ཅོ་ནེའི་ལེའུ ། ( གཞན་གཅིག )
ཆས་པ་རྟ་མགྲིན་ཚེ་རིང་།(གཙོས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-14
ཐུ་བྷོད་བཙན་པོའི་ལོ་རྒྱུས་རྒྱན་པའི་སྔར་སོང་བྱུང་རབས་འོད་འཕྲོ་བ།།
ཅོ་ནེ་དཔོན་དང་ཅོ་ནེ་དགོན་ཆེན་ཅོ་ནེ་བཀའ་འགྱུར་བསྟན་འགྱུར་ཞེས།།
སྙན་པའི་གྲགས་པས་ས་ཆེན་རབ་གཡོས་གངས་ལྗོངས་ཆོས་སྲིད་དར་བོ་ཆེ།།
མཐོ་རུ་འདེགས་ཤིང་མཐའ་མཚམས་སྲུང་མཛད་ཤར་གྱི་གྱད་མི་ཅོ་ནེ་བ།།
རིང་ཡང་རིང་ལ་ཐུང་ཡང་ཐུང་བའི་ང་ཚོར་ཉེ་བཅར་ལོ་རྒྱུས་ཏེ།།
དཔོན་རབས་ཉི་ཤུའི་རྟོགས་པ་བརྗོད་པའི་གཏམ་རྒྱུད་ཡང་ཡང་བཀླགས་ཤིང་བསམ།།
ཡོངས་འདུའི་ཁབ་ཀྱི་རྒྱལ་ཕམ་ཆེན་པོའི་རྗེས་ཤུལ་ཡང་བསྐྱར་འཚོལ་ཉུལ་བགྱིས།།
གསལ་ལ་མི་གསལ་གཟུགས་བརྙན་མང་པོ་དེང་འདིར་རྒྱང་ནས་རྒྱང་དུ་ཡལ།།
མག་མོག་རབ་རིབ་འདས་སོང་དེ་ཡིས་མི་རྣམས་དྲན་པ་ཡང་ཡང་སློང་།།
གནམ་སའི་ཕྱེད་ཀ་ཁ་ལོ་བསྒྱུར་པའི་དཔོན་རབས་ཤིག་གི་ཆགས་འཇིག་ལས།།
འཇིག་རྟེན་དར་རྒུད་རེས་སུ་འཁོར་བའི་ལྡོག་མེད་ཆོས་ཉིད་རྟོགས་བགྱིས་ཤིང་།།
གཅིག་ཚབ་གཅིག་བགྱིད་ཡོད་ཚད་འགྱུར་བའི་མི་རྟག་སྒྱུ་མའི་གཟུགས་བརྙན་མཐོང་།།
དུས་རབས་གསར་བའི་མདུན་སྐྱོད་ལམ་ཁར་རྒྱལ་ཁའི་གྲུབ་འབྲས་ལྷམ་མེར་བ།།
སྔོ་ལྗང་རི་ཀླུང་དྭངས་གཙང་ཆུ་བོ་ཚང་ཚིང་ནགས་ཚལ་ཡིད་གར་འོང་།།
སྟོད་ན་འབྲོག་སྡེ་སྨད་ན་རོང་སྡེ་བར་ན་ཆོས་སྡེ་ཁྲ་ཆིལ་ལེར།།
གྲོང་དང་གྲོང་རྡལ་འཛུགས་སྐྲུན་ཆེན་པོས་འཚོ་བ་གསར་བའི་འཕོ་འགྱུར་མངོན།།
ཐེ་བོའི་ལེའུ།
ས་གཞིའི་བརྟེན་ཕུར་ནམ་མཁའ་མཐོར་འདེགས་ཐེ་བརྒྱུད་རྫ་བྲག་ལྷུན་པོའི་ཕྲེང་།།
དཔུང་གྲལ་བསྒྲིགས་པའི་མཐའ་སྲུང་དཔའ་བོས་རྒྱལ་ཁའི་རུ་དར་བསྒྲེངས་པ་བཞིན།།
ཉི་འོད་མི་རེག་བསེར་བུ་འཛུལ་དཀའི་འགག་འཕྲང་དོག་མོས་མཐའ་བསྐོར་བ།།
བཙན་འཛུལ་ཇག་ཚོགས་གདོང་བ་འགོག་ལ་བསམ་བཞིན་འཐབ་ར་བསྐྲུན་མིན་ནམ།།
ཁྱ་མ་ཁྱོག་གི་འབྲུག་དཀར་གཙང་བོ་མཁའ་ནས་བབས་པའི་གཡུ་འབྲུག་གམ།།
ཐུར་ལས་ཤོར་བའི་རྟ་མཆོག་རྒོད་པོས་རྨིག་བཞིས་ས་ཆེན་གཅོག་གམ་ཅི།།
སྐྱེ་དངོས་ཀུན་འདུས་ཚང་ཚིང་འཁྲིགས་པས་རྫ་རི་སྟུག་པོར་གཡོགས་བགྱིས་པ།།
ནོར་འཛིན་བུ་མོ་གཅེར་བུར་དོག་ནས་བསམ་བཞིན་གོས་ཆེན་བཀླུབས་མིན་ནམ།།
གནམ་ལ་ཟུག་པའི་བྲག་རྫོང་སྟུག་པོ་གདོད་ནས་ཡུལ་གྱི་བསྐལ་བར་གྲུབ།།
ཡ་ཐོག་ནས་བརྒྱུད་སྐད་རིགས་གོམས་སྲོལ་མ་ཉམས་མི་ཉམས་དུས་མཐར་སྤེལ།།
ཁོ་བོ་ཅག་ནི་ཐུ་བྷོད་བཙན་པོའི་མཐའ་མཚམས་སྲུང་བའི་དམག་རུ་ཞེས།།
མཆེད་ཁུངས་བརྗེད་མེད་མི་བཤིག་སྙིང་སྟོབས་རྡོ་རྗེ་བྲག་རིར་གཏད་ཅིང་བཅོལ།།
ནང་ཟྭ་བརྒྱབ་པའི་བྲག་སྒམ་ནང་གི་སྒོ་མོ་དུས་ཀྱི་འགྱུར་བས་ཕྱེ།།
མཁའ་ནས་བབས་ཤིང་ས་ནས་འཛུལ་བའི་གླིང་བཞིའི་མགྲོན་པོ་ཤིག་ཤིག་འཚང་།།
སྲུང་སྐྱོབ་དང་ནི་གཏོར་བཤིག་ཆེན་པོ་ཕན་ཚུན་གདོང་གཏད་འགྲན་རྩོད་ཁྲོད།།
རང་བྱུང་ལྷུན་གྲུབ་གདོད་མའི་བཀོད་པ་འཚོལ་འདོད་མི་རྣམས་ངལ་བས་དུབ།།
༢༠༢༡.༦.༦