཔེ་ཆ་རྣམས་རྗེས་སུ་སྤྲོ་ཟེར། 

རེད་ཡ། བསླབས་ཟིན་པའི་སློབ་ཚན་གང་ཞིག་རྒྱུགས་མ་འཕྲོད་པའམ། མཐར་ཕྱིན་སྐབས་སློབ་སྐར་བཞི་བཅུ་མ་འདང་ན་མཐར་ཕྱིན་དཔང་ཡིག་རག་མི་ཐུབ། ཡང་ཅིག་བཤད་ན་སློབ་སྦྱོང་ཁོ་ནར་བརྟེན་ན་སློབ་སྐར་བཞི་བཅུ་འདང་རྒྱུ་དཔེ་མི་སྲིད་པས། རིན་སྐྱིད་ཀྱིས་དཔལ་ལྡན་རྒྱུད་བཞི་བློར་འཛིན་བྱས་པ་དང་ལྷན་དུ་སློབ་གྲྭའི་བྱ་འགུལ་ཆེ་མ་ཆུང་གསུམ་ལ་ཞུགས་ཏེ་སློབ་སྐར་ཐོབ་གང་ཐུབ་བྱས། ཁོ་མོས་སྔོན་ཆད་ཨ་མས་དེང་སྐབས་སྒོར་མོ་འཚོལ་དཀའ་རབ་དཀའ་ཚུལ་བཤད་པ་དེ་ཡིད་ལ་དྲན་ཞིང་། ཨ་མས་སྒོར་མོ་འཚོལ་དཀའ་ཟེར་བ་དེ་ཡང་སློབ་ཆེན་ནས་སློབ་སྐར་འཚོལ་བ་དང་གཉིས་སུ་མེད་པར་བསམ། ཁོ་མོ་བྱ་འགུལ་རེར་ཞུགས་ན་སློབ་དུས་གཅིག་གཉིས་ཙམ་དང་། ཆེས་མང་ན་སློབ་དུས་གསུམ་ལས་མེད་ཅིང་། དེ་ལྟར་བསགས་པའི་སློབ་དུས་བཞི་བཅུ་ནི་སློབ་སྐར་གཅིག་ཡིན། རིན་སྐྱིད་ཀྱིས་སློབ་སྐབས་རེར་ལེན་ཐུབ་པའི་སློབ་དུས་རྣམས་ཁྲག་གསོག་རྣག་གསོག་བྱས་ན་སློབ་དུས་འདང་ཙམ་ལས་ལྷག་མ་ལེན་མི་ཐུབ།

སློབ་ཆེན་ལོ་རིམ་དང་པོའི་ལོ་དེ་ནི། རིན་སྐྱིད་ཀྱིས་སློབ་ཆེན་འཚོ་བ་ནི་དེ་སྔོན་དགེ་རྒན་གྱིས་བཤད་པ་ལྟར་ཟ་དགའ་ཉལ་སྐྱིད་བྱས་ནས་བསྡད་ཆོག་པའི་འཚོ་བའི་གྲུ་ག་ཞིག་མིན་པ་ཚོར་བྱུང་།

ལྔ།
 གྲང་རླུང་འུར་འུར་དུ་ལྡིང་ཞིང་། བཙག་བསེར་གདོང་ལ་ཕོག་ན་དཔྲལ་བ་ནས་ན་ཟུག་འབྱུང་། ད་རུང་གནམ་ལངས་མེད་པར་མཁའ་རུ་སྤྲིན་ནག་རིམ་པ་མཐུག་པོ་ཞིག་འཐིབས་ནས་ཟླ་བ་དང་སྐར་ཚོམས་སོགས་ཡོངས་སུ་བསྒྲིབས་ཤིང་མདུན་ནས་སུ་ཞིག་གིས་མིག་ནང་མཛུབ་མོ་བཙུགས་ན་མི་རིག་པའི་ཚད་ཙམ་ཡིན། ལམ་འགྲམ་གྱི་གློག་སྒྲོན་ལས་གསལ་ལ་མི་གསལ་བའི་འོད་སྣང་ཙམ་ཤར་བ་དེ་ནི་ཤི་ལ་ཁད་ཀྱི་མི་ཤིག་དབུགས་ཧལ་ཧལ་བྱེད་པའི་དབུགས་རྒྱུན་གྱི་ཤུགས་དང་གཉིས་སུ་མེད། གསལ་ལ་མི་གསལ་བའི་གློག་འོད་འདི་ནི་འཇིག་རྟེན་ཡོངས་ཁྱུར་མིད་བྱེད་ཐུབ་པའི་མུན་ནག་འདིའི་མདུན་ནས་ཧ་ཅང་ཉམ་ཆུང་དུ་སྣང་ཞིང་། རྒྱ་མཚོའི་ནང་གི་ལོ་མ་གཅིག་དང་མཚུངས།
མུན་ནག་འདིའི་ཁྲོད་བུད་མེད་ཅིག་འཐེང་འགྲོས་ཀྱིས་འགྲོ་བཞིན་འདུག བུད་མེད་དེས་སྐེ་དཀྲིས་མཐུག་པོ་ཞིག་གིས་གདོང་དཀྲིས་ནས་མིག་གཉིས་མ་གཏོགས་མི་མཐོང་། ལུས་ལ་བོད་ལྭ་གོན་ཡོད་ན་ཡང་དེའི་སྟེང་སྟོད་གོས་སེར་པོ་འོད་འཕྲོ་བ་ཞིག་གོན་ཞིང་། བལྟས་ཚོད་ཀྱིས་མིག་ལམ་དུ་ཅུང་མི་བདེ་བའི་ཚོར་སྣང་ཞིག་སྟེར། ཁོ་མོའི་ལག་ཏུ་ད་རུང་མོའི་གཟུགས་ལས་རིང་བའི་སྨྱུག་མའི་ཕྱགས་མ་ཞིག་ཀྱང་བཟུང་ཡོད།
ཅང་མ་འགོར་བར་ཁོ་མོའི་ཆ་ལུགས་དང་གཉིས་སུ་མ་མཆིས་པའི་བུད་མེད་ཅིག་ཀྱང་སླེབས་ཤིང་། ཁོ་གཉིས་ཀྱིས་ཕན་ཚུན་མཐོང་ཕྲལ་འཚམས་འདྲིའི་ཚུལ་དུ་མགོ་ལྡེམ་ལྡེམ་ཙམ་བྱེད། དེ་ནས་བུད་མེད་གཅིག་གིས་རུམ་ནས་ཇ་ཕོར་ཞིག་བླངས་ཏེ་ལག་པ་གཉིས་ཀྱིས་དམ་པོར་བསྡམས་ཤིང་གྲང་ཤུམ་བྱེད་བཞིན་ཆུ་ཚན་ཁམ་གང་འཐུང་ཞིང་། ཕ་རོལ་བའི་གམ་དུ་སོང་ནས་ཞོགས་པ་བདེ་ལེགས་ཞེས་པར། ཕྱིར་ལན་དུ་ཡང་ཨ་མ་བདེ་སྐྱིད་ལགས། ཞོགས་པ་བདེ་ལེགས། ཉེ་ལམ་འཚོ་བ་སྐྱིད་པོ་ཡིན་ནམ་ཞེས་པར། ཨེ། སྐྱིད་རྒྱུ་མེད་ལ་སྡུག་རྒྱུ་ཡང་མེད། རྒྱལ་ཁབ་དྲིན་ཆེན་པོས་ང་དང་ང་འདྲ་བའི་བོད་རིགས་མང་པོ་ཞིག་ལ་འཚོ་རྟེན་དུ་རྒྱ་ལམ་ཕྱགས་མཁན་དང་ལས་ཁུངས་ཀྱི་སྒོ་སྲུང་སོགས་ཀྱི་ལས་གནས་འདི་འདྲ་བཀོད་སྒྲིག་བྱེད་བཞིན་པས། ཕྱེ་རྩམ་ཟ་རྒྱུར་དཀའ་ཁག་མི་འདུག་ཅེས་ལན་བཏབ། དེ་ནས་ཕ་རོལ་བས་སྐད་ཆ་ཅི་ཡང་བཤད་མ་སོང་།

དྲུག
 སློབ་ཆེན་གྱི་ལོ་ངོ་ལྔ་བོར་རིན་སྐྱིད་ཀྱིས་སྙན་ངག་མང་པོ་བྲིས་ཏེ་ཚགས་པར་དང་དུས་དེབ་སོགས་ཀྱི་སྟེང་བསྐུར་ཡང་དེ་ལས་གཅིག་ཀྱང་འགོད་མ་ཐུབ། མོའི་མཐོ་འབྲིང་གི་བོད་ཡིག་དགེ་རྒན་གྱིས་དེ་སྔོན་ཁོ་མོར་དུས་རྒྱུན་ཁྱེད་ཀྱིས་བྲིས་པའི་སྙན་ངག་རྣམས་ཉེ་རབས་རང་རེའི་བོད་པ་རྣམས་འཁྱོག་ལམ་དུ་འགྲོ་བཞིན་པའི་རབ་རིབ་སྙན་ངག་ཟེར་བ་དེ་ཡིན་པས། སློབ་སྦྱོང་ཡག་པོ་བྱེད་པ་ལས་སྙན་ངག་དེ་རིགས་བྲིས་ན་སྙིང་བོ་ཅི་ཡང་མེད་ཅེས་གསུངས་མོད། སྤྱིར་ན་ཁོ་མོ་ནི་དགེ་རྒན་གྱི་ཅི་གསུངས་བཀའ་བཞིན་བརྩི་མཁན་ཞིག་ཡིན་ཡང་། སྙན་ངག་མ་འབྲི་ཟེར་བའི་བཀའ་སློབ་དེ་གཅིག་པུ་རྣ་འགྲམ་གྱི་རླུང་བཞིན་སྣང་མེད་བཞག དང་ཐོག་རིན་སྐྱིད་སྙན་ངག་འབྲི་རྒྱུར་དེ་བཞིན་དགའ་བོ་མེད་ཀྱང་། ཁོ་མོའི་གྲོགས་པོ་ཞིག་གིས་ནམ་རྒྱུན་སྙན་ངག་ནི་འགྲོ་བ་མིའི་ཡིད་སེམས་གསོ་བའི་བདུད་རྩི་ཡིན་པ་དང་། ང་ཚོ་འཇིག་རྟེན་འདིར་འཚོ་ཞིང་བཞེས་པའི་མི་ཞིག་ལ་མཚོན་ན་ལུས་ལ་ན་ཚ་མེད་ཅིང་ལྟོ་རྒྱབ་དྲོ་བ་ཙམ་གྱིས་མི་ཆོག་པར། ནང་སེམས་ཀྱི་འདུ་ཤེས་ལ་དགའ་བདེའི་ལོངས་སུ་སྤྱོད་པའི་ཁོར་ཡུག་ཅིག་དགོས། ཁོར་ཡུག་དེ་ནི་སྙན་ངག་ཁོ་ནས་བསྐྲུན་ཐུབ་པ་དང་། རང་ཅག་བོད་པའི་ཡུལ་ན་སྙན་ངག་ལ་མོས་པའི་དཔུང་སྡེ་ཆེན་པོ་ཞིག་གྲུབ་ཡོད་པ་ཡང་རྒྱུ་མཚན་དེ་ཡིན་སོགས་མང་པོ་བརྗོད། རིན་སྐྱིད་ཀྱི་བསམ་པར། སྙན་ངག་བྲིས་ན་བཟང་མིན་མི་ཤེས་ཀྱང་། བོད་ཁམས་ཡོངས་ན་སྙན་ངག་འབྲི་མཁན་མང་བ་བདེན་པ་ཡིན་པར་མ་ཟད། ཁོ་མོའི་ལོ་རིམ་ནང་དུ་ཡང་སྙན་ངག་འབྲི་མཁན་གྱི་སློབ་མ་ལྔ་མཆིས་ཤིང་། དེ་དག་ལས་མི་གཅིག་གིས་རང་གིས་བྲིས་པའི་སྙན་ངག་དེབ་གཅིག་ཀྱང་དཔེ་སྐྲུན་བྱས་ཡོད་པས། ལས་ཀ་འདི་རང་ཉིད་ཀྱི་དགའ་ཕྱོགས་སུ་ཉར་ན་མི་འགྲིག་རྒྱུ་མེད་བསམ། མོས་སློབ་གྲོགས་དེའི་སྙན་དེབ་ཀྱང་མགོ་ནས་མཇུག་བར་ཀློག་པར་མ་ཟད། དེར་འཁོད་པའི་སྙན་ངག་ཚང་མ་ནི་གོ་དཀའ་ཞིང་རབ་རིབ་ཡིན་པས་གོ་བ་རྣལ་མ་ཞིག་མ་ལོན་ཡང་ཚིག་ལ་དགའ་བོ་ཆེན་པོ་ཆགས། དེའི་ཁྲོད་ཀྱི་ཐོར་ཞིག་གི་མཁར་གྲོང་ཞེས་པའི་སྙན་ངག་དེ་ནི་རིན་སྐྱིད་ཀྱི་ཆེས་བློར་འབབ་པ་ཡིན། མོས་ཐེངས་ཤིག་རྩོམ་པ་པོར་ཐོར་ཤིག་གི་མཁར་གྲོང་ཞེས་པ་དེའི་བསམ་བློའི་སྙིང་བོ་ཅི་ཡིན། ཐོར་ཤིག་གི་མཁར་གྲོང་ཞེས་པའི་མཚོན་བྱ་གང་ཞིག་མཚོན། ད་རུང་དེ་ལས་བསམ་བློའི་བརྩེ་དུང་ཅི་ལྟར་མཚོན་ཡོད་སོགས་དྲིས་པར། རྩོམ་པ་པོའི་གདོང་བ་དམར་པོར་གྱུར་ནས་ཁོ་མོར་ལན་ཅི་ཡང་མ་བཏབ། རིན་སྐྱིད་ཀྱིས་སྙན་ངག་པ་གང་མང་ཞིག་ལ་སུས་ཀྱང་དཔག་དཀའ་བའི་བསམ་བློའི་འཆར་སོ་རེ་ཡོད་པར་བཤད་པས། སློབ་གྲོགས་འདིའི་སྙན་ངག་ཀྱང་དེ་བཞིན་ཡིན་པར་མ་ཟད། ཐོལ་བྱུང་ངམ་དུས་ཡུན་ཐུང་ངུའི་ནང་གཞན་བློར་འབབ་ཐུབ་པའི་འགྲེལ་བརྗོད་ཁག་པ་ཡིན་པར་བསམ།
མི་ལོ་བཅུ་དགུར་སློབ་གྲྭ་འགྲིམ་རྗེས་རིན་སྐྱིད་སློབ་ཆེན་ནས་སློབ་མཐར་ཕྱིན་ཞིང་སློབ་འབྲིང་ཞིག་གི་སྨན་ཁང་དུ་སྨན་པ་བྱེད་པར་སོང་། དང་ཐོག་སྨན་པ་རྒན་པ་དེས་བལྟ་རེག་དྲི་གསུམ་གྱིས་ནད་པའི་ནད་གཞིར་བརྟག་པ་དང་། དེར་གཉེན་པོའི་སྨན་སྟེར་བ་སོགས་རིན་སྐྱིད་ལ་སློབ་སྟོན་དང་རོགས་རམ་བྱེད་དུ་བཅུག དེ་རུ་ཁོ་མོར་ཟླ་ཕོགས་ཆིག་སྟོང་ལྔ་བརྒྱ་ལས་མེད་ཀྱང་། རང་ཉིད་སྨན་པ་ཞིག་ལ་ཆགས་སོང་སྙམ་ནས་དགའ་ཚོར་ཆེན་པོ་བྱུང་། འོན་ཀྱང་ཟླ་བ་གཉིས་ཙམ་གྱི་རྗེས་སུ་མོ་དང་རབས་གཅིག་པའི་སློབ་མ་ཕོ་ཞིག་ཀྱང་སློབ་གྲྭ་འདིའི་སྨན་ཁང་དུ་ཟབ་སྦྱོང་བྱེད་པར་ཡོང་། ཉིན་དེ་ནས་བཟུང་སྨན་པ་རྒན་པས་ནད་པའི་ནད་གཞིར་བརྟག་ཅིང་སྨན་སྤྲད་པ་སོགས་རོགས་རམ་བྱེད་དགོས་པ་ཚང་མ་ཟབ་སྦྱོང་སློབ་མ་དེར་བཅོལ་ཞིང་། རིམ་བཞིན་ཁོ་མོར་བྱ་བ་ཅི་ཡང་བསྒྲུབ་རྒྱུ་མེད་པར་སྡོད་དུ་བཅུག ཁོ་མོས་སྨན་པ་རྒན་པ་དེར་ངས་ཀྱང་སྔོན་བཞིན་སྨན་སྟེར་བ་སོགས་རྒན་ལགས་ལ་རོགས་རམ་བྱེད་ཐུབ་པས་དེ་བཞིན་བྱེད་དུ་འཇུག་རོགས་ཞེས་བཤད་པར། སྨན་པ་རྒན་པས་བུ་མོ་འགྲོ་ས་གནས་ཡིན་ཟེར་བས། ཁྱོད་རང་ལོ་ཉི་ཤུ་བརྒལ་ཡང་ད་རུང་གནས་ལ་མི་འགྲོ་བར་འདིར་ཉི་མ་འཁྱོལ་ཐབས་བྱས་ནས་ཅི་བྱེད། བུད་མེད་ཅིག་གིས་སྨན་པ་བྱེད་འདོད་ཀྱང་དེ་གཏན་ནས་ཡོང་གི་མ་རེད་ཟེར། དེ་ནས་ཉིན་ཤས་རྗེས་སྨན་པ་རྒན་པ་དེས་རིན་སྐྱིད་ཀྱིས་གོ་ཅི་ཡང་མི་ཆོད་ཟེར་ནས་ཕྱིར་ཕུད།
རིན་སྐྱིད་ལ་ལས་ཤོར་གྱི་དཀའ་ངལ་འཕྲད་བྱུང་། མོའི་གྲོགས་པོས་ཤེས་རྗེས་རིན་སྐྱིད་ལ་སྒོར་མོ་འཚོལ་བའི་ཐབས་ཤེས་ཤིག་བཤད།

བདུན།
 མགྱོགས་འཕྲིན་སྟེགས་བུ་བཀའ་དྲིན་ཆེ། མགྱོགས་འཕྲིན་དབང་འཛིན་པ་བཀའ་དྲིན་ཆེ། མགྱོགས་འཕྲིན་མ་ལག་གིས་ང་ཚོར་བསྐྲུན་པའི་གར་སྟེགས་འདི་བཀའ་དྲིན་ཆེ་ཞེས་རིན་སྐྱིད་ཀྱིས་ཁ་ལ་བྱང་བའི་ཚིག་འདི་དག་འཛུམ་གྱིས་བཤད། མོས་ཁ་མུར་མུར་ཙམ་བྱས་ནས་དྲོད་ཚད་མེད་པའི་ཁ་པར་གྱི་འཆར་ངོས་ལ་བལྟས་ནས་དེ་རིང་ནི་ངེས་པར་དུ་སྐལ་བཟང་མེ་ཏོག་ཟེར་བའི་གདོན་མོ་དེརpkབྱེད་དུས་རྒྱལ་དགོས། ཡ་ཡ། གྲོགས་པོ་ཚོ། བཟའ་མི་ཚོ། མཚོ་གྲུ་རེ་ང་ལ་འཚམ་རྟགས་བསྐུར་རོགས། བཀའ་དྲིན་ཆེ་ཞེས་བཤད།
ཨ་མ་སྒྲོལ་མ་ཁྱིམ་ལ་སླེབས་ནས་སྒོ་ཕྱེ་མ་ཐག་རིན་སྐྱིད་ཀྱིས་ཐད་གཏོང་བྱེད་བཞིན་པ་དེ་མཐོང་། མོ་ཧ་ལས་ནས་རྒྱ་ལམ་ཕྱགས་སྤྱད་ཀྱི་ཕྱགས་མ་དེ་ལག་ནས་སར་ལྷུང་།
སྐབས་འདིར། གནམ་ལ་ཤོག་སྦག་བརྒྱབ་པའི་འོད་འཕྲོས་ཤིང་ཤོག་སྦག་བཀད་པའི་སྒྲ་ཡང་རྒྱུན་ཆད་མེད་པར་གྲགས། གནམ་ནས་ཤོག་སྦག་ལས་འཕྲོས་པའི་རི་མོ་དེའི་འོད་སྣང་རྣམ་པར་བཀྲ་ལ། བལྟས་ཚོད་ཀྱིས་མི་ཞིག་དགོད་བཞིན་པ་དང་འདྲ་ལ། མི་ཞིག་ངུ་བཞིན་པ་དང་ཡང་འདྲ། 
དེ་ནི་མི་གཞན་གྱིས་ལོ་སར་རོལ་བཞིན་པའི་ཚུལ་རེད།།

  ༢༠༢༡ལོའི་ཟླ༥བའི་ཚེས༢༨ལ།


རྩོམ་ཡིག་སྔོན་མ།
ཅི་བྱ་གཏོལ་མེད།
རྩོམ་ཡིག་རྗེས་མ།
ཅོ་ནེའི་ལེའུ ། ( གཞན་གཅིག )

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1